དབུ་ཤོག>སྲིད་དོན།
  • སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-15

    (2017ལོའི་ཟླ་1ཚེས་9ཉིན)པད་མ་རྣམ་རྒྱལ།

    ཨུ་ཡོན་རྣམ་པ།

    ངས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་ཚོགས་ཆེན་ཐོག་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།

    རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་འཛིན་སྐྱོང་ཐད་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཐབས་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཁག་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ། ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་འགན་ལེན་དུ་བྱེད་པ་བཅས་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ཏེ་རང་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    གཅིག གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།

    ལོ་གཅིག་ནང་། ཁྱོན་བསྡོམས་གྲོས་གཞི་ཁག་489འབྱོར་བ་དང་། དེ་དག་ལ་ཞིབ་དཔྱད་བྱས་ནས་གྲོས་ཁོངས་སུ་བཅུག་པ་ཁག་479ཡོད་པ་དང་། གྲོས་ཁོངས་སུ་མ་བཅུག་པར་བསམ་འཆར་དང་གྲོས་འགོའི་ཁོངས་སུ་སྒྱུར་བ་ཁག་9ཡོད་པ། གྲོས་གཞི་ཕྱིར་འཐེན་བྱས་པ་1བཅས་ཡོད་པས་2016ལོའི་ལོ་མཇུག་བར་དུ་གྲོས་གཞི་ཚང་མར་གཉེར་སྒྲུབ་ལན་འདེབས་བྱས་ཟིན། གཉེར་སྒྲུབ་བྱས་ཚུལ་ལ་བལྟས་ན་དེའི་ནང་བཏོན་པའི་གནད་དོན་ཐག་གཅོད་བྱས་ཟིན་པའམ་ཡང་ན་གཞན་གྱིས་དང་ལེན་བྱས་པའི་བསམ་འཆར་དང་གྲོས་འགོ་ཁག་228ཡོད་པ་དེས་48%ཟིན་པ་དང་། ཐག་གཅོད་བྱེད་རྩིས་སམ་ཡང་ན་དང་ལེན་བྱེད་རྩིས་ཡོད་པའི་གྲོས་གཞི་ཁག་170ཡོད་པ་དེས་35%ཟིན་པ། ཆ་རྐྱེན་མ་འཛོམས་པར་གནས་སྐབས་ཐག་གཅོད་བྱེད་དཀའ་བའམ་ཡང་ན་དཔྱད་གཞིར་ཉར་བ་དང་དེ་མིན་གྱི་གྲོས་གཞི་ཁག་81ཡོད་པ་དེས་17%ཟིན་པ་བཅས་ཡིན། སྤྱི་ཡོངས་ནས་བལྟས་ན་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་། གཙོ་གནད་འབུར་དུ་ཐོན་པ། གནད་དོན་གྱི་ཁྲིད་ཕྱོགས་ཁ་གསལ་བ། དམིགས་སའི་རང་བཞིན་ཆེ་བ་བཅས་བྱུང་ཡོད་པས་སྲིད་གྲོས་ཨུ་ཡོན་དང་ཐེ་ཞུགས་ཚན་པ་ཁག་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་ཡོད་པ་མཚོན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དོན་འཁྱོལ་ཐུབ་པ་བྱེད་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།

    གོང་འཕེལ་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་གཞི་ཁག་209བཏོན་ཡོད་པ་དེས་43%ཟིན་ཡོད། དེ་ཡང་ཨུ་ཡོན་ཚོས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལ་དམིགས་ནས་དཔལ་འབྱོར་འཁོར་རྒྱུག་དམ་འཛིན་ཡག་པོ་དང་། གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ། གོང་འཕེལ་འཆར་འགོད་དོན་འཁྱོལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེ་བྱེད་རྒྱུ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་དང་། ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་སོགས་ཀྱི་ཐད་ཐབས་ཇུས་གཉིས་འདོན་བྱས་ཡོད་པ་དཔེར་ན། འབྲེལ་ཡོད་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྒོ་དབྱེ་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་རྒྱུ་སོགས་ཐད་བཏོན་པའི་གྲོས་འཆར་དེ་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་དེའི་ཐད་ཀྱི་འབྲེལ་ཡོད་གྲོས་འཆར་དང་ལེན་ཧུར་ཐག་བྱས་ཡོད་པས་རང་ལྗོངས་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མངོན་གྱུར་ཡོང་ཆེད་བསམ་གཞི་འཐུས་ཚང་དུ་སོང་ཡོད། རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྱོགས་སྒྱུར་རིམ་སྤོར་གང་མགྱོགས་བྱེད་རྒྱུ་དང་། མི་རིགས་ལག་ཤེས་བཟོ་ལས་ཐོན་ལས་ཅན་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད། ལག་འཐག་བོད་རུམ་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུར་མཐོང་ཆེན་བྱེད་རྒྱུ་སོགས་ཐད་བཏོན་པའི་གྲོས་འཆར་དེ་རང་སྐྱོང་ལྗོངས་བཟོ་ལས་ཆ་འཕྲིན་ཅན་ཐིང་གིས་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་ཚགས་ཚུད་དུ་གཏོང་བའི་ནང་ཞིབ་འཇུག་དང་ལེན་བྱས་ཡོད། ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་ནང་ཆུ་འདྲེན་སྒྲིག་བཀོད་ཐད་ས་ཆའི་གྲུབ་ཆ་སྤྱོད་རྒྱུར་བསམ་གཞིགས་མང་ཙམ་བྱེད་རྒྱུ་སོགས་ཐད་བཏོན་པའི་གྲོས་འཆར་དེ་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གལ་སྲིད་ཕན་འབྲས་ཡག་པོ་ཐོན་ཐུབ་ན་སྔར་བས་ཁྱབ་གདལ་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད། བོད་ཀྱི་མཉམ་འབྲེལ་དྲ་རྒྱའི་ཐོག་ནས་དངུལ་རྩའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་སོགས་ཐད་བཏོན་པའི་གྲོས་འཆར་དེ་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་དྲ་རྒྱའི་དངུལ་རྩ་གསར་གཏོད་དང་། “མཉམ་འབྲེལ་དྲ་རྒྱ+”ཡི་དངུལ་རྩའི་འཐབ་ཇུས་ལག་བསྟར། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་རྒྱུ་སོགས་ཀྱི་ཐད་སྐུལ་འདེད་ཇེ་ཆེར་བཏང་ཡོད། གཞུང་ལམ་ལམ་རྒྱུད་གཙོ་བོའི་ཡུལ་སྐོར་བགྲོད་ལམ་གཏོད་རྒྱུ་སོགས་ཐད་བཏོན་པའི་གྲོས་འཆར་དེ་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཨུ་ལྷན་གྱིས་དེར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་བྱེད་རིན་ཤུགས་ཆེ་ལྡན་པས་དཔྱད་གཞིར་བཟུང་ནས་དང་ལེན་ཧུར་ཐག་བྱེད་རྒྱུའི་ངོས་འཛིན་བྱས་ཡོད། ཚྭ་ལྡན་མཚེའུ་ཡི་ལི་རྒྱུ་ཐོན་ཁུངས་གསར་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་སོགས་ཐད་བཏོན་པའི་གྲོས་འཆར་དེ་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཚྭ་ལྡན་མཚེའུ་དེ་ཐོན་ལས་འཆར་འགོད་ཀྱི་གཅིག་གྱུར་ཁྱབ་བཀོད་ནང་བཅུག་སྟེ་རྒྱབ་སྐྱོར་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། འགྲིམ་འགྲུལ་དང་ནུས་ཁུངས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་སོགས་ཐད་བཏོན་པའི་གྲོས་འཆར་དེ་འབྲེལ་ཡོད་སྡེ་ཚན་གྱིས་འཆར་འགོད་ཀྱི་བཀོད་སྒྲིག་གཞིར་བཟུང་སྦྲེལ་མཐུད་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛུགས་སྐྲུན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད།

    ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་གཞི་ཁག་53བཏོན་ཡོད་པ་དེས་11%ཟིན་ཡོད། དེ་ཡང་ཨུ་ཡོན་རྣམ་པས་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁག་བཅུ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་དང་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཞི་མཐུན་བརྟན་ལྷིང་གི་རྣམ་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྣམ་པ། ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་སོགས་གཏོད་རྒྱུའི་ཐད་ཐབས་ཇུས་གཉིས་འདོན་བྱས་ཡོད་པ་དཔེར་ན། དགོན་སྡེར“གཉིས་ལྡན་དུད་སྦྲེལ”གྱི་ཐེམ་དཔོན་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་འབྲེལ་གཏུག་ཧུར་ཐག་བྱས་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དེ་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་སྔ་ཙམ་འཇུག་གང་ཐུབ་བྱེད་རྒྱུ་ཡིན། བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་འཆར་འགོད་ནང་བསྡུ་འཇུག་དང་ལེན་བྱས་ཡོད། མཐའ་མཚམས་ལྟ་སྡོམ་བྱེད་ནུས་ཆེ་རུ་བཏང་ནས་དུས་བདེའི་བོད་ལྗོངས་བསྐྲུན་པར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་རེ་རེ་བཞིན་ཞིབ་འཇུག་བྱས་ཏེ་གཉེར་སྒྲུབ་ནན་ཏན་བྱེད་རྒྱུ་རེད། ལག་གཡོག་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འཆར་དེ《བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་བཅོས་སྐྱོང་ཐད་ཀྱི་ལས་རོགས་ཉེན་རྟོག་པའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ནང་བསྡུ་འཇུག་བྱས་ཟིན་ཡོད། ས་ཆ་གཞན་དུ་རང་འགུལ་ཐོག་གནས་སྤོས་བྱེད་མཁན་མང་ཚོགས་ཀྱི་གཞིས་ཆགས་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་གྲོས་འཆར་དེར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས《ཐེམ་ཁོངས་ལམ་ལུགས་བསྒྱུར་བཅོས་སྔར་བས་ཆེ་བ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》ཟིན་འགོད་བྱེད་སྐབས། སྲིད་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དབྱར་རྩྭ་དགུན་འབུ་སྔོག་འཐུའི་རྩོད་རྙོག་ཐག་གཅོད་ལུགས་མཐུན་བྱེད་རྒྱུར་དམིགས་པའི་གྲོས་གཞི་བཏོན་པར་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འབྲེལ་ཡོད་བློ་མཐུན་ཚོས་རྩོད་རྙོག་ཐོན་ཁུལ་དུ་བསྐྱོད་ནས་བརྟག་ཞིབ་བྱས་ཏེ་དོགས་གནད་སེལ་བ་དང་རྩོད་རྙོག་འདུམ་འགྲིག་བྱས་ཡོད། དགོན་སྡེའི་གྲྭ་ཤག་ཉམས་གསོ་དང་། དེ་བཞིན་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་། གྲྭ་བཙུན་ན་ཚ་བསྟེན་པར་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ། དགོན་སྡེའི་གྲྭ་བཙུན་གྱི་སྒྲིག་གྲངས་ཁ་སྣོན་རྒྱག་རྒྱུ། བླ་སྤྲུལ་ངོས་འཛིན་བྱེད་རྒྱུ་སོགས་ཐད་ཀྱི་གྲོས་གཞི་བཏོན་པར་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་སོགས་འགན་ནུས་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད་དོན་འཁྱོལ་ཡང་བྱས་ནས་རང་ལྗོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་ཡོད།

    དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུའི་ཐད་གྲོས་གཞི་ཁག་121བཏོན་པ་དེས་25%ཟིན་ཡོད། དེ་ཡང་ཨུ་ཡོན་ཚོས་ལས་ཞུགས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། དབུལ་གྲོལ་འགག་སྒྲོལ་ལེགས་སྒྲུབ་བྱེད་རྒྱུ་སོགས་དམངས་འཚོའི་གནད་དོན་ལ་གཞིགས་ཏེ་ཐབས་ཇུས་གཉིས་འདོན་ཧུར་ཐག་བྱས་ཡོད་པ་དཔེར་ན། སློབ་གསོ་བསྒྱུར་བཅོས་གཏིང་ཟབ་དང་། དགེ་རྒན་གྱི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན། སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་རྒྱུ། མཐོ་རྒྱུགས་སློབ་བསྡུའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་པར་སློབ་གསོའི་སྡེ་ཚན་གྱིས་དང་ལེན་ཧུར་ཐག་བྱས་པ་དང་། ལྷག་པར་དུ་དཔལ་འབར་རྫོང་གི་གཞི་རིམ་སློབ་གསོའི་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་རྒྱུའི་གྲོས་གཞིའི་ནང་རྫོང་འདི་གར་དགེ་རྒན་དཀོན་པའི་གནད་དོན་སྐོར་གྱི་གྲོས་གཞི་བཏོན་པར་སློབ་གསོའི་སྡེ་ཚན་གྱིས་2016ལོར་ཆབ་མདོ་གྲོང་ཁྱེར་དང་དཔལ་འབར་རྫོང་ལ་དགེ་རྒན་བསྡུ་འཇུག་དང་ལས་བགོས་བྱེད་རྒྱུའི་ཐད་འཕར་གཟིགས་བྱས་ཡོད། ལྷ་རི་རྫོང་བོད་ལུགས་གསོ་རིག་སྨན་ཁང་གིས་མཆིན་ཚད་ཁ་པ་བཅོས་རྒྱུའི་བོད་སྨན་ཁྱད་ནུས་ཅན་གྱི་རྨང་གཞིའི་ཞིབ་འཇུག་ཚོད་ལྟ་སྤེལ་རྒྱུར་མ་དངུལ་རོགས་སྐྱོར་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་དེར་མཐོང་ཆེན་པོ་བྱས་ཏེ་རང་འགུལ་ཐོག་རྣམ་གྲངས་ཀྱི་འགན་འཁུར་མཁན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་རྣམ་གྲངས་རེ་ཞུའི་དཔྱད་ཡིག་འདོན་འབུལ་བྱས་ཏེ་ཆ་ཚང་པོ་བྱུང་རྗེས་གང་མགྱོགས་གོ་རིམ་གཞིར་བཟུང་གཉེར་སྒྲུབ་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་རིམ་ཁག་སྨན་བཅོས་ཚན་ཁག་ཏུ་སྨན་བཅོས་བྱེད་སྐབས་སྨན་རིན་དུས་ཐོག་ཏུ་རྩིས་རྒྱག་ཐུབ་པ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས《ཞིང་འབྲོག་མང་ཚོགས་ཀྱི་ནད་པ་སྨན་ཁང་དུ་སྡོད་སྐབས་སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་སྨན་རིན་རྩིས་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》གཤམ་སྤེལ་བྱས་ནས་དེ་ལག་བསྟར་དོན་འཁྱོལ་སྔར་ལས་ལྷག་པ་བྱེད་རྒྱུ་རེད། གྲོང་གསེབ་ཀྱི་གནོད་མེད་འཐུང་ཆུའི་ལས་གྲྭ་འཛུགས་སྐྲུན་བྱེད་པའི་ནང་ལྷག་བསྡད་པའི་གནད་དོན་དང་དེ་ཐག་གཅོད་བྱ་ཐབས་སྐོར་གྱི་གྲོས་གཞི་བཏོན་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”གྲོང་གསེབ་ཀྱི་གནོད་མེད་འཐུང་ཆུ་ལེགས་སུ་གཏོང་བའི་རྣམ་གྲངས་གཉེར་བའི་ནང་རྣམ་གྲངས་འཛུགས་སྐྲུན་དོ་དམ་བྱེད་རྒྱུ་སོགས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་མ་ཟད། རྒྱུན་མཐུད་ནས་ཐག་གཅོད་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། རུ་ཐོག་རྫོང་དང་སྙེ་མོ་རྫོང་གི་འབྲེལ་ཡོད་གྲོང་ཚོ་དང་ཙུའུ་ཁག་གི་འཕྲིན་གཏོང་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུད་ཀྱིས་འཕྲལ་མར་འཕྲིན་གཏོང་ཁེ་ལས་སྒྲིག་འཛུགས་བྱས་ཏེ་འཕྲིན་བརྡའི་ལྕོག་བཙུགས་ནས་དྲ་རྒྱ་ལེགས་སྒྱུར་བྱས་པས་དེ་འཕྲལ་གནད་དོན་ཐག་གཅོད་ཐུབ་ཡོད། དབུལ་སྐྱོར་ལས་དོན་སྐོར་ལ་བསམ་བློའི་སློབ་གསོ་རྒྱག་རྒྱུར་མཐོང་ཆེན་བྱས་ནས་དབུལ་སྐྱོར་བྱེད་དགོས་ན་སྔོན་ལ་རིག་སྟོབས་ཀྱི་གཞོགས་སྐྱོར་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀ་བཀོད་སྒྲིག་དང་དོན་འཁྱོལ་བྱེད་པའི་ནང་དང་ལེན་ཧུར་ཐག་བྱས་ཡོད། བོད་སྡོད་ཁེ་ལས་ཀྱིས་ས་གནས་དེ་གའི་ངལ་རྩོལ་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བ་དང་འཐུས་ཚང་གཏོང་དགོས་པའི་སྐོར་གྱི་གྲོས་འགོ་བཏོན་པར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་གནང་ནས་ཁྲིམས་སྲོལ་བཟོ་འབེབས་དང་ལག་བསྟར་བྱེད་བཞིན་པའི་སྒང་ཡིན།

