སྲིད་གཞུང་གི་ལས་དོན་སྙན་སྒྲོན།
ཟླ་1ཚེས་10ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་འཐུས་མི་རྣམ་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་སྦྲགས། སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་འཐུས་མི་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
2016ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།
2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཚུགས་པའི་ལོ་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་དགོངས་པ་དང་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་ཀའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་གོང་འཕེལ་གྱི་བསམ་གཞི་གསར་པ་བརྟན་པོར་བཙུགས་ཐོག “663”གོང་འཕེལ་གྱི་བསམ་གཞི་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་བྱུང་བ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་འགོ་ཡག་པོ་ཚུགས་ཐུབ་ཡོད།2016ལོར་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1148ཟིན་ནས་11.5%འཕར་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་1610ལེགས་གྲུབ་བྱུང་ནས་20%འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་457ཟིན་ནས་12%འཕར་རྒྱུ། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་206ཟིན་ནས་17.4%འཕར་རྒྱུ། གཏོང་སྒོ་སྒོར་དུང་ཕྱུར་1600ཟིན་པ་དེ་13.4%འཕར་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་27875ཟིན་ནས་10%འཕར་རྒྱུ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་9316ཟིན་ནས་13%འཕར་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་2.4%ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་2.6%ནང་ཚུད་དུ་ཚོད་འཛིན་ཐུབ་རྒྱུ་བཅས་ཡིན་པས་དམིགས་ཚད་ལས་འགན་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
གཅིག རྨང་གཞི་གཉིས་མངོན་ཆེར་བཟུང་ཞིང་། ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དེ་དུས་མཚམས་གསར་པར་སླེབས་ཡོད།
ཞིང་འབྲོག་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ། ཞིང་སྐྱོར་ཞིང་འཕེལ་ཞིང་ཕན་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ“ཞིང་གསུམ་”ལ་གཏོང་སྒོ་དང་ཚན་རྩལ་ཁྱབ་གདལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཞིང་སྐྱོར་གཏོང་སྒོ་དེ་2012ལོ་དང་བསྡུར་ན་53%འཕར་ཡོད་པ་དང་། ཞིང་འབྲོག་ལས་ཐོན་འཕར་ནུས་འཕར་འབབ་འཕར་བཅས་བྱུང་ཡོད། “བོད་ནས་2000རྟགས་ཅན”སོགས་ཞིང་ལས་ལོ་ཏོག་གི་སྣ་རིགས་གསར་གྲས་མུའུ་ཁྲི་177ཁྱབ་གདལ་བཏང་བ་དང་། ཕྱུགས་རིགས་རྒྱུད་བཟང་མགོ་གྲངས་ཁྲི་39.7རྒྱུད་སྤེལ་བྱས་ཡོད། འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་102.7ཟིན་པ་དང་། ཚལ་རིགས་ཐོན་འབོར་ཀྲོན་ཁྲི་87.3ཟིན་པ། ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཀྲོན་ཁྲི་68.3ཟིན་ཡོད།
ཞིང་འབྲོག་པའི་ཆེད་ལས་མཉམ་གཉེར་རྩ་འཛུགས་ཁག་6076ཟིན་པ་དེ་34.9%འཕར་བ་དང་། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་33.3ཟིན་པ་དེ་47.4%འཕར་ཡོད། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་42%ཟིན་ནས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་དེང་རབས་ཀྱི་ཞིང་འབྲོག་ལས་གོང་འཕེལ་གཏོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འགག་སྒྲོལ་ཆེན་པོ་བྱུང་བ། གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ཅིང་། སྨན་གླིང་ནས་བྲག་ཡིབ་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པ་དང་། ལྷ་ས་ནས་ཉིང་ཁྲི་བར་དང་། གཞིས་རྩེ་གནམ་ཐང་ནས་བསམ་གྲུབ་རྩེ་ཆུད་བར།
གོང་དཀར་གནམ་ཐང་ནས་རྩེད་ཐང་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ཟིན་གྲབས་ཡོད་པ། ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་གཞུང་ལམ་རྩ་བའི་ཆར་བསྐྲུན་ཟིན་པ་བཅས་སྐྲུན་བཞིན་པ་དང་བསྐྲུན་ཟིན་པའི་རིམ་མཐོའི་གཞུང་ལམ་སྤྱི་ལེ་739ཟིན་པ་དང་། འཁོར་རིགས་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་8.25ཟིན་ཡོད། 2013ལོ་ཚུན་དུ་སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་896བཏང་བ་དང་གཞུང་ལམ་སྤྱི་ལེ་ཁྲི་1.7གསར་བཟོ་བྱས་ཡོད། ལྷ་གཞིས་ལྕགས་ལམ་འཁོར་སྐྱོད་བཟང་པོ་བྱུང་བ་དང་། ལྷ་ཉིང་ལྕགས་ལམ་བཟོ་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་107བཏང་ཟིན་ཡོད། རྒྱལ་ཕྱི་རྒྱལ་ནང་གི་མཁའ་ལམ་71ཟིན་པ་དང་། མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་41ཟིན་ཡོད་པས་ཕྱོགས་མཐའ་ཀུན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་རྩ་བའི་ཆར་གྲུབ་ཟིན་ནས་མང་ཚོགས་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་སོང་བ་དང་ཚོང་དོན་འཁོར་རྒྱུག་དེ་བས་མགྱོགས་སུ་སོང་ཡོད། རྫམ་དང་། རྡོ་ཕུར། གོ་དོག་བཅས་ཀྱི་གློག་ཁང་དང་ཕུ་མདོ་ཆུ་བེད་ལྟེ་གནས་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་ལས་གྲྭའི་ཆུ་བཀག་སྔ་བསྣུར་དུ་ལེགས་འགྲུབ་བྱུང་ཡོད། གློག་འདོན་འཕྲུལ་ཤུགས་སྤྱི་འབོར་ཆན་ཝ་ཁྲི་265ཟིན་པ་དེ་ལོ་བཞིའི་རིང་ལྡབ་1.3འཕར་ཡོད། ཁྲོན་བོད་གློག་དྲའི་དྲ་སྦྲེལ་ལས་གཞི་ལེགས་འགྲུབ་ཟིན་ཡོད། ཕྱིར་འདྲེན་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་8.24ཟིན་པ་དང་ལྡབ་1.5འཕར་ཞིང་། ཕྱིར་འདྲེན་གློག་ཤུགས་ཁེར་གཙང་ཆན་ཝ་ཆུ་ཚོད་དུང་ཕྱུར་2ཐོག་མར་ཟིན་ཡོད། སྲིད་འཛིན་གྲོང་ཚོར་སྒུལ་འཕྲིན་བརྡ་རྟགས་ཆ་ཚང་ཁེབས་པ་དང་། དྲ་ཆེན་ཁྱབ་ཚད་83.8%ཟིན་ཡོད། ལྷ་སའི་ཀྲུང་དབྱང་རིམ་པའི་གེགས་འགོག་དངོས་ཟོག་གྲབས་མཛོད་བསྐྲུན་ཟིན་ནས་ལྗོངས་ཡོངས་ཀྱི་གནོད་འགོག་གེགས་སེལ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་23ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཡོད། ལོ་བཞིའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་5000ལེགས་འགྲུབ་ཟིན་ནས་གོང་འཕེལ་གཏོང་བར་ཡུན་རིང་ཚོད་འཛིན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་གཅུར་འགག་ཆེན་པོ་ནུས་ལྡན་སེལ་བཀྲོལ་ཐུབ་པ་བྱུང་བ་དང་ཕྱོགས་བསྡུས་འགན་སྲུང་བྱེད་ནུས་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད།
གཉིས། གཙོ་གནད་གཉིས་མངོན་ཆེར་བཟུང་ཞིང་། ཁྱད་ལྡན་ཐོན་ལས་དང་འབྱུང་ཁམས་ཤེས་དཔལ་ལྡན་པ་བྱེད་རྒྱུར་འཕེལ་ངོ་གསར་པ་ཐོན་ཡོད།
ཁྱད་ལྡན་དགེ་མཚན་ཆེ་བའི་ཐོན་ལས་གོང་འཕེལ་གང་མགྱོགས་བཏང་བ། ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཞིང་། ཞིང་ཕྱུགས་ཐོན་རྫས་རིགས་21ལ་རྒྱལ་སྤྱི་རྒྱལ་ནང་གི་གསེར་གྱི་བྱ་དགའ་ཐོབ་ཡོད། རང་བྱུང་འཐུང་ཆུའི་ཚོང་འབོར་ཀྲོན་ཁྲི་60ལྷག་ཙམ་ཟིན་པ་དེ་41%འཕར་ཞིང་། “5100”སོགས་གྲགས་རྟགས་གཏེར་ཆུ་གང་མང་ཞིག་ལ་རྒྱལ་སྤྱིའི་གསེར་གྱི་བྱ་དགའ་ཐོབ་པས“བོད་ཀྱི་ཆུ་བཟང”དེ་རྒྱལ་ཡོངས་སུ་ཚོང་འགྲེམས་ཐུབ་ཡོད། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཐོ་གསར་ཁུལ། ཡུལ་སྐོར་རིག་གནས་བློ་གསར་ཐོན་ལས་སྡེ་གླིང་། བོད་མཚོ་བཟོ་ལས་སྡེ་གླིང་བཅས་གོང་འཕེལ་བཏང་བར་ཕན་འབྲས་གསར་པ་ཐོབ་པ་དང་། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་67བྱུང་བ་དེ་12%འཕར་ཡོད། ཡུལ་སྐོར་ཞབས་ཞུ་ཚད་ལྡན་བཟོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་སོང་བ་དང་ཕན་འབྲས་ཆེ་རུ་སོང་ཞིང་། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་2315ལ་སྣེ་ལེན་ཞུས་པ་དང་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་330ཟིན་པ་དེ་ཁག་སོ་སོར་14.7%དང་17%འཕར་བ་དང་། ཞིང་འབྲོག་པ་ཁྲི་10ལྷག་ཙམ་ལ་ཡུལ་སྐོར་ཐོག་ནས་ཁེ་ཕན་ཐོབ་པ་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།
འབྱུང་ཁམས་ཤེས་དཔལ་ལྡན་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། བོད་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་སྡེབ་རྩིས་བྱས་ན་གཏོང་སྒོ་སྒོར་དུང་ཕྱུར་84བཏང་ཡོད། ས་ཆ་ཐོན་ཁུངས་གསར་སྤེལ་བྱས་པའི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་དཔོག་ནན་པོ་བྱས་པ་དང་། གལ་ཆེའི་ལས་གྲྭའི་རྣམ་གྲངས་ཐད་ཀྱི་ཁོར་ཡུག་ལ་ལྟ་འདོམས་ནན་པོ་བྱས་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱེད་པར་རང་སྐྱོང་ལྗོངས་སྲིད་གཞུང་ནས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་པ། ཁོར་ཡུག་སྲུང་སྐྱོབ་ཐད་སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ཏེ“མཐོ་གསུམ”ཁེ་ལས་དང་རྣམ་གྲངས་རིགས་ལ་ཞིབ་མཆན་གཅིག་ཀྱང་བཀོད་མེད་ལ་ནང་འདྲེན་ཡང་གཅིག་ཀྱང་བྱས་མེད། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་སྒྱུར་ལས་གཞི་ཕྱོགས་ཡོངས་ནས་སྤེལ་ཏེ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་83.8བྱས་ཡོད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལམ་སྲོལ་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། འབྱུང་ཁམས་ཤེས་དཔལ་ལྡན་པའི་དཔེ་མཚོན་འཛུགས་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ་རང་སྐྱོང་ལྗོངས་རིམ་པའི་འབྱུང་ཁམས་ཤེས་དཔལ་ལྡན་པའི་རྫོང་7དང་། ཤང་གྲོང་128 གྲོང་ཚོ་1296བཅས་བཏོད་ཡོད། ང་ཚོའི་མཛེས་སྡུག་ལྡན་པའི་བོད་ལྗོངས་འདི་ཉིད་ནམ་མཁའ་དེ་བས་སྔོ་བ་དང་། ས་གཞི་དེ་བས་སྔོ་ལྗང་ལྡན་པ། ཆུ་བོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་ཞིག་བཅས་ཡིན།
