ཚེས་28ཉིན་ནི་ལུགས་རྙིང་ལོའི་ལོ་གསར་ཚེས་གཅིག་ཡིན། སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་ནས་རང་ཉིད་ཀྱི་འབྲེལ་གཏུག་བྱ་ཡུལ་ཡིན་པའི་སྤང་ས་དགོན་དང་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་ཕེབས་ཏེ་དགོན་སྡེའི་དགེ་འདུན་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ། འགན་ལེན་ལྔའི་རྒན་རྒོན་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ཚང་མར་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད། ལོ་གསར་གྱི་སྨོན་འདུན་བཟང་པོའང་ཞུས་པ་རེད།
སྤང་ས་དགོན་དེ་བཀྲ་ཤིས་སྒང་ཤང་གི་ཉི་ཟེར་ལར་གནས་ཡོད། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དང་སྦྲགས། དགོན་སྡེའི་དོ་དམ་ཞབས་ཞུ་དང་དགོན་ཕན་གྲྭ་ཕན་གྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བློ་བཟང་རྒྱལ་མཚན་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལས་ཤག་དང་ཟ་ཁང་དུ་ཕེབས་ཏེ་ལས་ཀ་དང་སློབ་སྦྱོང་བྱ་ཡུལ་དང་འཚོ་བའི་ཁོར་ཡུག་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག ཁོང་ཚོར་ལོ་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད།
ཁོང་གིས་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན་པས། ཕུལ་བྱུང་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱེད་པར་གཏོང་དོན་ནི་ཏང་གི་མང་ཚོགས་ལམ་ཕྱོགས་དེ་བས་ལེགས་པའི་སྒོ་ནས་ལག་ལེན་བསྟར་ཆེད་ཡིན། དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་གྲྭ་བཙུན་རྣམས་སྤྱི་དམངས་དང་། གཉེན་ཉེ། གྲོགས་པོ་བཅས་ལ་བརྩིས་ཏེ་དགོན་སྡེར་སེམས་གནས་པ་དང་རྩ་བ་ཚུགས་ནས་ཟམ་མི་ཆད་པར་བྱང་ཚད་མཐོར་གཏོང་དང་། སྤྱོད་ཚུལ་ལེགས་གཏོང་། འཇོན་ཐང་ཆེར་གཏོང་བཅས་བྱེད་པའི་ཐོག་བརྩེ་སེམས་བཅངས་པ་དང་དོ་ཁུར་བྱས་ནས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་གྲྭ་བཙུན་གྱི་དཀའ་ངལ་དངོས་ཐག་གཅོད་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་གྲྭ་བཙུན་ཚོས་ཚོར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་སྤང་ས་དགོན་གྱི་གཞུང་ལམ་འཛུགས་སྐྲུན་དང་གྲྭ་ཤག་ཉམས་གསོ་སོགས་ཀྱི་ལས་གྲྭ་འདི་ལོ་ལག་ལེན་བསྟར་རྒྱུ་རེད། བློ་བཟང་རྒྱལ་མཚན་གྱིས་གྲྭ་ཤག་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བསྟན་འཛིན་ནོར་བུ་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་དུས་མཚུངས་དགོན་སྡེའི་དགེ་འདུན་པ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་བཞུགས་མོལ་གནས་ནས་ངོ་ཐུག་གདོང་འཕྲད་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་ཁག་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེམས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོ་ངེས་པ་དང་། ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་གཅེས་སྤྲས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ། བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་དང་སིམ་འཛུལ་གྱི་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། ཆོས་ཀྱི་རྟོག་པ་དང་ཀུན་སྤྱོད་ཀྱི་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྡོམ་ཁྲིམས་དང་བསྟན་དོན་ལ་དུས་རབས་ཀྱི་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་འགྲེལ་བཤད་རྒྱག་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། འདུལ་ཁྲིམས་དང་བཅའ་ཁྲིམས་སྲུང་བ་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོར་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ལེགས་གཏོང་། འབད་འབུངས་ཡར་བརྩོན་བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་དང་བོད་་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
མལ་གྲོ་གུང་དཀར་རྫོང་གི་སྤྱི་ཚོགས་ཕན་བདེ་ཁང་བཙུགས་ནས་ལོ་གཅིག་ལྷག་ཙམ་སོང་ཡོད། ལུགས་རྙིང་ལོའི་ལོ་གསར་ཚེས་གཅིག་ཉིན་འགན་ལེན་ལྔའི་རྒན་རྒོན་230ཚང་མ་མཉམ་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་ཅིང་། བློ་བཟང་རྒྱལ་མཚན་དེར་ཕེབས་ཏེ་འགན་ལེན་ལྔའི་རྒན་རྒོན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་ཆབས་ཅིག ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཡང་ཞུས་པ་རེད།