    རིག་གནས་དར་སྤེལ་གཏོང་རྒྱུའི་ཐད་གྲོས་གཞི་ཁག་55བཏོན་པ་དེས་12%ཟིན་ཡོད། དེ་ཡང་ཨུ་ཡོན་ཚོས་རིག་གནས་ཐོན་ལས་གོང་འཕེལ་དང་། རིག་དངོས་སྲུང་སྐྱོབ་ཤུགས་ཆེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོན་སྤེལ་སོགས་ཀྱི་ཐད་ལ་དམིགས་ནས་ཐབས་ཇུས་གཉིས་འདོན་བྱས་ཡོད་པ་དཔེར་ན། “མངོན་མིན་རིག་གནས་ཤུལ་བཞག”སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པས་འབྲེལ་ཡོད་སྡེ་ཚན་གྱིས་བསམ་འཆར་དང་གྲོས་འགོ་དང་ལེན་ཧུར་ཐག་བྱས་ནས་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་འཁྲབ་སྟོན་ལས་རིགས་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འཆར་དེ《བོད་རང་སྐྱོང་ལྗོངས་རྫོང་རིམ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་ཐེངས་གྲངས་ཀྱི་ཁ་གསབ་དོ་དམ་བྱེད་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས》ནང་དང་ལེན་གང་ལེགས་བྱས་ཡོད། ལྷ་སའི་ནང་མ་ཁང་དང་ལྷ་མོའི་འཁྲབ་སྟོན་གནས་ལྗོངས་ཁུལ་དུ་རིག་གནས་ཐོན་ལས་ལ་སྐུལ་ཁྲིད་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་ཚན་པས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་རྒྱུ་དང་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཐད་ནས་རིག་གནས་ཐོན་ལས་གོང་འཕེལ་གཏོང་ཤུགས་ཆེ་རུ་གཏོང་རྩིས་ཡོད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུད་དེ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་དུ་རེ་ཞུ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སྟོབས་ཤུགས་སྒྲིག་འཛུགས་དང་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ་ཆབ་མདོ་གྲོང་ཁྱེར་ལ་ལོ་རྒྱུས་རིག་གནས་ཐོན་ཁུངས་ཕྱོགས་ཡོངས་ནས་སྔོག་འདོན་དང་དབྱེ་གསེས་བྱེད་རྒྱུར་གཞོགས་འདེགས་བྱས་ཡོད། ཕག་རི་རྫོང་ཉམས་བཟོ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་གཞིས་རྩེ་གྲོང་ཁྱེར་གྱིས་2017ལོར་ཉམས་བཟོའི་རང་བཞིན་གྱི་ཨར་པོའི་ལས་འགོ་འཛུགས་རྩིས་ཡོད། བོད་ཀྱི་ཐང་གའི་སྒྱུ་རྩལ་རྟེན་རྫས་ཁང་དང་བོད་ཀྱི་མཛེས་རྩལ་ཁང་ཟླ་སྒྲིལ་བཏང་ནས་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྣམ་གྲངས་དུས་དཀྱིལ་ལེགས་སྒྲིག་བྱེད་སྐབས་འཛུགས་སྐྲུན་ཐད་རྒྱལ་ཁབ་ནས་རྒྱབ་སྐྱོར་ཐོབ་ཐབས་བྱེད་རྒྱུའམ་ཡང་ན་རང་སྐྱོང་ལྗོངས་ནས་མ་དངུལ་ཐག་གཅོད་ཡོང་བའི་བརྩོན་ལེན་ཧུར་ཐག་བྱེད་རྒྱུའི་གྲོས་འཆར་བཏོན་ཡོད། མཚུར་ཕུ་དགོན་དང་། འབྲི་གུང་མཐིལ་དགོན། སྟག་ལུང་དགོན། དཔའ་ཤོད་དགོན་སོགས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་འཇུག་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱིས་དགོན་སྡེའི་རིག་དངོས་ཀྱི་རིན་ཐང་དང་སྲུང་སྐྱོབ་དོ་དམ་བྱེད་སྟངས་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་མིག་སྔར་སྤེལ་བཞིན་པའི་ལྗོངས་ཡོངས་ཀྱི་ཐེངས་བརྒྱད་པའི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་རེ་ཞུ་བྱེད་པའི་ནང་གཅིག་གྱུར་འཆར་འགོད་བྱས་ནས་བསམ་གཞིག་བྱེད་རྒྱུའི་ལན་འདེབས་བྱས་ཡོད།

    འབྱུང་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་ཐད་གྲོས་གཞི་ཁག་41བཏོན་པ་དེས་9%ཟིན་ཡོད། དེ་ཡང་ཨུ་ཡོན་ཚོས་འབྱུང་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་། འབྱུང་ཁམས་བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་ནན་སྲུང་བྱེད་པ། འབྱུང་ཁམས་བདེ་འཇགས་སྲུང་བཅད་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ཤུགས་ཆེ་བྱེད་པ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཕྱོགས་བསྡུས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ་སོགས་ཀྱི་ཐད་ཐབས་ཇུས་གཉིས་འདོན་བྱས་ཡོད་པ་དཔེར་ན། གཏེར་ཁུལ་གྱི་ཆུ་དཔྱད་དང་ལས་གྲྭའི་ས་གཤིས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞིར་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གིས་ས་གཤིས་རྩད་བཤེར་ཞིབ་དཔྱད་བྱེད་པའི་བརྒྱུད་རིམ་ནང་ཆུ་དཔྱད་དང་ལས་གྲྭའི་ས་གཤིས་རྩད་བཤེར་ལས་དོན་གྱི་འགག་སྒོ་ནན་པོ་སྲུང་རྒྱུའི་གཏན་འཁེལ་བྱས་ཡོད། “རྡོ་སོལ་ནན་འགོག”བྱས་ནས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་སོལ་རླངས་དང་རྡོ་སོལ་གྱིས་མཁའ་རླུང་བཙོག་སྐྱོན་བཟོ་རིགས་འགོག་བཅོས་བྱེད་རྩིས་ཡོད། ལྷ་ས་གྲོང་ཁྱེར་གྱི་སྙིགས་དངོས་གནོད་མེད་བསྡུ་ལེན་ས་ཚིགས་གང་མགྱོགས་འཛུགས་རྒྱུའི་སྐོར་གྱི་གྲོས་འཆར་ལ་ལྷ་ས་གྲོང་ཁྱེར་གྱིས་ཆེད་དོན་བརྟག་ཞིབ་བྱས་རྗེས་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་སྣེ་ཁྲིད་དེ་བསྐྱར་སྤྱོད་ཐོན་ཁུངས་བསྡུ་ལེན་ས་ཚིགས་ཁག་གཅིག་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད། སྲོག་ཆགས་ཚེ་ཐར་གཏོང་རིགས་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཏེ་སྐྱེ་དངོས་བཙན་འཛུལ་གྱི་ཉེན་ཁ་ཆུང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་གྲོས་གཞིའི་ནང་བཏོན་པའི་བྱ་ཐབས་ཇི་བཞིན་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། བྱམས་ཆེན་དགོན་པའི་རྒྱབ་རིར་ཤིང་འཛུགས་ནགས་བཟོ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་རིན་སྤུངས་རྫོང་མི་དམངས་སྲིད་གཞུང་གིས་ལས་གྲྭ་དེ“གཙང་གཉིས་ཆུ་བཞི”དང་2017ལོའི་གཙོ་གནད་ཁུལ་ཁོངས་ཀྱི་ནགས་བཟོའི་འཆར་འགོད་ནང་འཇུག་རྒྱུ་ཡིན་ཞིང་མ་དངུལ་སྒོར་ཁྲི་400གཏོང་རྩིས་ཡོད། ལྷུན་རྩེ་རྫོང་ནགས་ཚལ་སྤྱི་བདེ་ཚན་པ་འཛུགས་རྒྱུའི་སྐོར་གྱི་གྲོས་གཞིར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོས་འཆར་དང་ལེན་ཧུར་ཐག་བྱས་ཏེ་ཞིབ་འཇུག་བྱས་པ་བརྒྱུད་ལྷུན་རྩེ་རྫོང་དུ་ནགས་ཚལ་སྤྱི་བདེ་ཅུད་བཙུགས་ཟིན་ཡོད།