གསུམ། འགན་སྲུང་གཉིས་མངོན་ཆེར་བཟུང་ཞིང་། དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལེགས་སུ་སོང་ཡོད།
དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེ་བྱས་པ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5ལྷག་ཙམ་གསར་སྣོན་བྱུང་བ་དང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་པ་ཡོད་པ་བཟོས་ཐོག ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་110ཁ་སྒྱུར་བྱས་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་28725ཟིན་པ་དེ་ལོ་བཞིའི་ནང་86%མང་དུ་སོང་ཡོད། “གཅིག་སྡུད་གཉིས”ཀྱི་མི་སྣ་ཁྲི་1.96ཟིན་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་རྩ་བའི་ཆར་གྲུབ་ཟིན་ཞིང་སྤྱི་ཚོགས་འགན་བཅོལ་ཁག་ནང་མི་ཐེངས་ཁྲི་300ཞུགས་ཡོད། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱེད་པའི་རྣམ་གྲངས་ཁག་1000ལེགས་འགྲུབ་བྱུང་བ་དང་། ས་གནས་དང་གྲོང་ཁྱེར་བདུན་གནས་སའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་ནས་འཁོར་སྐྱོད་བྱས་པ། ནག་ཆུ་དང་མངའ་རིས་ཀྱི་དྲོད་གཏོང་ལས་གྲྭ་ལེགས་འགྲུབ་ཟིན་ནས་བེད་སྤྱོད་བྱས་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཚང་སྒྲིག་ཁྲི་3.4བསྐྲུན་ཟིན་པ་བཅས་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་། གཞི་རིམ་ལས་བྱེད་ལས་བཟོའི་གཞུང་ལས་དང་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། “4·25”ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར་70.92བཏང་ཡོད།
སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། སློབ་གསོའི་བྱ་གཞག་དམིགས་བཀར་གོང་འཕེལ་བཏང་ཞིང་། སྐད་གཉིས་བུ་བཅོལ་ཁང་442གསར་རྒྱག་བྱས་པ་དང་། རྨང་གཞིའི་སློབ་གསོའི་སློབ་གྲྭ་234བཟོ་བཅོས་རྒྱ་སྐྱེད་བཏང་ཡོད། རྫོང་ཁག་16ལ་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་བའི་ཚོད་སྐོར་ཀྱི་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་བྱུང་ཡོད། གྲོང་གསེབ་ཀྱི་དགེ་རྒན་གསོ་སྐྱོང་གི“ལས་གཞི་ཆེན་པོ་ལྔ”སྤེལ་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་མཐོ་རྒྱུགས་བཏང་ནས་སློབ་ཆེན་དུ་ཚུད་ཚད་75.4%ཟིན་ཡོད། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་ཞིང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་རྣམ་གྲངས་ཁག་412ཟིན་པ་དང་། 《སྒྲ་སྙན་གྱི་བརྩེ་སེམས》སོགས་རིག་རྩལ་བརྩམ་ཆོས་རྩེ་གྲ་ཁག་གཅིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཡོད། རིག་དངོས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་7.7བཏང་ཞིང་། རིག་དངོས་ཚན་པ་ཁག་916དང་རིག་དངོས་ཁྲི་12ཀྱི་མིང་བབ་ངོས་འཛིན་གཏན་འཁེལ་བྱས་ཡོད། རླུང་འཕྲིན་བརྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁྱབ་ཚད་ཁག་སོ་སོར་95.21%དང་96.32%ཟིན་ཡོད། འཕྲོད་བསྟེན་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་ཞིང་། རང་སྐྱོང་ལྗོངས་ཀྱི་སྦྲུམ་མ་དང་བྱིས་པའི་སྨན་ཁང་སྐྲུན་འགོ་བཙུགས་པ་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཁུལ་གསར་འཛུགས་སྐྲུན་ལེགས་འགྲུབ་ཟིན་ཡོད། ནག་ཆུའི་ནུབ་རྒྱུད་སྨན་བཅོས་འཕྲོད་བསྟེན་ལྟེ་གནས་དཔལ་མགོན་རྫོང་དུ་བསྐྲུན་ཡོད། རྫོང་རིམ་པའི་སྨན་རྩིས་ཁང་10གསར་རྒྱག་བྱས་པ། ཤང་གྲོང་སྨན་བཅོས་ཁང་ལ་བོད་ལུགས་གསོ་རིག་སྨན་རྫས་ཁྱབ་ཚད་89%ཟིན་པ་དང་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་92%ཟིན་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་དང་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་ཤུགས་ཆེ་སྤེལ་ཡོད། དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ཐོག་མའི་རྒྱལ་ཁ་ཐོབ་པ། མ་དངུལ་སྒོར་དུང་ཕྱུར་85.2གཅིག་གྱུར་སྒྲིལ་སྤྱོད་བྱས་ནས་གསོག་ཐེབས་ཕན་སྒྱུར་དང་འཕར་འབོར་སྤྱོད་མཁས་བྱས་པ་དང་། གཙོ་གནད་འབུར་ཐོན་དང་དབུལ་སྐྱོར་གནད་འཕིགས་བྱས་ཡོད། ཡུལ་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཁག་376འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་མི་གྲངས་ཁྲི་7.7དབུལ་སྐྱོར་ཡུལ་སྤོས་ཟིན་ཡོད། ཐོན་ལས་དབུལ་སྐྱོར་རྣམ་གྲངས་528ལག་བསྟར་བྱས་ཡོད། མི་གྲངས་ཁྲི་4.9ལ་ཁ་ཕྱོགས་གཏན་འཁེལ་གྱི་སྦྱོང་བརྡར་སྤྲས་པ་དང་མི་ཁྲི་3.4ཁ་སྒྱུར་ལས་ཞུགས་ཐུབ་ཡོད། འབྱུང་ཁམས་སྲུང་སྐྱོབ་ལས་གནས་ཁག་ཁྲི་50བཀོད་སྒྲིག་བྱས་ཡོད། དབུལ་སྐྱོར་གསར་སྤེལ་སྲིད་ཇུས་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་ཤོས་འགན་སྲུང་བྱེད་པའི་ལམ་ལུགས་སྦྲེལ་མཐུད་ནུས་ལྡན་བྱས་ཡོད། ཆུ་གློག་ལམ་འཕྲིན་དྲ་རྒྱ་དང་ཚན་སློབ་རིག་འཕྲོད་འགན་སྲུང་བཅས“ལེགས་གཏོང་བཅུའི”ལས་གཞི་ལག་བསྟར་བྱས་ཡོད། རྫོང་(ཆུད)10དང་དབུལ་ཕོངས་གྲོང་ཚོ་1008ཀྱི་དབུལ་པོའི་ཞྭ་མོ་འབུད་རྒྱུའི་ཆ་རྐྱེན་ཚང་བ་དང་། དབུལ་ཕོངས་མི་གྲངས་ཁྲི་13དབུལ་སྒྲོལ་གནད་འཕིགས་བྱུང་ཡོད།
བཞི། སྒུལ་ཤུགས་གཉིས་མངོན་ཆེར་བཟུང་ཞིང་། བསྒྱུར་བཅོས་སྒོ་དབྱེ་དང་ག་སྦྱར་རོགས་སྐྱོར་ཐད་འགག་སྒྲོལ་གསར་པ་བྱུང་ཡོད།
བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། སྤྱི་ཚོགས་བཅོས་སྐྱོང་དང་། ཁྲིམས་འཛིན་ལམ་སྲོལ། སྲིད་འཛིན་ཞིབ་མཆན། ནོར་ཁྲལ་དངུལ་རྩ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས། ཞིང་ལས་དང་གྲོང་གསེབ། ཐོན་ཁུངས་ཁོར་ཡུག ས་ཆ་དོ་དམ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་ཡོད། སྲིད་གཞུང་གི་དབང་འགན་གསལ་ཐོ་དང་སྐབས་བསྟུན་སྒྲུག་བཤེར་བྱ་བའི་གསལ་ཐོ་ཁྱབ་བསྒྲགས་བྱས་ནས་སྲིད་འཛིན་བཀའ་འཁྲོལ་རྣམ་གྲངས་22མེད་པ་བཟོས་པ་དང་། ཞིབ་མཆན་འགོད་དབང་ཁྱོན་བསྡོམས་686གཤམ་སྤྲོད་བྱས་ཡོད། འགུལ་མེད་རྒྱུ་ནོར་གཅིག་གྱུར་ཐོ་བཀོད་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། གྲོང་གསེབ་ཀྱི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་ལས་ཀ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་བྱེད་ལམ་བསྒྱུར་བཅོས་བྱས་ཏེ་ནོར་སྲིད་མ་དངུལ་གཏོང་སྤྲོད་བྱེད་ཕྱོགས་དེ“རིམ་སྒྱུར”ནས“ཐད་ཀར”གཏོང་སྤྲོད་བྱེད་པར་བསྒྱུར་ཡོད། ལྗོངས་ཡོངས་ཀྱི“1+6”གྲོང་གསེབ་བསྒྱུར་བཅོས་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་ཡོད། ལས་ཁྲལ་ནས་འཕར་ཁྲལ་ལ་སྒྱུར་བ་དང་། ཚོང་དོན་ལམ་ལུགས། མཁོ་ཚོང་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་བཅས་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་ཡོད། ཀྲུང་དབྱང་ཁེ་ལས་གཏོགས་ཁོངས་ཅན་དུ་སྒྱུར་རྒྱུར་གོང་འཕེལ་དངོས་བྱུང་ནས་ཐོ་འཁོད་ཁེ་ལས་60ལྷག་ཙམ་ཟིན་ཡོད། སྤྱི་དབང་མིན་པའི་དཔལ་འབྱོར་གཉེར་མཁན་ཐེམ་དུད་ཁྲི་18.3ཟིན་པ་དང་ལས་གཉེར་མི་གྲངས་ཁྲི་109ཟིན་ཡོད།
སྒོ་དབྱེ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་འཐབ་ཇུས་ནང་རང་འགུལ་ཐོག་མཉམ་ཞུགས་བྱས་ཤིང་། བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པ་ལེགས་སྒྲུབ་བྱས་ཏེ་རྣམ་གྲངས་ཁག་146ལ་གན་རྒྱ་བཞག་པ་དང་། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་1084.3ཟིན་པ་དེ་སྐབས་གོང་མ་དང་བསྡུར་ན་43.3%འཕར་ཡོད། “མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཀྱི་གྲགས་རྟགས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་བག་ཆགས་རྒྱ་ཁྱབ་ཏུ་བཞག་སྟེ་བོད་ལྗོངས་འགྲེམས་ཚོགས་དེ་རང་ལྗོངས་ཀྱི་སྒོ་དབྱེ་གོང་འཕེལ་གཏོང་བའི་ལས་སྟེགས་གསར་པ་ཞིག་ཏུ་གྱུར་ཡོད། ཀོང་ཏུང་ནས་བོད་བར་གྱི་ཨེ་ཤེ་ཡ་དབུས་ལྷོའི་མེ་འཁོར་ཐེངས་དང་པོ་དངོས་སུ་གཏོང་སྐྱོད་ཀྱིས་ཀོང་ཏུང་ནས་བོད་ལྗོངས་དང་ནེ་པ་ལ་བར་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་སྦྲེལ་ཐོག་སྐྱེལ་འདྲེན་བྱེད་པའི་ལམ་བུ་གསར་པ་བཏོད་ཡོད། ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་བཙུགས་ནས་ལས་གཉེར་བྱས་ཏེ་བོད་ལྗོངས་མཁའ་འགྲུལ་ལས་རིགས་དེ་ཉིད་རྒྱལ་སྤྱིའི་ཁྲོམ་རར་སྐྱོད་པའི་ལམ་བུ་གསར་པ་བཏོད་ཡོད། སྐྱིད་རོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་འབོར་བརྟན་དུ་སོང་ནས་འཕེལ་ངོ་བཟང་པོ་མངོན་ཡོད།
