ཚེས་16ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཙུའུ་ཡི(རྒྱ་ཆེ)ཚོགས་འདུ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། བསྟན་འཛིན་རྣམ་རྒྱལ་བཅས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་2016ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་2016ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་འབྲེལ་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་2017ལོའི་ལས་དོན་གྱི་གཙོ་གནད་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་ནི་ཆབ་སྲིད་ཀྱི་ལས་ཁུངས་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གལ་ཆེན་ཞིག་རེད། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲིའི་དབང་ཆ་ཁག་ཡག་པོ་བསྒྲུབ་སྟེ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགན་ནུས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། ངེས་པར་དུ་ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཏང་ཙུའུ་ཡི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གོམ་སྟབས་གསར་པ་སྤོ་རྒྱུ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། གཅིག་ནས་ཏང་ཙུའུ་འདི་ཉིད་ཆབ་སྲིད་ཀྱི་འཇོན་ཐང་ཡོད་པའི་འགོ་ཁྲིད་ཚན་ཁག་ཅིག་ཏུ་བསྐྲུན་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་གི་བསམ་བློའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་བྱེད་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མདུན་དུ་སྐྱོད་རྒྱུར་འགན་ལེན་བཅས་བྱས་ཏེ། བློ་མཐུན་ཞིས་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་ཏང་ཙུའུ་འདི་ཉིད་བྱང་ཚད་མཐོ་བའི་འགོ་ཁྲིད་ཚན་ཁག་ཅིག་ཏུ་བསྐྲུན་ནས་ཐོག་མཐའ་བར་གསུམ་དུ་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གནང་བའི་བཀོད་སྒྲིག་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཁྲིམས་སྲུང་བཅས་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་སྐུལ་འདེད་ནུས་པ་དང་། ལྟ་སྐུལ་གྱི་སྐུལ་འདེད་དང་འགན་ལེན་གྱི་ནུས་པ། མི་དམངས་འཐུས་ཚོགས་ཀྱི་བྱེད་པོའི་ནུས་པ། ས་གནས་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་འགན་ནུས་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད། ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ། གསུམ་ནས་ཏང་ཙུའུ་འདི་ཉིད་མི་སེམས་གཅིག་སྒྲིལ་གྱི་འགོ་ཁྲིད་ཚན་ཁག་ཅིག་ཏུ་བསྐྲུན་ནས། ཐོག་མཐའ་བར་གསུམ་དུ་མཉམ་སྡེབ་ཀྱི་བློ་གྲོས་དང་སྟོབས་ཤུགས་ལ་དམ་པོར་བརྟེན་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་ནན་ཏན་བྱས་ནས་ལས་ཁུངས་ཀྱི་ཏང་བཙུགས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དོན་ཆེན་ཐད་རྩ་དོན་ལ་སྣང་ཆེན་དང་། དོན་ཆུང་ཐད་སྤྱོད་ཚུལ་ལ་སྣང་ཆེན། བསམ་བློའི་ཐད་ཐུན་མོང་ངོས་འཛིན་ཆགས་པ། ལས་དོན་ཐད་ཐུན་མོང་གི་རྣམ་པ་ལྡན་པ། བརྩེ་སེམས་ཐད་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་ལ་གཙིགས་ཆེན་དང་ལས་དོན་གྱི་སྤྱི་ཡོངས་ལ་གཙིགས་ཆེན་གྱིས་འགོ་ཁྲིད་ཚན་ཁག་འདི་ཉིད་མཐུན་སྒྲིལ་ལྡན་ལ་བྱ་བ་མཉམ་སྒྲུབ་དང་། སེམས་ནུས་གཅིག་སྒྲིལ། དངོས་སྒྲུབ་ཕན་ཆེ་བཅས་ཀྱི་འགོ་ཁྲིད་མཉམ་སྡེབ་ཤིག་ཏུ་ཧུར་ཐག་བསྐྲུན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་མཁན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ། བཞི་ནས་ཏང་ཙུའུ་འདི་ཉིད་སྤྱོད་ཚུལ་བརྟན་པའི་འགོ་ཁྲིད་ཚན་ཁག་ཅིག་ཏུ་བསྐྲུན་ནས་ཐོག་མཐའ་བར་གསུམ་དུ་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། ཏང་ཙུའུ་ཡི་བྱེད་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབ་པ་དང་། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “ལས་གནས་གཅིག་དང་འགན་འཁྲི་གཉིས”ཀྱི་ལས་དོན་ནན་པོ་བསྒྲུབ་པ། བརྟག་དཔྱད་ཞིབ་འཇུག་གི་ལས་དོན་གཏིང་ཟབ་སྤེལ་བ། མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རུལ་རྒོལ་གཙང་སྤེལ་གྱི་བྱེད་ཐབས་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་སུ་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།