    གཉིས། གྲོས་གཞིའི་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་བཏང་བ།

    ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས“ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཐོན་རྒྱུར་དོ་སྣང་བྱེད་པའི”ལས་ཀའི་མཛད་ཕྱོགས་གཞིར་བཟུང་། “གྲོས་གཞི་འདོན་རྒྱུ་འགག་རྩ་ཡིན་པ་དང་། གཉེར་སྒྲུབ་བྱེད་རྒྱུ་ལྟེ་བ་ཡིན་པ། གནད་དོན་ཐག་གཅོད་བྱེད་རྒྱུ་ནི་དམིགས་ཡུལ་ཡིན་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་གིས་དོན་གཉེར་གསར་གཏོད་དང་གཙོ་གནད་མངོན་ཆེར་བཟུང་ནས་གྲོས་གཞིའི་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱས་ཡོད།

    (གཅིག)ཚད་མཐོའི་མཐོང་ཆེན་གྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་གྲོས་གཞིའི་ལས་དོན་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོས་གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་མཆན་འགོད་བཀའ་ལན་དང་མཛུབ་སྟོན་གནང་ཡོད་ཅིང་། རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གི་གྲོས་གཞི་གཉེར་སྒྲུབ་རྩིས་སྤྲོད་ཚོགས་འདུར་ཞུགས་པ་མ་ཟད། འབྲེལ་ཡོད་ཚན་པས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་གྲོས་གཞི་གཉེར་སྒྲུབ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་གྲོས་གཞིའི་ལས་དོན་དེ་གལ་ཆེའི་ཉིན་རེའི་གྲོས་རིམ་ཁོངས་སུ་བཅུག་ནས་ཀྲུའུ་ཞི་ཚོགས་འདུའི་ཐོག་གྲོས་གཞིའི་ལས་ཀར་ཞིབ་འཇུག་ཐེངས་མང་བྱས་པ་དང་། གྲོས་གཞིའི་ལས་དོན་དེ་སྲིད་གྲོས་ཀྱི་སྤྱི་ཡོངས་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཡོད། གྲོས་གཞིའི་ལས་དོན་ཁག་གི་བརྒྱུད་རིམ་ནང་སྲིད་གྲོས་ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་རྒྱུར་མཐོང་ཆེན་དང་། སྲིད་གྲོས་ཐེ་ཞུགས་ཚན་པས་གྲོས་གཞིའི་ལས་དོན་ལ་ཐེ་ཞུགས་བྱེད་རྒྱུར་མཐུན་སྦྱོར་ཧུར་ཐག་བྱེད་པ། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཧུར་སེམས་དང་རང་འགུལ་བྱེད་སེམས་སྐུལ་སློང་བྱེད་པ་བཅས་ལ་བརྟེན་ནས་ཏང་ཨུད་ཀྱིས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་འགུལ། ཕྱོགས་ཁག་གིས་ཐེ་ཞུགས། སྤྱི་ཚོགས་ཀྱིས་དོ་ཁུར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    (གཉིས)ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་ནས་གྲོས་གཞིའི་ལས་དོན་ཧྲིལ་པོའི་སྤུས་ཚད་ལེགས་སུ་བཏང་བ། ཚོགས་འདུ་དང་བརྟག་ཞིབ་སོགས་འགན་འཁྲི་སྒྲུབ་པའི་བྱེད་སྒོའི་སྐབས་དང་བསྟུན་ནས་ཨུ་ཡོན་རྣམས་ལ་གྲོས་གཞིའི་ལས་དོན་སྤེལ་ཚུལ་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ཐེ་ཞུགས་ཚན་པ་ཁག་གིས་འགན་ནུས་བསྒྲུབ་རྒྱུར་ཁྲིད་སྟོན་དང་སྣེ་ཁྲིད་བྱས་ཡོད། སྤུས་ཚད་ཅུང་ཡག་པ་དང་གཉེར་སྒྲུབ་ཡག་ཙམ་བྱུང་བའི་གྲོས་གཞི་བདམས་ནས་དེ་དག《གྲོས་གཞི་གཉེར་སྒྲུབ་གནས་ཚུལ་བདམས་སྒྲིག》ནང་བཀོད་དེ་པར་འགྲེམས་བྱས་པར་བརྟེན་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པ་བྱུང་ཡོད། གྲོས་ཁོངས་སུ་འཇུག་རྒྱུའི་འགག་སྒོ་ནན་བཟུང་གིས“ཞིབ་བཤེར་བཞིའི”ལམ་ལུགས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས་གྲོས་གཞི་ཞིབ་བཤེར་སྔར་བས་ཞིབ་ཚགས་པ་དང་། ནན་པོ། ཚད་ལྡན་བཅས་བྱུང་ཡོད། ལོ་གཅིག་ནང་བཏོན་པའི་གྲོས་གཞིའི་སྤུས་ཚད་སྔར་བས་ལེགས་སུ་སོང་བ་དང་། ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་སོང་བ། བསམ་འཆར་དང་གྲོས་འགོའི་དམིགས་ས་དང་ལག་ལེན་བསྟར་འཐུས་མངོན་གསལ་དོད་པོས་ཤུགས་ཆེར་སོང་ཡོད། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པས་སྔར་ལས་ལྷག་པའི་སྒོ་ནས་འགོ་ཁྲིད་སྒྲིག་འཛུགས་བྱེད་རྒྱུར་ཤུགས་སྣོན་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་། གཉེར་སྒྲུབ་བྱེད་སྟངས་གསར་གཏོད། གཉེར་སྒྲུབ་དོན་འཁྱོལ་བྱེད་རྒྱུར་མཐོང་ཆེན་བཅས་བྱས་ནས་གྲོས་གཞི་གཉེར་སྒྲུབ་ལས་དོན་ཏན་ཏིག་བསྒྲུབས་པར་བརྟེན་གྲོས་གཞིའི་རིན་ཐང་དང་ཨུ་ཡོན་ཚོའི་འགན་ནུས་སྒྲུབ་པའི་འབྲས་བུ་གང་ལེགས་མངོན་ཐུབ་པ་བྱུང་ཡོད། གྲོས་གཞིའི་སྤུས་ཚད་ལེགས་སུ་བཏང་བ་དེས་གཉེར་སྒྲུབ་སྤུས་ཚད་ལེགས་སུ་འགྲོ་རྒྱུར་འགན་ལེན་ཐུབ་པ་བྱུང་བ་དང་། གྲོས་གཞིའི་གཉེར་སྒྲུབ་སྤུས་ཚད་ལེགས་སུ་བཏང་བ་དེས་རྒྱ་ཆེའི་ཨུ་ཡོན་ཚོས་སྤུས་ལེགས་ཀྱི་གྲོས་གཞི་འབྲི་འབུལ་བྱེད་པའི་ཧུར་སེམས་སྐུལ་སློང་ཐུབ་ཡོད།