བོད་སྐྱོར་ལས་དོན་ཟམ་མི་ཆད་པར་ལེགས་སུ་སོང་བ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ག་སྦྱར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་དང་རང་འགུལ་ངང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཤིང་། ག་སྦྱར་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཁག་38འཚོགས་པ་དང་རྣམ་གྲངས་1144དང་མ་དངུལ་སྒོར་དུང་ཕྱུར་253དོན་འཁྱོལ་བྱས་ཏེ་འཆར་འགོད་ནང་མེད་པའི་མ་དངུལ་སྒོར་དུང་ཕྱུར་55མང་དུ་བཏང་ཡོད། བོད་སྐྱོར་མ་དངུལ་གྱི་80%གཞི་རིམ་དང་དམངས་ཀྱི་འཚོ་བའི་ཐོག་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་38.3བཏང་ནས་རྣམ་གྲངས་433ལེགས་སྒྲུབ་བྱས་ཡོད། དུས་ཁག་བརྒྱད་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་1562བོད་དུ་ལས་ཀ་བྱེད་པར་ཡོང་ནས་རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་སྒུལ་ཤུགས་སྟོབས་ཆེན་སྤྲད་ཡོད། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་དེ་འཛམ་གླིང་གི་ཡུལ་སྐོར་དམིགས་སའི་མཚོན་རྟགས་གསར་པ་ཞིག་ཏུ་གྱུར་བ་དང་། མི་རིགས་མཐུན་སྒྲིལ་དང་མཉམ་ལས་གོང་འཕེལ་གཏོང་བའི་དཔེ་མཚོན་གསར་པ་ཞིག་ཏུ་གྱུར་ཡོད།
དངུལ་རྩས་རྒྱབ་སྐུལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ། ལོ་བཞིའི་རིང་ང་ཚོས་དངུལ་རྩས་རྒྱབ་སྐུལ་བྱེད་པའི་ཐབས་ཇུས་ཤུགས་ཆེ་སྤེལ་ཏེ་མ་དངུལ་བསྡུ་རྒྱུག་ལམ་སྲོལ་གསར་གཏོད་བྱས་པས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་བར་དངུལ་རྩའི་འདེཌ་སྐྱོར་ནུས་པ་དེ་བས་མངོན་གསལ་དོད་དུ་སོང་ཞིང་། དངུལ་རྩའི་ལས་རིཌ་ཀྱི་འཕར་ཐང་སྒོར་དུང་ཕྱུར་100ཟིན་པ་དེ་46%འཕར་བ་དང་། དེས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ནང་9%བཟུང་ཡོད། ལོ་མཇུག་ཏུ་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་3000ལས་བརྒལ་ནས་43.5%འཕར་བ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཞིང་འབྲེལ་གྱི་དངུལ་བུན་ལྡབ་ཉིས་སྒྱུར་འཕར་ཡོད། དངུལ་རྩའི་ཚན་པ་ཟམ་མི་ཆད་པར་སྟོབས་ཆེར་སོང་ཞིང་། ལྗོངས་ཡོངས་སུ་དངུལ་ཁང་ལས་རིགས་ཀྱི་ཚན་པ་ཁག་679དང་རིམ་པ་ཁག་གི་འགན་བཅོལ་ཚན་པ་62ཟིན་པ་དང་། ས་གནས་རྒྱུ་ནོར་འགན་བཅོལ་ཀུང་སི་ཐོག་མ་དང་དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སི་ཐོག་མ་བཙུགས་ཡོད། མ་རྩའི་ཁྲོམ་ར་གོང་འཕེལ་འགྲོ་རྒྱུར་འགག་སྒྲོལ་ཆེན་པོ་བྱུང་ཞིང་། ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར་15.8ཐོག་མར་འགྲེམས་སྤེལ་བྱས་པ་དང་། ཀའོ་ཀྲེང་དམངས་སྤྱོད་འབར་རྫས་ཐོན་སྐྱེད་སོགས་ཁེ་ལས་3ཁྲོམ་འགྲེམས་ལེགས་གྲུབ་བྱུང་བ། རྐང་Aཁྲོམ་འགྲེམས་ཀུང་སི་14ཡི་ཁྲོམ་ཐང་སྒོར་དུང་ཕྱུར་1500བརྒལ་ཡོད། འགན་བཅོལ་ལས་རིགས་ཀྱི་དཔལ་འབྱོར་སྐྱོང་གསབ་ནུས་པ་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད།
ལྔ། འདེགས་སྐྱོར་གཉིས་མངོན་ཆེར་བཟུང་ཞིང་། ཚན་རྩལ་གསར་གཏོད་དང་ཤེས་ལྡན་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
ཚན་རྩལ་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ། ཚན་རྩལ་ཆེད་དམིགས་རྣམ་གྲངས་ཆེན་པོ་བརྒྱད་ལག་བསྟར་ཤུགས་ཆེ་བྱས་ཡོད། ཞིང་ལས་ལོ་ཏོག་གི་སྣ་རིགས་གསར་པ་འདེམས་གསོ་བྱས་ཏེ་ནས་དང་འབྲི་གཡག་ལ་ཞིབ་འཇུག་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་ནས་བཙུགས་པ་དང་། མུའུ་ཁྲི་19ཡི་སོན་རྒྱུའི་ཐོན་ཁུངས་འདེབས་གསོ་རྒྱ་སྐྱེད་རྟེན་གཞི་བཙུགས་ཡོད། བོད་སྨན་ཐོན་ལས་ཀྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་མཉམ་འབྲེལ་ཐོག་འགག་སྒྲོལ་བྱེད་མགྱོགས་སུ་བཏང་ཡོད། རང་བྱུང་ཚན་རིག་རྟེན་རྫས་བཤམས་སྟོན་ཁང་སྒོ་ཕྱེ་ནས་ལས་གཉེར་བྱེད་འགོ་ཚུགས་ཡོད། ཀུན་གཏོད་བྱ་ཡུལ་5དང་སློབ་ཆེན་སློབ་མའི་བྱ་གཞག་གཏོད་པའི་གསོ་སྐྱོང་རྟེན་གཞི་3བཙུཌ་པ་དང་། མཐོ་རིམ་སློབ་གྲྭའི་གསར་གཏོད་དང་བྱ་གཞག་གཏོད་པའི་ལས་སྟེགས་གསར་པ་བཙུགས་ཡོད། ལྷ་སའི་ཚན་རྩལ་གསོ་ཆས་འཛུགས་སྐྲུན་བརྟན་པོའི་ངང་བྱས་པ་དང་། ཀྲུང་ཀོན་ཚུན་ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་དུ་སྒྱུར་བའི་རྟེན་གཞི་ལྷ་སར་བཙུགས་ཡོད། བོད་ལྗོངས་འགྲེམས་ཚོགས་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་གོང་འཕེལ་གཏོང་བའི་གླེང་སྟེགས་ཐེངས་དང་པོ་ཚོགས་པ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་གཞོན་ནུ་མང་པོ་ཞིག“གསར་གཏོད་གཉིས”བྱེད་མཁན་གྱི་གཙོ་རྐང་དུ་གྱུར་ཡོད།
ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་དོན་མི་སྣ་དང་དགེ་རྒན་1123མཐའ་མཚམས་སུ་ཡོང་ནས་ལེགས་སྐྱེས་ཕུལ་བ་དང་ཤེས་ལྡན་པའི་བོད་སྐྱོར་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཡོད། རྒྱལ་ཁབ་ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་པའི་གསར་གཏོད་འདེད་སྒུལ་ལྟེ་གནས་བཙུགས་ཤིང་། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”ཁོངས་སུ་མི་6དང་། རྒྱལ་ཁབ་ཀྱི་གསར་གཏོད་སྐུལ་འདེད་ཤེས་ལྡན་པའི་འཆར་གཞིའི་ནང་མི་2བདམས་ཐོན་བྱུང་བ། མི་1ལ་ཧོ་ལེང་ཧོ་ལེ་ཐེབས་རྩའི་ཚན་རིག་ལག་རྩལ་གསར་གཏོད་བྱ་དགའ་ཐོབ་པ། རང་སྐྱོང་ལྗོངས་ཀྱི་རིག་གཞུང་དང་ལག་རྩལ་གྱི་སྣེ་འདྲེན་པ་23བདམས་གསེས་བྱས་ཡོད། “བོད་ལྗོངས་ཀྱི་དམིགས་བསལ་གསོ་སྐྱོང”ལས་དོན་ཏན་ཏིག་ངང་སྤེལ་ཡོད། ཆེད་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོའི་དྲ་རྒྱ་བཙུགས་ཡོད། གཞི་རིམ་ཆེད་ལས་ལག་རྩལ་མི་སྣའི་གོ་གནས་འཁུར་ལེན་གྱི་འོས་ཐོབ་དཔྱད་འབེབས་བྱ་ཐབས་བཏོན་ནས་རིགས་ཁག་གི་ཤེས་ལྡན་པ་གཞི་རིམ་ལ་ཞབས་ཞུ་དང་ལས་སྒྲུབ་བྱ་གཞག་གཏོད་རྒྱུར་སྐུལ་ལྕག་བཏང་ཡོད།
དྲུག རྨང་རྩ་གཉིས་མངོན་ཆེར་བཟུང་ཞིང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་རྣམ་པ་གསར་པ་ཐོན་ཡོད།
མི་རིགས་མཐུན་སྒྲིལ་དེ་བས་སྲ་བརྟན་དུ་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་ཏུ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དེ་སློབ་གྲྭ་དང་། དགོན་སྡེ། གྲོང་གསེབ། སྡེ་ཁུལ། ཁེ་ལས། ལས་ཁུངས། དམག་སྒར་བཅས་ནང་ཤུགས་ཆེ་སྤེལ་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས“མོས་སེམས་ལྔ”དང་“ཁ་འབྲལ་དུ་མི་རུང་བ་གསུམ”གྱི་བསམ་བློ་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་ཡོད། རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་རང་སྐྱོང་ལྗོངས་ཀྱིས་སྔོན་ཐོན་མཉམ་སྡེབ་150དང་སྔོན་ཐོན་མི་སྒེར་210ལ་གཟེངས་བསྟོད་བྱས་ཡོད། སྒོར་དུང་ཕྱུར་6.2བཏང་སྟེ་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་304ལག་བསྟར་བྱས་ནས་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གོང་འཕེལ་ཇེ་མགྱོགས་སུ་བཏང་ཡོད། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་སྲ་བརྟན་གོང་འཕེལ་བཏང་ཡོད།ཆོས་ལུགས་འཆམ་མཐུན་ལམ་ལྷོངས་བྱུང་བ།
ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱས་ཐོག དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། དགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་དགོན་སྡེའི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁྲི་གསོལ་ཞུས་ནས་ལོ་20འཁོར་བའི་དགའ་སྟོན་རྟེན་འབྲེལ་དང་དུས་འཁོར་དབང་ཆེན་གྱི་བཀའ་ཆོས་གནང་བ་སོགས་ཆོས་ལུགས་བསྟན་དོན་བྱེད་སྒོ་ཆེ་གྲས་ཁག་བདེ་འཇགས་སྒྲིག་ལྡན་ངང་སྤེལ་ཡོད། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་ཡོངས་ཁྱབ་ཏུ་ཆེ་རུ་སོང་བ་དང་། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད།
སྤྱི་ཚོགས་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་བྱུང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཡོད། བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕྱོགས་མཐའ་ཡོངས་ནས་སྤྱི་ཚོགས་བདེ་འཇགས་འགོག་ཟོན་ལྟ་འདོམས་བྱེད་པའི་མ་ལག་འཛུགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། དངོས་ཡོད་མི་འབོར་ལ་དོ་དམ་དང་ཞབས་ཞུ་སྒྲུབ་པའི་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད། གསར་དར་སྨྱན་སྦྱོར་གྱི་དོ་དམ་ཟམ་མི་ཆད་པར་ཚད་ལྡན་དུ་བཏང་ཡོད། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། བདེ་འཇགས་ཐོན་སྐྱེད་བྱེད་པའི་གནས་བབ་བརྟན་ཐོག་ཡར་འཕེལ་འགྲོ་བཞིན་ཡོད། འགལ་བ་དང་རྩོད་རྙོག་རྩད་བཤེར་འདུམ་སེལ་འཚམ་པོ་བྱས་པ་དང་། གོང་འཕེལ་གྱི་ཁོར་ཡུག་ཆེད་དོན་བཅོས་སྐྱོང་བྱས་ཏེ་རྣམ་གྲངས་གལ་ཆེའི་འཛུགས་སྐྲུན་ཐད་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་དང་། ས་ཆ་བསྡུ་སྤྱོད་དང་སྡོད་ཁང་བཤིག་སྤོའི་ཐད་གོང་ལ་ཞུ་འབུལ་བྱེད་རིགས་གཅིག་ཀྱང་བྱུང་མེད། ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཁྲིམས་བཞིན་སྲིད་འཛིན་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་ཡོད།
