དབུ་ཤོག>སྲིད་དོན།
  • ཉམས་ཞན་ཚོགས་སྤྱིས་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་དེ་བས་ཡག་པོ་ཚོར་བ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-28

    ཟླ་1ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཞོལ་གྲོང་གསར་དུ་གནས་པའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཕན་བདེ་ཁང་དང་ཚལ་གུང་ཐང་ཤང་དུ་གནས་པའི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ཕེབས་ནས་མི་ཧྲེང་རྒན་རྒོན་དང་ཕན་བདེ་ཁང་གི་བྱིས་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཁོང་ཚོར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ། ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པ་ཤེས་བྱ་ཉིན་བཞིན་འཕེལ་བ་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བ་མ་ཟད། ལྗོངས་ཡོངས་ཀྱི་རྒན་རྒོན་ནད་མེད་ཚེ་རིང་དང་བདེ་སྐྱིད་འཚོ་བར་རོལ་རྒྱུའི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་པ་དང་། དྲོ་སྐྱིད་ལྡན་པའི་ཚོམས་ཆེན་ནང་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཕྱག་གཡུག་གཡུག་གནང་བཞིན་དུ་རྒན་རྒོན་རེ་རེ་བཞིན་ལ་ཕྱག་བཏང་ནས་འཚམས་འདྲི་གནང་བ་དང་དཀར་གཙང་མཇལ་དར་བསྒྲོན་ཏེ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས། གོས་དཀར་གྱོན་པའི་རྒད་པོ་ངག་དབང་དེ་གར་འཚོ་བ་སྐྱེལ་ནས་ལོ་མང་སོང་བ་དང་འདི་ལོ་ལོ་94ལ་སླེབས་ཡོད། བློ་བཟང་རྒྱལ་མཚན་དང་ཁོང་ནི་ངོ་ཤེས་རྙིང་པ་ཡིན་པས་ཁོང་རྣམ་གཉིས་ཕན་ཚུན་བྱམས་བརྩེའི་ངང་དབུ་གཏུག་ནས་སྤྲོ་སེམས་འཁོལ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། “གཟུགས་པོ་གང་འདྲ་འདུག་གམ། འཚོ་བ་གང་འདྲ་འདུག་གམ”ཞེས་བློ་བཟང་རྒྱལ་མཚན་གྱིས་ཐུགས་ཁུར་ཆེན་པོའི་ངང་བཀའ་འདྲི་གནང་། “འཚོ་བ་ཡག་པོ་འདུག་ང་ཚོ་ཧ་ཅང་སྐྱིད་པོ་འདུག”ཅེས་རྒད་པོ་ངག་དབང་གིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང“ཏང་གི་བཀའ་དྲིན་རྒྱ་མཚོ་ལས་ཀྱང་ཟབ”ཅེས་ཞུས། བློ་བཟང་རྒྱལ་མཚན་གྱིས་ཚང་མར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་མི་ཧྲེང་རྒན་རྒོན་ཚོར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། རྒན་རྒོན་60ལྷག་ཙམ་དེ་གར་འཚོ་བ་སྐྱེལ་བཞིན་ཡོད་པའི་ཁྲོད་ལོ་80ཡན་17དང་ལོ་90ཡན་5ཡོད་པ་ཤེས་རྟོགས་བྱུང་། ཚང་མ་ནད་མེད་ཚེ་རིང་ངང་འཚོ་བ་སྐྱིད་པོ་སྐྱེལ་བཞིན་པ་མཐོང་སྐབས་ང་ཚོ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་ང་ཚོ་བོད་མི་དམངས་ཚོ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྐྱོད་པར་བརྟེན་ནས་བྱུང་བས་དེར་ཐུགས་རྗེ་ཆེ་ཞུ་དགོས་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུ་དགོས་པས་ང་ཚོས་ངེས་པར་དུ་ཆུ་འཐུང་དུས་ཆུ་འགོ་མ་བརྗེད་པར་ཏང་གི་བཀའ་དྲིན་བསམ་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ“དགའ་སྤྲོ་འཁོལ་བའི་ཁྱིམ་ཚང་། དཔྱིད་གསར་མཉམ་འཛོམས་ཀྱི་བྱེད་སྒོ”སྤེལ་བཞིན་ཡོད་པ་དང་ཕྲུ་གུ་ཚོ་ཡངས་ཤིང་དཀར་ཆ་དོད་པའི་བྱེད་སྒོ་སྤེལ་ཡུལ་དུ་འཛོམས་ནས་ལྒང་ཕུག་རྡོག་བརྫིས་གཏོང་བ་དང་ཕིང་ཕང་སྤོ་ལོ་རྒྱག་པ་སོགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ནང་ཞུགས་ཏེ་སྤྲོ་སྣང་འཕེལ་བའི་དགོད་སྒྲ་སྒོ་ར་ཧྲིལ་པོར་ཁེངས་ཡོད། བློ་བཟང་རྒྱལ་མཚན་གྱིས་ཕྲུ་གུ་ཚོར་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་རང་ཉིད་ཐེངས་མང་སླེབས་མྱོང་ཡོད། རྒྱུན་དུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྱེད་ཚོའི་ཕན་བདེ་ཁང་གི་ཁོར་ཡུག་ལེགས་པ་དང་། ཆ་རྐྱེན་ལེགས་པ། སློབ་སྦྱོང་ཡར་རྒྱས་མགྱོགས་པ་སོགས་ཡོད་པས་ན་ནིང་མཐོ་རིམ་སློབ་འབྲིང་གི་སློབ་དུས་འདིའི་སློབ་ཐོན་སློབ་མ་17ཡོད་པ་ཚང་མ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་ད་ཆ་ཕན་བདེ་ཁང་དུ་སློབ་ཆེན་སློབ་མ་52ཡོད་པའི་གཏམ་བཟང་ཁྱབ་པ་དེས་ཁྱེད་ཚོར་དོ་ཁུར་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་རྣམས་ཧ་ཅང་དགའ་པོ་བྱུང་ཡོད། ལོ་གསར་པ་ཤར་བས་ཁྱེད་ཚོ་གཟུགས་པོ་ཆེན་པོ་ཆགས་པ་དང་བསྟུན་ནས་ཤེས་བྱའི་གནས་ཚད་ཀྱང་མཐོ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒན་བཀུར་གཞོན་སྐྱོང་དང་། ཕན་ཚུན་རོགས་རམ། ཡར་རྒྱས་ཧུར་ཐག་ཡོང་བ་བཅས་དར་སྤེལ་བཏང་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན། རང་ཉིད་ཀྱི་ཕ་ཡུལ་ལ་དགའ་ཞེན་བཅས་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱས་ནས་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།