    (གསུམ)གླེང་ཆ་ཆེ་རིགས་ལ་དོ་སྣང་བྱས་ནས་གཙོ་གནད་གྲོས་གཞི་སྒྲུབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་གཙོ་གནད་ལས་དོན་ལ་དམིགས་ནས་གཙོ་གནད་གྲོས་གཞི་ཁག་10གཏན་འཁེལ་བྱས་ཤིང་། ཀྲུའུ་ཞི་གཞོན་པ་10ཡིས་ཁག་སོ་སོར་སྣེ་ཁྲིད་དེ་འབྲེལ་གཏུག་སྒྲུབ་སྐུལ་བྱས་ཡོད། གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ནང་སྒྲུབ་སྐུལ་བྱེད་མཁན་ཀྲུའུ་ཞི་གཞོན་པ་ཁག་སོ་སོས་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་དང་འབྲེལ་གཏུག་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཉེར་སྒྲུབ་ལས་དོན་སྤེལ་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་རྒྱུར་དོ་ཁུར་གང་ཆེ་བྱས་ཤིང་། སྒྲུབ་སྐུལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་དོན་སྤེལ་ཚུལ་ཉན་པ་དང་། སྒྲུབ་འགན་འཁུར་མཁན་ཚན་པར་བཅར་འདྲི་བྱེད་པ། གྲོས་གཞིར་བཀའ་མཆན་འགོད་པ། བཀའ་ལན་གཉེར་སྒྲུབ་བྱེད་པ་སོགས་ཀྱི་བྱེད་སྟངས་མི་འདྲ་བའི་ཐོག་ནས་གཉེར་སྒྲུབ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། གཙོ་གནད་གྲོས་གཞིའི་གྲས་སུ《རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོན་བྲལ་དང་མགྱོགས་མྱུར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སྒྲུབ་སྐུལ་བྱེད་པའི་ནང་སྒྲུབ་སྐུལ་བྱེད་མཁན་ཀྲུའུ་ཞི་གཞོན་པས་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་འབྲེལ་ཡོད་ཁེ་ལས་ནང་དངོས་སུ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། ཆེད་ལས་མཁས་པར་ཐག་གཅོད་བྱ་ཐབས་འདྲི་རྟོགས་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བསམ་འཆར་ཉན་པ་དང་བརྟག་ཞིབ་སྙན་ཞུ་བཟོས་ཏེ་གྲོས་གཞི་དང་གྲོས་འཆར་ཚགས་ཚུད་དུ་བཏང་ནས་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པས་གྲོས་གཞིའི་བསམ་འཆར་དང་གྲོས་འགོ་ཚང་མ་དང་ལེན་བྱས་ཡོད། 《བོད་ཀྱི་མཐོ་རིམ་སློབ་གྲྭའི་རིག་མཛོད་གང་མགྱོགས་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི》སྒྲུབ་སྐུལ་བྱེད་པའི་ནང་། སྒྲུབ་སྐུལ་བྱེད་མཁན་ཀྲུའུ་ཞི་གཞོན་པས་རང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭར་བརྟག་ཞིབ་བྱེད་པར་བསྐྱོད་ཁར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་རྒྱ་ཁྱབ་ཏུ་སྤེལ་རེས་དང་གྲོས་བསྡུར་བྱས་ནས་ཞིབ་ཕྲའི་ཐག་གཅོད་བྱ་ཐབས་ཀྱི་གྲོས་འཆར་བཏོན་པས་གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་ཐུབ་པ་བྱུང་ཡོད། སྤྱི་ཡོངས་ནས་བལྟས་ན། གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་མཉམ་ཤུགས་ཆེ་རུ་སོང་བ་དང་བསམ་འཆར་དང་གྲོས་འགོ་དང་ལེན་བྱེད་ཚད་ཆེ་རུ་སོང་ཡོད།