འཐུས་མི་རྣམ་པ།
ང་ཚོས་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱས་ཐོག རྒྱུན་རྣམ་གསར་པ་དང་འཚམ་ཞིང་དེར་སྟངས་འཛིན་ཁྲིད་སྟོན་བྱས་ཏེ“663”གྱི་གོང་འཕེལ་བསམ་གཞི་གསར་གཏོད་ལག་བསྟར་བྱས་ནས་འགན་འཁུར་ཕོད་ལ་རང་འགུལ་ལས་སྒྲུབ་བྱེད་པ་དང་། དམ་པ་དོན་གཉེར་དང་ཤུགས་འདོན་གནད་འཕིགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་མྱུར་ལམ་ཐོག་བསྐྱོད་ཡོད། ལོ་བཞིའི་རིང་གསར་གཏོད་གོང་འཕེལ་གཏོང་བའི་དཀའ་སྤྱད་འབད་འཐབ་དང་དོན་གཉེར་བོད་དར་གྱི་ལག་ལེན་དངོས་བྱས་པ་བརྒྱུད་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་གཤམ་གསལ།
བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན། བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པ་དང་། མཐའ་སྲུང་སྲ་བརྟན་དང་མི་དམངས་བདེ་འཁོད་ལས་བརྩོན་ཡོང་བ་དང་འབྲེལ་བ་ཡོད་པ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་བཅས་ཡིན། ང་ཚོས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་བཏང་སྟེ་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ཡོད། ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་དེ་འདྲ་ཞིག་བྱུང་བར་བརྟེན་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་བཅོས། འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་བཅས་ལ་གཞི་ནས་འགན་སྲུང་སྟོབས་ལྡན་ཞིག་བྱུང་ཡོད། བརྟན་ལྷིང་ཨང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུའི་རྩ་དོན་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་བའི་བརྟག་ཐབས་སྨྲ་བ་གལ་ཆེན་ཞིག་ཀྱང་ཡིན།
གོང་འཕེལ་ནི་ལས་འགན་ཨང་དང་པོ་ཡིན། གོང་འཕེལ་གྱི་ཧེ་བག་ཆུང་དུ་བཏང་ནས་རྒྱལ་ཡོངས་ཀྱི་རྗེས་ཟིན་པ་བྱེད་དགོས་ན་གོང་འཕེལ་མགྱོགས་པོ་གཏོང་རྒྱུར་བརྟེན་དགོས། ང་ཚོས་ཀྲུང་དབྱང་ནས་མ་རྩ་བརྩོན་ལེན་ཧུར་ཐག་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྤྱི་ཚོགས་ཀྱི་མ་འཇོག་དང་དམངས་ཁྲོད་ཀྱི་མ་འཇོག་སྐུལ་སློང་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་གོང་འཕེལ་གྱི་གཅུར་འགག་སེལ་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་བྱེད་པ། གོང་འཕེལ་གྱི་སྤུས་ཚད་ལེགས་སུ་གཏོང་བ། ནང་ངོས་ཀྱི་འགུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། གོང་འཕེལ་གཏོང་རྒྱུ་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པའི་བསམ་བློ་བརྟན་པོར་བཙུགས་ན་གཞི་ནས་ཆད་སྐྱོན་གསབ་ཐུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་དངོས་པོའི་རྨང་གཞི་སྲ་བརྟན་ཞིག་འདིང་ཐུབ་རྒྱུ་རེད། དམངས་འཚོ་ནི་ཕྱོགས་སྟོན་ཨང་དང་པོ་ཡིན། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། ང་ཚོས་སྲིད་གཞུང་གིས་འཚོ་བ་སྐྱེལ་མཁས་པོ་དང་མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལོ་ལྟར་70%ཡན་གྱི་འབྱོར་སྟོབས་དེ་དམངས་འཚོར་བཏང་བས་ལོ་བཞིའི་ནང་ལྡབ་ཉིས་སྒྱུར་འཕར་ཡོད། ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་ལོ་བཅོ་ལྔའི་རིང་སློབ་ཡོན་མི་བསྡུ་བའི་སློབ་གསོ་སྔོན་དུ་སྤེལ་ཐུབ་པ་བྱུང་བ་དང་། “གཅིག་སྡུད་གཉིས”སྔོན་དུ་མངོན་གྱུར་བྱུང་བ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་སྔོན་ལ་དོ་སྙོམས་ཅན་དུ་སྒྱུར་ཐུབ་པ་བཅས་བྱུང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་སོང་ཡོད། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ་དང་། སློབ་གསོའི་ཆད་སྐྱོན་གསབ་པ། སྨན་པ་དང་སྨན་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་རྒྱ་བརྟན་པོ་བཟོ་བ་བཅས་བྱས་ན་གཞི་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཡོང་རྒྱུར་འགན་སྲུང་བྱེད་ཐུབ་ལ། དམངས་འཚོའི་ཉི་འོད་གངས་རིའི་ལྗོངས་སུ་འཕྲོས་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་ཁ་དེ་རང་རེའི་རླབས་ཆེན་གྱི་ཏང་དང་རླབས་ཆེན་གྱི་མེས་རྒྱལ་ལ་ཕྱོགས་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།
འབྱུང་ཁམས་ནི་དམར་ཐིག་ཨང་དང་པོ་ཡིན། སྔོ་བསངས་ཀྱི་ནམ་མཁའ་དང་། བརྗིད་ཆགས་ཀྱི་གངས་རི། དྭངས་གཙང་གི་མཁའ་རླུང་། དྭངས་བསིལ་གྱི་ཆུ་བོ་བཅས་ནི་ང་ཚོ་བོད་ཀྱི་ངོ་མཚར་ཤིན་ཏུ་ཆེ་བའི་མིང་བྱང་ཞིག་ཡིན་ཞིང་། དེ་ནི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་འགྲོ་བའི་གཞི་རྟེན་ཞིག་དང་། དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཟུང་འབྲེལ་བྱེད་ས་ཞིག ནམ་ཡང་རྒྱུན་མཐུད་གོང་འཕེལ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་བཅས་སུ་གྱུར་ཡོད། ང་ཚོས་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་འཛིན་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཐོག རྣམ་འགྱུར་ཐག་ཆོད་པོ་དང་། ལམ་ལུགས་ནན་པོ། བྱ་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཡོད། “རི་ཆུ་སྔོ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་། འཁྱགས་རོམ་གངས་རི་ཡང་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བཟོ་བའི་སྲོག་ཤིང་འགན་འཁྲི་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཐམས་ཅད་སྲུང་སྐྱོབ་ཡག་པོ་བྱས་ཚེ་གཞི་ནས་འབྱུང་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་ཆེ་ཤོས་འདོན་སྤེལ་ཐུབ་པ་དང་། གཞི་ནས་འབྱུང་ཁམས་ཁྱད་ཡོན་གྱི་མི་མངོན་པའི་ནུས་པ་ཆེ་ཤོས་སྔོག་འདོན་ཐུབ་པ། གཞི་ནས་འབྱུང་ཁམས་སྲུང་སྐྱོབ་བྱས་པའི་རིན་ཐང་ཆེ་ཤོས་མངོན་ཐུབ་རྒྱུ་བཅས་རེད།
འཐུས་མི་རྣམ་པ།
གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན་ཞིང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྟོབས་ལྡན་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱས་པའི་འབྲས་བུའང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཡོངས་མི་དམངས། ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་ཞིང་ཆེན་གྲོང་ཁྱེར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས། སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། སྤྱི་ཚོགས་ལས་རིགས་ཁག དེ་བཞིན་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱེད་པ་དང་དུས་མཚུངས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ད་དུང་འཕྲད་པའི་དཀའ་ངལ་དང་གནད་དོན་མི་ཉུང་བ་ཡོད་པའང་མཐོང་ཐུབ་པ་དགོས་ཤིང་། དེའང་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཞན་པ་དང་ནང་ངོས་ཀྱི་འཕེལ་ཤུགས་མི་འདེང་བའི་ཐོག་དཔལ་འབྱོར་གོང་འཕེལ་ཧྲིལ་པོའི་ཆུ་ཚད་དམའ་བ་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་ལྷག་པར་དུ་ཆད་སྐྱོན་གསབ་རྒྱུའི་ལས་འགན་ཧ་ཅང་ལྕི་བ། མ་འཇོག་གི་མཉམ་སྒུལ་བྱེད་ནུས་ཆེན་པོ་མེད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བཞིན་རྗེས་ལུས་ཡིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་ཞན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་དུས་བབ་བརྟན་པོའི་ཁྲོད་ཉེན་ཁ་ཡོད་ལ་བརྟན་པོའི་ཁྲོད་རྐྱེན་ངན་ཡང་འཕྲད་སྲིད་པའི་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དུས་བབ་སྔར་བཞིན་རྣོ་ངར་ལྡན་ལ་རྙོག་འཛིང་ཆེ་བ་ཞིག་ཡིན། སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱ་རྒྱུའི་ཐད་ད་དུང་ཞན་ཆ་དང་མི་འདེང་བའི་ཆ་འགའ་ཞིག་ཡོད་པས་ང་ཚོས་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ཏན་ཏིག་ཐུབ་པ་བྱེད་དགོས་ཀྱི་ཡོད།
2017ལོའི་ལས་དོན་བཀོད་སྒྲིག
སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་འཛིན་སྐྱོང་གི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ཡག་བརྩེགས། ཆད་སྐྱོན་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འདུ་ཤེས་གསར་པ་བརྟན་འཛུགས་དང་། རྒྱུན་རྣམ་གསར་པ་དང་འཚམ་པ། གོང་འཕེལ་གསར་པར་ཁྲིད་སྟོན་བཅས་བྱས་ནས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུ་གཙོ་རྐང་དུ་འཛིན་པ་དང་། གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་གོང་མཐོར་གཏོང་རྒྱུ་ལྟེ་བར་བྱས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་བཅས་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག གལ་ཆེའི་རྣམ་གྲངས་དང་དམངས་འཚོའི་རྣམ་གྲངས་སོགས་ཀྱི་འབྲེལ་བ“བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཐོག རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བཟང་སྒྱུར། ཁྱད་ལྡན་ཐོན་ལས་གོང་འཕེལ་སྟོབས་ཆེར་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཇེ་མགྱོགས་བྱེད་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས། སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་འགན་ལེན་བྱེད་དགོས་པ་དེ་ཡིན།
དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་11%ཡན་འཕར་བ་བྱེད་རྒྱུ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་20%ཡན་འཕར་བ་བྱས་ནས་སྒོར་དུང་ཕྱུར་2000ཟིན་པ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་12%ཡན་འཕར་བ་བྱེད་རྒྱུ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་12%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%ཡན་འཕར་བ་བྱེད་རྒྱུ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%ཡན་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ཐོན་སྐྱེད་སྤྱིའི་རིན་ཐང་གི་ཚན་རྩིས་ནུས་རྒྱུ་ཟད་གྲོན་དང་ཐཱན་གཏོང་ཚད་དེ་རྒྱལ་ཁབ་ཀྱི་གཏན་འཁེལ་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་རྒྱུ་བཅས་ཡིན།
གཅིག དམངས་འཚོ་སྔོན་འགྲོར་སྤེལ་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ལེགས་སྒྲུབ་བྱེད་དགོས།
དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས། ཐོན་ལས་ཀྱི་དབུལ་སྐྱོར་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་གཏོང་བའི་སྲིད་ཇུས་ལག་བསྟར་གནད་འཕིགས་བྱེད་དགོས། ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་པོ་རྣམས་འབྱུང་ཁམས་སྲུང་སྐྱོབ་བྱེད་དུ་འཇུག་རྒྱུར་གཅིག་གྱུར་བཀོད་སྒྲིག་བྱེད་དགོས་པ་དང་། ཁྲོམ་ར་གཉེར་མཁན་རིགས་ཁག་ནས་དབུལ་ཕོངས་མི་སྣ་ལས་ཞུགས་བསྡུ་འཇུག་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས། ས་ཆ་དང་། འབྱུང་ཁམས། སློབ་གསོ། དངུལ་རྩ་སོགས་ཐད་ནས་དབུལ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་སྔར་བས་འཐུས་ཚང་བཟོས་ཐོག་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་དབུལ་པོའི་ཚད་གཞི་གཉིས་གཅིག་གྱུར་ཐུབ་པ་བྱེད་དགོས། “ལེགས་གཏོང་བཅུའི”ལས་གཞི་ལག་བསྟར་ཤུགས་ཆེ་བྱེད་དགོས། ཡུལ་སྤོས་དབུལ་སྐྱོར་དང་མཉམ་བགྲོད་གནས་སྤོ་བྱེད་རྒྱུ་དེ་གྲོང་ཁྱེར་གྲོང་རྡལ་གསར་གྲས་འཛུགས་སྐྲུན་བྱེད་རྒྱུ་དང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས། ཆ་སྒྲིག་རོགས་སྐྱོར་དང་ཐོན་ལས་ག་སྦྱར་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་སྟེ་ག་སྦྱར་བོད་སྐྱོར་ཐོག་ནས་དབུལ་སྐྱོར་བྱེད་པའི་ཆུ་ཚད་སྔར་བས་གོང་མཐོར་གཏོང་དགོས། དབུལ་ཕོངས་མི་གྲངས་ཁྲི་13དབུལ་སྒྲོལ་ཐུབ་པ་དང་། དབུལ་པོའི་རྫོང(ཆུད)20དང་དབུལ་ཕོངས་གྲོང་ཚོ་1705དབུལ་པོའི་ཞྭ་མོ་འབུད་ཐུབ་པ་བྱེད་རྒྱུ། མི་ཁྲི་16.3ཡུལ་སྤོས་དབུལ་སྐྱོར་ཐུབ་པ་བཅས་ཀྱི་ཐོག དབུལ་པོའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་འཕར་ཚད་16%ཡན་ཟིན་པ་བྱེད་དགོས།
དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་དགོས། ནོར་སྲིད་ཀྱི་གཏོང་སྒོ་ཤུགས་ཆེར་བཏང་ནས་ཚད་འདེགས་རྒྱ་སྐྱེད་མུ་མཐུད་བྱེད་དགོས་པ་དང་། སྒོར་དུང་ཕྱུར་300བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་ལས་བཟོ་བཅས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་སྲིད་ཇུས་གལ་ཆེན་ཁག་33ལག་བསྟར་བྱེད་དགོས། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3240ཡིན་པ་ནས་སྒོར་3480བར་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཟླ་རེའི་མི་རེར་ཆ་སྙོམས་སྒོར་640ཡིན་པ་ནས་སྒོར་700བར་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་2550ཡིན་པ་ནས་སྒོར་3311བར་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་435ཡིན་པ་ནས་སྒོར་475བར་མཐོ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་420ཡིན་པ་ནས་སྒོར་460བར་མཐོ་རུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་65བར་མང་དུ་བཏང་ནས་རྒྱལ་ཁབ་ཀྱི་ཚད་གཞི་ལས་སྒོར་15ཡིས་མང་དུ་སོང་ཡོད། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་གཟུགས་པོ་བརྟག་དཔྱད་བྱེད་པའི་རིན་དངུལ་དེ་སྒོར་300ཡིན་པ་ནས་སྒོར་1000བར་མང་དུ་གཏོང་རྒྱུ་དང་། བར་བརྒལ་དུས་ཀྱི་ཕན་བདེའི་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་60གསར་སྣོན་བྱེད་རྒྱུ། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་4740ཡིན་པ་ནས་སྒོར་4940བར་མཐོ་རུ་གཏོང་རྒྱུ། “རྒན་གྲས་གསུམ”གྱི་མི་སྣའི་འཚོ་སྣོན་སྲིད་ཇུས་ཐད་ཟླ་རེར་མི་རེར་ཆ་སྙོམས་སྒོར་50མང་དུ་གཏོང་རྒྱུ། མཐའ་མཚམས་འཐབ་ས་དང་པོ་དང་གཉིས་པའི་ཤང་གྲོང་གི་མཐའ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་1700དང་སྒོར་1500ཡིན་པ་ནས་སྒོར་2700དང་སྒོར་2500བར་མཐོ་རུ་གཏོང་རྒྱུ་བཅས་ཡིན། མ་དངུལ་སྒོར་དུང་ཕྱུར་27.5བཀོད་སྒྲིག་བྱས་ཏེ་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཐོག གཞི་རིམ་གྱི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་དང་གཞི་རིམ་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་རྒྱུ།
སློབ་གསོ་དང་འཕྲོད་བསྟེན་རིག་གནས་བཅས་ཀྱི་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་དགོས། སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་ཀར་ཤུགས་སྣོན་གང་ཆེ་རྒྱག་དགོས། སྐད་གཉིས་སློབ་གསོ་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྐད་གཉིས་བུ་བཅོལ་ཁང་འཛུགས་ཤུགས་ཆེ་རུ་གཏོང་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་སྤུས་ཚད་ལེགས་གཏོང་གི་འཆར་གཞི་ལག་བསྟར་བྱེད་དགོས། འགན་བབས་སློབ་གསོའི་སློབ་གྲྭ་ཉམས་ཞན་རིགས་བསྒྱུར་བཀོད་དང་ཚད་ལྡན་དུ་བཟོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་ས་ཁད་མཐོ་བའི་སློབ་གྲྭར་དྲོད་གཏོང་ལས་གྲྭ་སྤེལ་འགོ་འཛུགས་དགོས། རྫོང(ཆུད)14ཡི་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་བའི་ཚོད་སྐོར་ཞིབ་བཤེར་རྩིས་ལེན་ལེགས་སྒྲུབ་ཐུབ་པ་བྱེད་དགོས། ནང་སའི་བོད་ལྗོངས་འཛིན་གྲྭ་དང་སློབ་གྲྭ་ཡག་པོ་གཉེར་དགོས། ས་གནས(གྲོང་ཁྱེར)ཁག་གིས་སྟོབས་ཤུགས་གཅིག་སྡུད་ཐོག་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་ཡག་པོ་གཉེར་དགོས། བོད་ཀྱི་ཁྱད་ཆོས་ལྡན་པའི་རྩེར་ཕུད་ཀྱི་སློབ་ཆེན་དང་རྩེར་ཕུད་ཀྱི་རིག་ཚན་གཉེར་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། བདེ་ཐང་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་དགོས་པ་དང་། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་དང་སྨན་བཅོས་འཕྲོད་བསྟེན་རྫོང་ཤང་གཞི་གཅིག་ཅན་དུ་བཟོ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ་རིག་གནས་ཀྱི་དམངས་ཕན་དང་རླུང་འཕྲིན་བརྙན་འཕྲིན་གྲངས་འཛིན་ཅན་གྱི་ལས་གཞི་སྤེལ་དགོས། གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གཞི་བསྐྲུན་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལྟེ་གནས་དང་། ཟློས་གར་ཁང་ཆེན། བོད་ལྗོངས་མཛེས་རྩལ་ཁང་བཅས་འཛུགས་སྐྲུན་བྱེད་དགོས། བོད་ལུགས་གསོ་རིག་སྨན་ལས་དེ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་རེ་འདུན་ཞུ་བའི་ལས་དོན་སྤེལ་དགོས། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབ་དགོས། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ་ལོ་ཧྲིལ་པོར་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་4.8གསར་སྣོན་ཐུབ་པ་བྱེད་དགོས། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཀྱི་ལས་གནས་གང་དགོས་འདོན་སྤེལ་བྱེད་པ་དང་། ལས་ཞུགས་ལས་གཏོད་ཀྱི་ཐེབས་རྩ་བཙུགས་ཐོག གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་བཟོས་ཏེ་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་ལས་ཞུགས་ལྟ་བ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་། མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ཐོན་པའི་སློབ་མ་ཁྲོམ་ར་དང་ནང་སར་ཁ་ཕྱོགས་ནས་ལས་ཞུགས་དང་རང་བརྟེན་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་དགོས། ཞིང་འབྲོག་པའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ་ཞིང་འབྲོག་པ་མི་ཐེངས་ཁྲི་5.6ལ་སྦྱོང་བརྡར་སྤྲོས་ཐུབ་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་110ལས་ཞུགས་ཁ་སྒྱུར་ཐུབ་པ་བྱས་ཏེ་དེ་བས་མང་བའི་ཞིང་འབྲོག་པ་གནས་དེ་རང་དུ་གོང་འཕེལ་གཏོང་བའི་ནང་རང་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱེད་དགོས། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་ཇེ་མགྱོ གས་སུ་བཏང་ནས་གཞི་རྩའི་སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་དེ་སྤྱོད་འཚམ་པའི་མི་ཚོགས་ལ་ཡོངས་སུ་ཁྱབ་པ་བྱེད་དགོས་པ་དང་། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱེད་པའི་ལེ་ལག་ཚང་སྒྲིག་སྲིད་ཇུས་འཐུས་ཚང་བཟོ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྲིལ་བཅོས་བྱེད་རྒྱུར་གཟབ་ནན་ངང་སྐུལ་འདེད་གཏོང་དགོས། གནོད་འགོག་གེགས་སེལ་དང་གེགས་སྐྱོབ་ཀྱི་དངོས་ཟོག་གྲབས་གསོག་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། མ་དངུལ་སྒོར་དུང་ཕྱུར་6.4བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་སྡོད་ཁང་འགན་སྲུང་བྱེད་རྒྱུའི་ཁང་གླར་ཁ་གསབ་སྤྲོད་དགོས།