    (བཞི)སྒྲིག་སྲོལ་ལམ་ལུགས་བཙུགས་ནས་གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་ནན་ཏན་བྱས་པ། གྲོས་གཞི་གཉེར་སྒྲུབ་རྩིས་སྤྲོད་དང་། གཉེར་སྒྲུབ། སྒྲུབ་སྐུལ་གྲོས་མོལ་བཅས་བྱེད་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བྱ་ཐབས》བཟོས་ནས་ཀྲུའུ་ཞི་ཚོགས་འདུ་ཐེངས་42པའི་ཐོག་གྲོས་འཆམ་བྱུང་བ་མ་ཟད་ལག་བསྟར་བྱས་པས། གྲོས་གཞི་གཉེར་སྒྲུབ་གྲོས་མོལ་ལམ་ལུགས་ཅན་དང་། ཚད་དང་ལྡན་པ། གོ་རིམ་ལྡན་པ་བཅས་སུ་སྒྱུར་རྒྱུར་སྐུལ་སྤེལ་བཏང་ཡོད། དམངས་གཙོའི་གྲོས་མོལ་དང་། འདྲ་མཉམ་དོན་གྲོས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག བསམ་ཤེས་བསྟུན་མཁས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གྲོས་གཞི་འདོན་མཁན་དང་སྒྲུབ་མཁན་ཕྱོགས་གཉིས་དབར་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་གྲོས་གཞི་འདོན་མཁན་དང་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པའི་དབར་གྲོས་མོལ་གང་ལེགས་བྱས་ཐོག གྲོས་གཞི་དང་གྲོས་འགོར་ཤེས་རྟོགས་སྔར་བས་གཏིང་ཟབ་དང་། གྲོས་གཞི་གཉེར་སྒྲུབ་བྱེད་པའི་འགན་འཁྲི་དོན་འཁྱོལ། གནད་དོན་ཐག་གཅོད། གྲོས་མོལ་བྱས་འབྲས་དངོས་སྒྱུར་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་དཔེར་ན། རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་ཐིང་དེ་རང་ནས་གཉེར་སྒྲུབ་བྱས་པའི་གྲོས་གཞི་དེ་ལ་གྲོས་གཞི་འདོན་མཁན་ཚང་མ་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས་རིམ་པ་སྟར་ཆགས་ཀྱིས་གྲོས་གཞི་རེ་རེ་བཞིན་གྲོས་མོལ་གང་ལེགས་བྱས་ཐོག འབྲེལ་མཐུད་གཏིང་ཟབ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་གྲོས་གཞི་འདོན་མཁན་ཨུ་ཡོན་བློ་བཟང་རྒྱ་མཚོ་ནད་གཞིས་རྐྱེན་པས་ནག་ཆུ་ནས་ལྷ་སར་སྨན་བཅོས་སུ་ཡོང་བ་ཤེས་རྗེས་ཆེད་མངགས་མི་བཏང་སྟེ་སྨན་ཁང་དུ་འཚམས་འདྲིར་བསྐྱོད་པ་མ་ཟད། གྲོས་གཞིའི་སྐོར་ལ་གྲོས་མོལ་ཞིབ་ཕྲ་བྱས་ཡོད། མདོར་ན་གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བྱེད་པའི་བསམ་གཞི་རྒྱ་ཆེར་ཟམ་མི་ཆད་པ་བཏང་ནས་དེ་བས་རྒྱ་ཆེ་ཞིང་བང་རིམ་མང་བ་དང་། སྟབས་བསྟུན་རྒྱུན་འཇགས། དུས་བསྟུན་ཡར་རྒྱས་བཅས་ཡོང་བ་བྱས་ཤིང་། ཚོགས་འདུ་འཚོགས་ནས་གྲོས་མོལ་དང་། བརྟག་ཞིབ་བྱས་ནས་གྲོས་མོལ། སྒོ་འགྲམ་དུ་བསྐྱོད་དེ་གྲོས་མོལ་བཅས་བྱས་པ་ཕུད། ད་དུང་ཁ་པར་དང་དྲ་རྒྱའི་ཐོག་ནས་གྲོས་མོལ་སོགས་བྱས་པས་སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་གྱིས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་དུས་རིམ་སྔ་ཕྱི་བར་གསུམ་དུ་སྟབས་བདེ་ཞིང་མྱུར་བའི་སྒོ་ནས་སྦྲེལ་མཐུད་ཐུབ་པ་བྱས་ཡོད།

    (ལྔ)འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོས་གཞིའི་ལས་ཀའི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་བཏང་བ། ཨུ་ཡོན་ཚང་མར《གྲོས་གཞིའི་དཀར་ཆག》པར་འགྲེམས་བྱས་པར་བརྟེན་ཨུ་ཡོན་ཚོས་གྲོས་གཞིའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་སྟབས་བདེ་བྱུང་བ་དང་གྲོས་གཞི་བསྐྱར་ཟློས་མི་ཡོང་བ་བྱུང་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་འགོ་ཁྲིད་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་དང་། གྲོང་ཁྱེར(ས་གནས)དང་རྫོང་(ཆུད)སྲིད་གྲོས་ཨུ་ཡོན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་གཞི་རིམ་དུ་བརྟག་ཞིབ་བྱེད་པར་སྐྱོད་པའི་གོ་སྐབས་བེད་སྤྱད་དེ་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་ཚོས་གྲོས་གཞི་དང་གྲོས་གཞིའི་ལས་དོན་སྐོར་གྱི་ཆེད་དོན་འཆད་འཁྲིད་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱིས“སྲིད་གྲོས་ཤེས་རྟོགས་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ”བཅས་ཀྱི་བྱང་ཚད་དང་གྲོས་གཞིའི་ཐོག་ནས་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ཡོད། ཨུ་ཡོན་ཚོས་གནས་ཚུལ་ཤེས་རྟོགས་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏོད་ནས་གྲོས་གཞི་གཉེར་སྒྲུབ་བྱས་ཚུལ་དུས་ཐོག་ཏུ་ལན་སྤྲད་པ་དང་། གཉེར་སྒྲུབ་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ཐག་གཅོད་ནན་ཏན་བྱས་ཡོད། གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་འབྲེལ་ཡོད་གྲོང་ཁྱེར(ས་གནས)དང་རྫོང(ཆུད)བཅས་སུ་བརྟག་ཞིབ་བྱེད་པར་བསྐྱོད་དེ་གྲོས་གཞིའི་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་སྙིང་བསྡུས་བྱས་ཐོག ལྷག་བསྡད་པའི་གནད་དོན་རྩད་ཞིབ་བྱས་ནས་ཐག་གཅོད་བྱ་ཐབས་ཀྱི་གྲོས་འཆར་བཏོན་ཏེ་གྲོས་གཞིའི་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད།