གཉིས། རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ཇུས་གཞི་དོན་འཁྱོལ་ཧུར་ཐག་བྱེད་དགོས། ལྷ་ས་ནས་ཉིང་ཁྲི་བར་དང་། གཞིས་རྩེའི་གནམ་ཐང་ནས་བསམ་གྲུབ་རྩེ་ཆུད་བར། གོང་དཀར་གནམ་ཐང་ནས་རྩེད་ཐང་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་སྐྲུན་ཟིན་པ་བྱེད་དགོས། ནག་ཆུ་ནས་ལྷ་ས་བར་དང་། ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ལས་འགོ་འཛུགས་དགོས་པ་དང་། ས་དགའ་ནས་སྣང་རྫོང་བར་དང་། སྤོ་བོ་ནས་མེ་ཏོག་བར། འཕྱོངས་རྒྱས་ནས་མཚོ་སྣ་བར། སེང་གེ་ཁ་འབབ་ནས་སྤུ་ཧྲེང(རྩ་མདའི་ཡན་ལག་གཞུང་ལམ་ཚུད)བཅས་བར་གྱི་གཞུང་ལམ་ལས་གྲྭ་སྐྲུན་འགོ་འཛུགས་དགོས་པ། ཆབ་མདོ་ནས་སྡེ་དགེ་བར་དང་། ཆབ་མདོ་ནས་འགུ་རུ་བར། ཁྲོན་བོད་གཞུང་ལམ། ལྷ་ས་ནས་གཞིས་རྩེ་བར། གཞིས་རྩེ་ནས་སྐྱིད་གྲོང་འགག་སྒོ་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་བསྐྲུན་རྒྱུའི་སྔོན་གྲབས་ལས་ཀ་སྤེལ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་སྟེ་ཆ་རྐྱེན་འཛོམས་རྗེས་དུས་ཚོད་འཚམ་ངེས་སུ་ལས་འགོ་འཛུགས་དགོས། ནུས་ཤུགས་ཡོད་རྒུས་ལྷ་ཉིང་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གྱི་བྱེད་ནུས་ཆེ་རུ་གཏོང་རྒྱུའི་བསྒྱུར་བཀོད་ལས་གཞི་འཛུགས་སྐྲུན་བྱེད་དགོས་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ཉིང་ཁྲི་ནས་ཆབ་མདོ་བརྒྱུད་གཡག་རྔའི་དུམ་མཚམས་བར་གྱི་སྔོན་གྲབས་ལས་ཀར་དམ་འཛིན་ཡག་པོ་བྱེད་དགོས། གོང་དཀར་གནམ་ཐང་གི་མཁའ་ཚུགས་ཁུལ་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུ་དང་འཕྲལ་མཁོའི་རོགས་སྐྱོབ་ལས་གཞི་ལག་བསྟར་བྱེད་དགོས། ཨ་ཆེན་དང་། ཡེར་པ་ཐང་། ཝ་ཐོག གསེར་ཟམ་བཅས་ཀྱི་གློག་ཁང་འཛུགས་སྐྲུན་ལས་འགོ་འཛུགས་དགོས་པ་དང་། མཁར་སྒང་དང་འཇོ་མདའི་ཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་ལས་སྒོ་འཛུགས་ཐུབ་པ་བྱེད་རྒྱུ། བོད་དབུས་དང་ཆབ་མདོའི་གློག་དྲ་དྲ་སྦྲེལ་ལས་གཞི་གཉེར་ཐོག གློག་དྲ་ཨ་མའི་ནང་རྫོང་74མཐུད་རྒྱུའི་ལས་གཞི་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་དགོས། ལྷ་ཉིང་ལྕགས་ལམ་གྱི་གློག་འདོན་ལས་གྲྭ་གཉེར་དགོས་པ་དང་། དུས་ཐེངས་གསར་པའི་གྲོང་གསེབ་ཀྱི་གློག་དྲ་བཟོ་བཅོས་རིམ་སྤོར་ལེགས་སྒྲུབ་བྱེད་དགོས། གོར་མོ་ནས་ལྷ་ས་བར་གྱི་རླངས་འདྲེན་མདོང་ལམ་དང་སྣུམ་འདྲེན་མདོང་ལམ་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུ་དང་། མངའ་རིས་གློག་དྲ་དྲ་སྦྲེལ་བྱེད་པའི་སྔོན་གྲབས་ལས་ཀ་སྤེལ་མགྱོགས་སུ་གཏོང་དགོས། ཤངས་ཆུ་དང་རྫོང་ཐང་ཁའི་ཆུ་བེད་ལྟེ་གནས་དང་གྲོ་ཡུལ་སོགས་ཀྱི་ཆུ་མཛོད་སྐྲུན་འགོ་འཛུགས་ཐུབ་པ་བྱེད་དགོས། གློག་རྡུལ་སྲིད་དོན་དང་དྲ་ཆེན་གྲོང་ཚོར་འཁྲིད་གཏོང་ལས་གཞི་ཕྱོགས་ཡོངས་ནས་སྤེལ་དགོས། ཤང་གྲོང་ལ་སྦྲག་སྲིད་ཞབས་ཞུའི་དྲ་ཚུགས་ཡོད་པ་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོར་སྒུལ་འཕྲིན་དྲ་རྒྱ་ཡོངས་སུ་ཁྱབ་ཐུབ་པ་བྱེད་དགོས། “གསང་སྤྱོད་གསར་བརྗེ”ཤུགས་ཆེ་སྤེལ་དགོས། ས་ཁད་མཐོ་བའི་རྫོང་གྲོང་གི་དྲོད་གཏོང་ལས་གཞི་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
གསུམ། ཁྲོམ་རར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་འབྱུང་འཕྲོད་ཐོན་ལས་གཞི་ཁྱོན་ལྡན་པའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཐོན་ལས་གསུམ་པོ་མཉམ་འདུས་གོང་འཕེལ་གཏོང་རྒྱུ་འགག་སྒྲོལ་དུ་བྱས་ཏེ་དེང་རབས་ཀྱི་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེ་གཏོང་དགོས། ཞིང་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་འབྲུ་རིགས་དང་། དཔལ་འབྱོར་ལོ་ཏོག གཟན་ཆག་བཅས་ཀྱི་གྲུབ་ཆ་ལེགས་སྒྲིག་བཟང་བསྒྱུར་བྱེད་དགོས། ལེགས་ཆ་ཆེ་བའི་འབྲུ་རིགས་ཐོན་ཁུལ་གཙོ་བོ་སྔོན་ལ་གོང་འཕེལ་བཏང་ཐོག ཚད་གཞི་མཐོ་བའི་ཞིང་ཁ་བཟོ་ཤུགས་ཆེ་རུ་གཏོང་དགོས། མི་ཐབས་ཀྱིས་རྩྭ་འདེབས་གསོ་བྱེད་རྒྱུ་ཁྱབ་གདལ་ཤུགས་ཆེ་གཏོང་བ་དང་། ཕྱུགས་རིགས་རྒྱུད་བཟང་ཧུར་ཐག་སྤེལ་ཐོག དེང་རབས་ཀྱི་སྒྲིག་བཀོད་ལྡན་པའི་གསོ་སྤེལ་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཆེ་རུ་འགྲོ་བ་བྱེད་དགོས། ས་མཐོའི་ཁྱད་ལྡན་གྱི་ཞིང་འབྲོག་ཐོན་རྫས་རྟེན་གཞི་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ས་གཙང་འབྱུང་འཕྲོད་ཐོན་ལས་དང་འབྱུང་འཕྲོད་ཞིང་ལས་གོང་འཕེལ་ཤུགས་ཆེ་གཏོང་དགོས། གྲོང་གསེབ་ཀྱི་དབང་གསུམ་ཁག་བགོས་བསྒྱུར་བཅོས་བྱས་ཏེ་ཐོན་སྐྱེད་རྒྱུ་ཆ་གོ་རིམ་ལྡན་པར་བརྒྱུད་བཤུག་དང་། མ་རྐང་ནང་ཞུགས་ནས་ཁེ་བཟང་བགོ་བ། འོས་འཚམ་གཅིག་སྡུད་བཅས་བྱེད་དགོས་པ་དང། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་གཉེར་རྩ་འཛུགས་དང་། ཁྱིམ་ཚང་གི་ཞིང་འབྲོག་ར། འབྲུ་འདེབས་ཕྱུགས་གསོའི་དུད་ཚང་ཆེ་གྲས་བཅས་གོང་འཕེལ་ཤུགས་ཆེ་བཏང་ཐོག ཐོན་ཁུངས་ཀྱི་ལེགས་ཆ་ཆེ་འདུས་ཁུལ་དུ་གཞི་ཁྱོན་ལྡན་པ་དང་ཞིབ་ལས་ཅན་གྱི་འདེབས་སྐྱོང་གསོ་སྤེལ་ཁྱབ་གདལ་ཤུགས་ཆེ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ལས་དྲ་ཚུགས་འཐུས་ཚང་བཟོས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཚོང་དོན་ཁྲོམ་རའི་དྲ་རྒྱའི་མ་ལག་དང་རིམ་གསུམ་ཟོག་འགྲུལ་འགྲེམས་སྐྱེལ་མ་ལག་འཛུགས་རྒྱུར་ཤུགས་རྒྱག་དགོས། ཤང་གྲོང་685ཡི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ཐུབ་པ་བྱེད་དགོས།
སྡེ་གླིང་དཔལ་འབྱོར་གཙོ་གནད་དུ་བཟུང་ནས་འབྱུང་འཕྲོད་བཟོ་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་དགོས། ཐོན་ལས་སྡེ་གླིང་གི་འཆར་འགོད་བཟོ་རྒྱུ་དང་གཉེར་སྐྱོང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་བོད་མཚོ་བཟོ་ལས་སྡེ་གླིང་སོགས་སྡེ་གླིང་གང་མགྱོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། དངོས་གཞིའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་དགོས་པ་དང་། “སྣེ་རིགས་གསར་སྣོན་དང་། སྤུས་ཚད་ལེགས་གཏོང་། གྲགས་རྟགས་གསར་གཏོད”བཅས་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཐོན་ཁུངས་ཀྱི་ཁྱད་ཡོན་དེ་དཔལ་འབྱོར་གྱི་ཁྱད་ཡོན་དུ་དངོས་སྒྱུར་ཏན་ཏིག་བྱེད་དགོས། ཁྱད་ལྡན་ལེགས་ཆ་ཆེ་བའི་བཟོ་སྣོན་ལས་རིགས་གོང་འཕེལ་གྱི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས། སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་ལེགས་གཏོང་བྱས་ཏེ་ཐང་ག་དང་། བོད་སྤོས། བོད་རུམ་སོགས་མི་རིགས་ལག་ཤེས་བཟོ་ལས་གཙོ་གནད་དུ་བཟོ་འདོན་བྱེད་དགོས་པ་དང་། གསོ་རིག་ལ་བརྟེན་ནས་སྨན་རྫས་སྐུལ་ཁྲིད་བྱས་ཏེ་བོད་ལུགས་གསོ་རིག་སྨན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་པ། ནུས་རྒྱུ་གྲོན་ཆུང་ཐུབ་པའི་ཁང་པའི་སྐྱ་བཟོའི་རྒྱུ་ཆ་གསར་གྲས་ཁྱབ་གདལ་བཏང་སྟེ་ཨར་སྐྲུན་རྒྱུ་ཆས་ལས་རིགས་ཀྱི་ཐོན་ནུས་ཆེ་རུ་གཏོང་རྒྱུ་ཁྱབ་བཀོད་ལུགས་མཐུན་བྱེད་དགོས། གསར་དར་ཐོན་ལས་སྐྱོང་སྤེལ་སྟོབས་ཆེར་གཏོང་བ་དང་། དྭངས་གཙང་ནུས་རྒྱུའི་རྟེན་གཞི་གང་མགྱོགས་བཙུགས་ཏེ་བོད་ཤར་ལྷོའི་ཆུ་གློག་ཐོན་ཁུངས་གཙོ་གནད་དུ་གསར་སྤེལ་བྱེད་དགོས། རང་བྱུང་འཐུང་ཆུའི་ཚད་གཞིའི་མ་ལག་གང་མགྱོགས་བཟོས་ཐོག རང་བྱུང་འཐུང་ཆུའི་ཁྲོམ་ར་གསར་སྤེལ་ཤུགས་ཆེ་བྱེད་དགོས། “མཉམ་འབྲེལ་དྲ་རྒྱ་+”བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས།
ཞབས་ཞུ་ལེགས་སུ་གཏོང་རྒྱུ་འཛིན་ཐབས་སུ་བྱས་ནས་ཁྱད་ལྡན་ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་དགོས། ཁུལ་ཡོངས་ཀྱི་ཡུལ་སྐོར་བསམ་གཞི་མཐའ་འཁྱོངས་བྱེད་དགོས་པ་དང་། བོད་དུ་ཡུལ་སྐོར་ལ་རོལ་བའི་དམིགས་ཡུལ་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་བྱས་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་སྒྲིག་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པ་དང་། ཡུལ་སྐོར་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། འགོག་མེད་ཤར་བགྲོད་ཀྱི་ཡུལ་སྐོར་ཁུལ་ཧུར་ཐག་བཙུགས་ནས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་དང་ཚད་གཞི་མཐོ་རུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་དངོས་ཡོད་ཆད་སྐྱོན་གསབ་སྐྱོང་བྱེད་དགོས་ལ་ལམ་ལུགས་དང་ལམ་སྲོལ་གྱི་མངོན་མེད་ཆད་སྐྱོན་ཡང་ཐག་གཅོད་བྱེད་དགོས། ལྷ་ས་དང་ཉིང་ཁྲིའི་ཁུལ་ཡོངས་ཀྱི་ཡུལ་སྐོར་དཔེ་མཚོན་གྲོང་ཁྱེར་འཛུགས་མགྱོགས་སུ་གཏོང་དགོས། གནས་ལྗོངས་ཁུལ་རྩེ་གྲ་གཏོད་རྒྱུའི་ཚོད་ལྟ་སྤེལ་རྒྱུ་དང་། ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་ནང་ཡུལ་སྐོར་ཁེ་ལས་ཆེ་གྲས་ནས་བོད་དུ་ཡན་ལག་ཚན་པ་འཛུགས་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། འགྲོ་ཁུངས་གཏན་འཁེལ་གྱི་ཡུལ་སྐོར་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། ལོ་ཧྲིལ་པོར་ཡུལ་སྐོར་མི་ཐེངས་ཁྲི་2500ཡན་ལ་སྣེ་ལེན་ཞུ་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་370ཡན་ཟིན་ཐུབ་པ་བྱེད་དགོས།
བཞི། དངུལ་རྩས་རྒྱབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་སྐུལ་སྤྱོད་བྱེད་དགོས།
མ་དངུལ་བསྡུ་གཏོང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདུས་བྱེད་པའི་དཔེ་སྟོན་ཁྱབ་གདལ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་མ་དངུལ་བསྡུ་རྒྱུག་བྱེད་པའི་རྣམ་གྲངས་གསོག་མཛོད་གང་མགྱོགས་བཙུགས་ཐོག་ཁྱབ་བསྒྲགས་བྱེད་དགོས། མ་དངུལ་བསྡུ་གཏོང་ལས་སྟེགས་ཚད་ལྡན་འཛུགས་དགོས། ཐོན་ལས་གོང་འཕེལ་གཏོང་བའི་ཐེབས་རྩ་དང་། གསར་སྤེལ་མ་འཇོག་ཐེབས་རྩ། གོང་འཕེལ་མ་འཇོག་ཐེབས་རྩ་བཅས་འཛུགས་དགོས། “རྒྱུད་གཅིག་ལམ་གཅིག”གི་བོད་ཀྱི་རྐང་དབང་མ་འཇོག་ཐེབས་རྩ་འཛུགས་རྒྱུའི་འཚོལ་ཞིབ་བྱེད་དགོས།
དམིགས་བསལ་གཟིགས་སྐྱོང་ལྡན་པའི་དངུལ་རྩའི་སྲིད་ཇུས་ཆད་ལུས་མེད་པར་བབ་བསྟུན་བེད་སྤྱོད་ཡག་པོ་བྱེད་དགོས། དངུལ་རྩའི་ནུས་ལྡན་མཁོ་འདོན་མང་དུ་བཏང་སྟེ་ཡིད་རྟོན་དངུལ་བུན་ལྷག་འབོར་སྒོར་དུང་ཕྱུར་3600ལས་བརྒལ་ནས་20%ཡན་འཕར་ཐུབ་པ་བྱེད་དགོས། ཀུན་ཕན་དངུལ་རྩ་གོང་འཕེལ་ཤུགས་ཆེ་གཏོང་དགོས། “དབང་གཉིས”དང་ནགས་དབང་གཏའ་འཇོག་གི་དངུལ་བུན་གཏོང་བའི་ལས་དོན་བརྟན་པོའི་ངང་སྤེལ་དགོས། ཁེ་ལས་3ནས་5བར་ཁྲོམ་འགྲེམས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་དང་། ཁེ་ལས་ཀྱི་བུ་ལོན། ཀུང་སིའི་བུ་ལོན་བཅས་འགྲེམས་སྤེལ་བྱེད་དགོས། གནོད་གེགས་ཆེ་མོའི་འགན་བཅོལ་ལམ་ལུགས་འཛུགས་མགྱོགས་སུ་བཏང་སྟེ་གནོད་གེགས་ཆེ་མོའི་ཉེན་ཟོན་ཁ་འགྲེམས་ལམ་སྲོལ་འཛུགས་དགོས།
དངུལ་རྩའི་མ་ལག་འཐུས་ཚང་འཛུགས་དགོས། དངུལ་རྩའི་ཐོན་ལས་སྡེ་གླིང་འཛུགས་དགོས། དམངས་གཉེར་དངུལ་ཁང་དང་གྲོང་ཚོ་གྲོང་རྡལ་གྱི་དངུལ་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། རྫོང་ཁོངས་འགན་བཅོལ་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་དགོས། ཡིད་རྟོན་རིམ་དཔྱད་དང་། འགན་བཅོལ་བར་བརྒྱུད། རྒྱུ་ནོར་ཚོད་སྐོར། དངུལ་འདུ་ཁག་ཐེག མ་འཇོག་བློ་འདྲི་སོགས་མཚམས་སྦྱོར་ཞབས་ཞུའི་ཚན་པ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་དངུལ་རྩའི་ཁོར་ཡུག་ལེགས་སུ་བཏང་ནས་ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པ་བྱེད་དགོས།
ལྔ། གསར་གཏོད་ཀྱིས་འདེད་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་གོང་འཕེལ་གཏོང་བའི་གསོན་ཤུགས་ཆེ་རུ་འགྲོ་བ་བྱེད་དགོས།
བསྒྱུར་བཅོས་ཁག་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས། ནོར་ཁྲལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་རིམ་ཁག་སྲིད་གཞུང་དབར་གྱི་དོན་བྱེད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ལོགས་དབྱེའི་བསྒྱུར་བཅོས་བྱེད་མགྱོགས་སུ་བཏང་སྟེ་ཡོང་འབབ་དབྱེ་བགོས་དང་གཤམ་འོག་ལ་མ་དངུལ་སྒྱུར་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་བཟོ་དགོས། གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་དང་། ནགས་དབང་ལམ་ལུགས། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ཁྱབ་ཁོངས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྲིལ་བཅོས་བསྐྱར་སྒྲིག་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཆུ་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། མཐུན་སྦྱོར་ངང་གོང་འཕེལ་བཏང་སྟེ་འབྲོག་ཁུལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཐོག་ནག་ཆུའི་ལས་དོན་ཚོགས་འདུ་འཚོགས་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་འདོམས་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་བྱས་ཏེ་དབང་འགན་གསལ་ཐོ་དང་སྐབས་བསྟུན་སྒྲུག་བཤེར་བྱ་བའི་གསལ་ཐོ་འཐུས་ཚང་བཟོ་བ་དང་ཚད་ལྡན་དུ་གཏོང་དགོས། ཁྲོམ་རར་འཛུལ་ཞུགས་བྱེད་པའི་ལམ་ལུགས་བསྒྱུར་བཅོས་བྱས་ཏེ་ཁྲོམ་རར་འཛུལ་ཞུགས་བྱེད་པའི་བཀག་རྒྱ་གསལ་ཐོ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་དགོས། ཁེ་ལས་ཀྱི“ལག་ཁྱེར་ལྔ་གཅིག་སྒྲིལ”དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཀྱི“ལག་ཁྱེར་གཉིས་སྒྲིལ་སྤྱོད”ཀྱི་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ་དང་། “སྤ་སེ་དང་ལག་ཁྱེར་ལོགས་དབྱེ”བྱེད་པའི་ཚོད་ལྟ་སྤེལ་དགོས། སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཚོགས་འདུ་འཚོགས་དགོས།
སྒོ་དབྱེ་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་རང་འགུལ་ཐོག་འདྲེས་ཞུགས་བྱས་ཏེ་ལྷོ་ཨེ་ཤེ་ཡར་སྒོ་མོ་ཕྱེ་བའི་བགྲོད་ལམ་གལ་ཆེན་གང་མགྱོགས་སྐྲུན་དགོས། ཧེ་མ་ལ་ཡའི་མཐའ་འཁོར་དཔལ་འབྱོར་མཉམ་ལས་ཁུལ་རྒྱུད་ཧུར་ཐག་འཛུགས་དགོས་པ་དང་། གངས་ཏེ་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག སྐྱིད་རོང་འགག་སྒོ་གཙོ་གནད་དུ་འཛུགས་སྐྲུན་བྱས་ཏེ་ཀྲུང་ནེའི་རྒྱལ་གྲོལ་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། ཀོང་ཏུང་ནས་བོད་ལྗོངས་བརྒྱུད་ཨེ་ཤེ་ཡ་དབུས་ལྷོའི་མེ་འཁོར་འགྲུལ་བཞུད་ལས་གཉེར་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱེད་དགོས། གཞིས་རྩེའི་ཟོག་འགྲུལ་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཀྲུང་དབྱང་གི་ཁེ་ལས་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས། དེ་མིན་ཁེ་ལས་གཞན་དག་བཅས་བོད་དུ་མ་འཇོག་ལས་གཉེར་བྱེད་པ་ཡོང་རྒྱུར་སྐུལ་འདེད་བཏང་ཁར། ཐུན་མོང་ཐོག་ཐོན་ལས་མཉམ་གཉེར་གྱི་དཔེ་མཚོན་ཁུལ་འཛུགས་དགོས། ག་སྦྱར་བོད་སྐྱོར་ལས་ཀའི་ཆུ་ཚད་གོང་མཐོར་ཤུགས་ཆེ་བཏང་སྟེ་སྨན་བཅོས་དང་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་དགོས། “ནང་དུ་གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་རྒྱུ”ཤུགས་ཆེར་བཏང་སྟེ་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་ཀ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
ཚན་རྩལ་གསར་གཏོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས། ཚན་རྩལ་རྨང་གཞིའི་ལས་སྟེགས་དང་ཚན་རྩལ་ཁྱབ་གདལ་རྟེན་གཞི་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཐོག ལྷ་སའི་མཐོ་གསར་ཁུལ་དེ་རྒྱལ་ཁབ་རིམ་པར་གནས་སྤོར་ཐུབ་པ་བྱེད་དགོས། ཤེས་ལྡན་པར་རིགས་དབྱེ་ཚོད་སྐོར་བྱེད་པའི་མ་ལག་འཛུགས་རྒྱུའི་འཚོལ་ཞིབ་བྱས་ནས་ཚན་རྩལ་གསར་གཏོད་དང་བྱ་གཞག་གཏོད་མཁན་ཤེས་ལྡན་པའི་འཆར་གཞི་དང་ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་ཤུགས་ཆེ་སྤེལ་ཐོག ཞིང་འབྲེལ་ཡོན་ཧྲེའི་ལས་ཚིགས་འཛུགས་དགོས། མཚོ་བོད་ས་མཐོའི་མིའི་རིགས་ཀྱི་རྒྱུད་ཁུངས་དཔེ་གཞིའི་ཐོ་མཛོད་འཛུགས་དགོས་པའི་ཐོག མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སྤེལ་དགོས། སྲུང་སྐར་རྒྱང་ཚོར་བེད་སྤྱོད་ཀྱི་ཞིབ་འཇུག་བྱེད་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་ཆེད་དམིགས་རྣམ་གྲངས་གལ་ཆེན་དང་། གཙོ་གནད་ལས་གཞི། མཉམ་ལས་གསར་གཏོད་ལྟེ་གནས་བཅས་ལ་གཞི་བཅོལ་ནས་དགོས་གཏུག་ཆེ་བའི་ཤེས་ལྡན་པ་དཀོན་གྲས་ཁག་ཅིག་གསོ་སྐྱོང་བྱེད་དགོས། ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། བོད་ཀྱི་དོན་དངོས་དང་འཚམ་པའི་ལས་གཉེར་འོས་ཐོབ་རྒྱུགས་ལེན་ཚད་གཞི་དང་དཔྱད་ཞིབ་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོ་འབེབས་བྱེད་དགོས། མ་དངུལ་སྒོར་དུང་ཕྱུར་1བཏང་ནས་སྔོན་ཐོན་གོ་ཆོད་ཀྱི་ལག་རྩལ་ཤེས་ལྡན་པ་ནང་འདྲེན་ཤུགས་ཆེ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་ཆེད་མངགས་པའི་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས།
དྲུག ཁོར་ཡུག་གིས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་འབྱུང་འཕྲོད་དང་བདེ་འཇགས་ཞི་མཐུན་བཅས་ལྡན་པའི་རྣམ་པ་ཞིག་སྐྲུན་དགོས།
འབྱུང་ཁམས་བདེ་འཇགས་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། རྒྱལ་ཁབ་ས་ཁམས་སྔོ་ལྗང་ཅན་དང་དུས་ཐེངས་གསར་པའི་རྨོ་སྐྱུར་ནགས་བཟོའི་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས། ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་དང་། རྩྭ་ཐང་དང་། གཤེར་ས། ཆུ་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རང་སྐྱོང་ལྗོངས་རིམ་པའི་འབྱུང་ཁམས་ནུས་འདུས་ཁུལ་གྱི་འཆར་འགོད་བཟོ་སྒྲིག་བྱས་ནས་འབྱུང་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གཏན་འཁེལ་བྱེད་དགོས། གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱེད་པར་རང་སྐྱོང་ལྗོངས་སྲིད་གཞུང་ནས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོབ་ཐད“སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཐོག “མཐོ་གསུམ”རྣམ་གྲངས་རིགས་གཏན་འགོག་བྱེད་དགོས། རླུང་ཁམས་ཆེན་པོ་དང་། ས་རྒྱུ། ཆུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ཉེན་ཆེའི་སྙིགས་དངོས་གཅིག་སྡུད་ཐོག་གཙང་སེལ་དང་དེ་ཐོན་སའི་ཚན་པའི་ཁོར་ཡུག་ལ་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་བསིང་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་རྒྱག་དགོས། སྦགས་བཙོག་ཡོང་ཁུངས་ལ་ཐེངས་གཉིས་པའི་ཡོངས་ཁྱབ་ཞིབ་བཤེར་ཡག་པོ་བྱེད་དགོས། ཁོར་ཡུག་ལ་ལྟ་སྡོམ་ཁྲིམས་སྒྱུར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ་ཆུའི་ཐོན་ཁུངས་ཟད་འབོར་དང་ཟད་ཤུགས་ཚོད་འཛིན་བྱེད་པའི་བྱ་སྤྱོད་སྤེལ་དགོས་པ་དང་། ཁུལ་ཁོངས་གལ་ཆེའི་ས་ཆུ་མི་ཤོར་བའི་ཕྱོགས་བསྡུས་འགོག་བཅོས་གང་མགྱོགས་བྱེད་དགོས། བྱང་ཐང་གི་གཙོད་འབྲོང་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་འཆར་འགོད་བྱེད་དགོས་པ་དང་། ཇོ་མོ་གླང་མ་དེ་རྒྱལ་ཁབ་སྤྱི་གླིང་ཁོངས་སུ་དང་གྲུ་དཀར་གུ་གེ་འཛམ་གླིང་ཤུལ་བཞག་ཁོངས་སུ་འཇུག་རྒྱུར་རེ་ཞུ་ཧུར་ཐག་བྱེད་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ལས་ཀར་གཞོགས་འདེགས་གང་ལེགས་བྱེད་དགོས།
བདེ་འཇགས་ཐོན་སྐྱེད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིར་ལྟ་བཤེར་དང་སྐོར་ཞིབ་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། ས་གཤིས་གནོད་འཚེ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྡོམ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་བཟོ་དགོས། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོའི་ལས་ཀར་གཞོགས་འདེགས་གང་ལེགས་བྱེད་དགོས། གཞུང་ལམ་འགྲིམ་འགྲུལ་དང་། གཏེར་ཁ། ཨར་སྐྲུན། མེ་ཟོན། ནགས་ཚལ་མེ་འགོག ཉེན་ཆེའི་རྫས་འགྱུར་དངོས་རྫས། དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་ཆེད་དམིགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ཐོག ཚུལ་མིན་ལ་རྡུང་རྡེག་དང་ཁྲིམས་འགལ་རིགས་བཅོས་སྐྱོང་བྱེད་པའི་དམ་བསྒྲགས་རྣམ་པ་མཐའ་འཁྱོངས་བྱས་ནས་བདེ་འཇགས་ལས་འཛོལ་ཚབས་ཆེ་དང་ཤིན་ཏུ་ཚབས་ཆེ་རིགས་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཐུབ་པ་བྱེད་དགོས།
སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རིགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཁྲིམས་བཞིན་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་འགོག་མཉམ་འཛིན་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས། སྤྱི་ཚོགས་ཀྱི་གྲངས་གཞི་དང་སྡེ་ཚན་གྱི་གྲངས་གཞི་སྒྲིལ་སྤྱོད་དང་མཉམ་སྤྱོད་བྱས་ཐོག ཕྱོགས་མཐའ་ཀུན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་མ་ལག་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་རིགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་དང་། གྲོང་ཁྱེར་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གསར་གཏོད་བཅས་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ཐོག གཞི་རིམ་གྱི་ཕྱོགས་བསྡུས་ཞབས་ཞུ་དང་དོ་དམ་གྱི་ལས་སྟེགས་འཐུས་ཚང་འཛུགས་དགོས། འགལ་ཟླ་འདུམ་སེལ་གྱི་སྣ་མང་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་གོང་འཕེལ་གཏོང་བའི་ཁོར་ཡུག་ལེགས་སྒྱུར་ཤུགས་ཆེ་བྱེད་དགོས། དངོས་ཡོད་མི་འབོར་ལ་ཞབས་ཞུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་དང་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཤུགས་ཆེ་སྤེལ་ཏེ་མ་དངུལ་སྒོར་དུང་ཕྱུར་60སྒྲིལ་སྤྱོད་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་བཅས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གང་མགྱོགས་གོང་འཕེལ་འགྲོ་རྒྱུར་རོགས་སྐྱོར་བྱེད་དགོས།
རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཐོག དམག་བཀུར་ཁྱིམ་སྐྱོང་དང་། སྲིད་བཀུར་དམངས་གཅེས། དམག་དམངས་མཉམ་སྐྲུན་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། དམག་དམངས་མཉམ་འདྲེས་གཏིང་ཟབ་བྱས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག མི་དམངས་མཁའ་ཟོན་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་ཕན་ཚུན་ལེགས་སྤེལ་དང་མཐུན་སྦྱོར་གོང་འཕེལ་ཡོང་བ་བྱེད་དགོས།
སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་རྒྱུ།
རིམ་ཁག་སྲིད་གཞུང་གིས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས།
གཅིག་ནི་སྲོག་ཤིང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་ཆབ་སྲིད་ཀྱི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱས་ཏེ་བསམ་བློའི་ཐོག་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱེད་པ། བྱ་སྤྱོད་ཐོག་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
གཉིས་ནི་སྲིད་འཛིན་གྱི་ནུས་ཆོད་ཆེ་རུ་གཏོང་དགོས། སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱུན་རྣམ་གསར་པར་འཚམ་མཐུན་དང་སྟངས་འཛིན་ཁྲིད་སྟོན་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཚད་གཞི་ཁ་གསལ་དང་། གོ་རིམ་དམ་ནན། འཁོར་སྐྱོད་ཁ་གསལ། ཚོད་འཛིན་ནུས་ལྡན། དབང་འགན་གསལ་དབྱེ་བཅས་ཀྱི་སྲིད་འཛིན་དོ་དམ་མ་ལག་གང་མགྱོགས་བཙུགས་ཐོག“ཉེ་ཞིང་གཙང་བའི”སྲིད་ཚོང་གཉིས་ཀྱི་འབྲེལ་བ་གསར་པ་བཙུགས་ཏེ་ཁྲོམ་ར་གཉེར་མཁན་རིགས་ཁག་ལ་དྲང་སྙོམས་དང་། བརྟན་ལྷིང་། གསལ་ཆ་ཆེ་བ། སྔོན་དཔག་ཐུབ་པ་བཅས་ཀྱི་མ་འཇོག་ཚོང་གཉེར་གྱི་ཁོར་ཡུག་ཅིག་གཏོད་དགོས།
གསུམ་ནི་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས། བཅའ་ཁྲིམས་ཐོག་གཏན་འབེབས་བྱས་པའི་འགན་འཁྲིའི་དབང་ཚད་གཞིར་བཟུང་སྲིད་འཛིན་དབང་ཆ་ཚད་ལྡན་ངང་སྤྱད་དེ་ཁྲིམས་ཀྱི་དབང་བསྐུར་མེད་ན་བྱེད་མི་རུང་བ་དང་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་ངེས་པར་དུ་སྒྲུབ་དགོས། སྲིད་གཞུང་གི་ཁྲིམས་བཟོར་ཤུགས་སྣོན་བརྒྱབ་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་གལ་ཆེའི་ཇུས་ཐག་གཅོད་པར་ལུགས་མཐུན་གྱི་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་འཛུགས་དགོས། སྲིད་འཛིན་ལ་ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ཁྲིམས་བཞིན་དང་ལེན་ཞུ་དགོས་པ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུ་དགོས།
བཞི་ནི་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། འགན་འཁུར་ཕོད་ལ་དོན་དངོས་སྒྲུབ་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ཐོག དོན་དངོས་ལ་བསྟུན་པ་དང་། གཞི་རིམ་དང་མང་ཚོགས་ཁྲོད་ཟབ་བསྐྱོད་བྱས་ཏེ་མི་གཞི་རིམ་དུ་འགྲོ་བ་དང་། དངུལ་གཞི་རིམ་དུ་གཏོང་བ། སྲིད་ཇུས་གཞི་རིམ་དུ་འཕར་གཟིགས་བཅས་བྱས་ནས་ལག་ལེན་དངོས་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་བྱས་རྗེས་དངོས་ཧུར་ཐག་གཏོད་དགོས།
ལྔ་ནི་སྤྱོད་གཙང་སྲི་ཞུ་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”དང་ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང་“བླང་བྱ་ཁག་དགུ”དོན་འཁྱོལ་ནན་པོ་བྱས་ནས་སྤྱོད་གཙང་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་དང་། དབང་ཆར་དོ་དམ། བྱ་བར་དོ་དམ་བཅས་མཐའ་འཁྱོངས་བྱས་ཐོག ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་རྩད་གཅོད་མཐའ་གཅིག་ཏུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་ཀྱི་རྣམ་པ་མཐའ་འཁྱོངས་བྱས་ནས་སྤྱོད་གཙང་སྲོལ་བཟང་གི་སྲིད་དོན་ཁོར་ཡུག་ཅིག་གཏོད་དགོས།
དྲུག་ནི་ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བྱས་འབྲས་ཞིབ་དཔྱད་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་དང་། ཆེད་དོན་སྒྲུབ་སྐུལ། རྩིས་བཤེར་ལས་དོན་བཅས་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྲིད་གཞུང་གི་སྤུས་ཚད་ཞིབ་དཔྱད་གཏིང་ཟབ་བྱས་ཏེ་སྲིད་འཛིན་གྱི་བྱེད་དགོས་པའི་ལས་ཀ་མི་བྱེད་པ་དང་ལས་རྙོག་བཟོ་རིགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ་འགྱུར་མེད་ཀྱི་དད་པ་དང་། འགྱུར་མེད་ཀྱི་བློ་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་སེམས་བཅས་ཀྱི་ཐོག་ནས་བཀོད་པ་ལུང་དུ་འགྲོ་བ་དང་བཀའ་གསུང་ཅི་སྒྲུབ་ཞུ་དགོས།
འཐུས་མི་རྣམ་པ། འདས་ཟིན་པར་ཕྱི་མིག་བལྟ་སྐབས། ང་ཚོར་སྤོབས་སེམས་ཆེན་པོ་སྐྱེ་བ་དང་། མ་འོངས་པར་ཁ་ཕྱོགས་སྐབས་ང་ཚོར་གདེང་ཚོད་ཆེན་པོ་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལམ་བཤངས་གསར་གཏོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་རྒྱུར་བསུ་བ་ཞུ་དགོས།
(ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 罗布玉珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