    2016ལོའི་གྲོས་གཞིའི་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་མོད། འོན་ཀྱང་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ལྷག་བསྡད་པའི་གནད་དོན་ཡང་མཐོང་ཐུབ། དེའང་གཙོ་བོ་ནི་གྲོས་གཞིའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་དགོས་ཀྱི་ཡོད་ཅིང་། གྲོས་གཞི་ཁག་གཅིག་གི་ནང་དོན་ཆད་ལུས་ཤོར་ཡོད་པ་དང་། གྲོས་འཆར་ཁག་གཅིག་ཚགས་ཚུད་པོ་བྱུང་མེད་པ། སྒྲུབ་འགན་འཁུར་མཁན་ཚན་པ་ལ་ལས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་དོན་ལ་མཐོང་ཆེན་བྱེད་རྒྱུ་མི་ལྡེང་ཞིང་། ལན་འདེབས་པར་སྣང་ཆེན་བྱེད་པ་ལས་གཉེར་སྒྲུབ་བྱེད་རྒྱུར་སྣང་ཆུང་བྱེད་པ། གྲོས་གཞིའི་ཞབས་ཞུའི་ལས་དོན་ཞིབ་ཚགས་པོ་མེད་པ་སོགས་ཡིན། གནད་དོན་དེ་རིགས་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ནས་སླད་ཕྱིན་གྱི་ལས་ཀའི་ནང་ཞིབ་འཇུག་ཐག་གཅོད་ནན་ཏན་བྱེད་དགོས་ཀྱི་ཡོད།

    གསུམ། 2017ལོའི་གྲོས་གཞིའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    2017ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་འགག་རྩའི་ལོ་ཞིག་རེད་ལ་སྐབས་འདིའི་སྲིད་གྲོས་ཀྱི་མཇུག་བསྡུའི་ལོ་ཞིག་ཀྱང་རེད། གྲོས་གཞིའི་ལས་དོན་སྤེལ་བའི་ཐད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་འཛིན་སྐྱོང་གི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཐབས་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གྲོས་གཞིའི་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་བཅས་བྱས་ཐོག འཚོལ་ཞིབ་བྱེད་ཕོད་པ་དང་གསར་གཏོད་ཟམ་མི་ཆད་པ་བྱས་ནས་ཁྱོན་ཡོངས་ནས་གྲོས་གཞིའི་ལས་དོན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས།

    (གཅིག)རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་གྱིས་གྲོས་གཞིའི་ལས་དོན་ལ་བཀོད་ཁྱབ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཚོགས་འདུའི་དགོངས་དོན་གྱིས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་བཀོད་ཁྱབ་བྱས་ཐོག གྲོས་གཞིའི་ལས་དོན་དེ་སྲིད་གྲོས་ཀྱི་ལས་དོན་ཧྲིལ་པོའི་ནང་བཟུང་བའི་གནས་བབ་ཀྱི་ནུས་པ་དང་། དེ་ནི་སྲིད་གྲོས་ཨུ་ཡོན་གྱིས་སྲིད་ཞུགས་སྲིད་གླེང་བྱེད་པའི་ནུས་ལྡན་ཐབས་ལམ་ཞིག་ཡིན་པའི་དམིགས་བསལ་ཁྱད་འཕགས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་འགུལ་ཐོག་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་སྐལ་སྒྲུབ་སེམས་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་དང་། ཐེ་ཞུགས་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི“བློ་བརྟན་འགྱུར་མེད་བཞིའི”སྐོར་གྱི་བཀོད་སྒྲིག་བླང་བྱར་བྲལ་མེད་ཕྱོགས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་ལ་དམིགས་པ། རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ཁྲོད་ཀྱི་གལ་ཆེའི་ལས་འགན་དང་གཙོ་གནད་ལས་དོན་ལ་གཞིགས་པ་བཅས་བྱས་ཐོག་ལས་ཞུགས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། གནད་འཕིགས་དབུལ་སྐྱོར་སོགས་དམངས་འཚོའི་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ཏེ་ནང་དོན་གནད་འཁེལ་འདེམས་མཁས་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གནད་དོན་གནད་ལ་འཕིགས་པ་དང་། དབྱེ་ཞིབ་ཁ་གསལ་ཡོད་པ། གྲོས་འཆར་བདེན་པ་བདེན་ཐུབ་ཡིན་པ་བཅས་ཀྱི་གྲོས་གཞི་འདོན་དགོས།

    (གཉིས)གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་དབྱང་དོན་གཅོད་ཐིང་གིས་པར་འགྲེམས་བྱས་པའི《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་གིས་པར་འགྲེམས་བྱས་པའི《ལག་བསྟར་བསམ་འཆར》 དེ་བཞིན《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བྱ་ཐབས》བཅས་ལག་བསྟར་དོན་འཁྱོལ་བྱས་ནས་གྲོས་མོལ་བྱེད་རྒྱུ་དེ་གྲོས་གཞི་ལས་ཀའི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ཐོག ཕྱོགས་ཁག་གི་ངོས་འཛིན་གཅིག་སྒྲིལ་བྱེད་ཤུགས་ཆེ་རུ་ཟམ་མི་ཆད་པ་བཏང་སྟེ་གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བྱེད་རྒྱུ་རྒྱ་ཁྱབ་དང་། བང་རིམ་མང་བ། ལམ་ལུགས་ཅན་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བྱེད་རྒྱུ་དེ་ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ་བཅས་དང་ཟུང་འབྲེལ་ནུས་ལྡན་བྱེད་པའི་བྱ་ཐབས་འཚོལ་ཞིབ་བྱས་ནས་འབྲེལ་འདྲིས་མཉམ་འགུལ་བྱེད་པའི་ཁྲོད་རྣམ་པ་ཕུན་སུམ་ཇེ་ཚོགས་ཡོང་བ་དང་། སྟོབས་ཤུགས་སྒྲིལ་སྤྱོད་ཐུབ་པ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས།

    (གསུམ)གྲོས་གཞི་ཧྲིལ་པོའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས། གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་བྱེད་ཐབས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཨུ་ཡོན་གྱི་བསམ་བློ་དང་། ཆབ་སྲིད། རིག་གནས་བྱང་ཚད་སོགས་ཐད་ཀྱི་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་ཐག་གཅོད་གང་ཐུབ་བྱེད་དགོས། ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་ཨུ་ཡོན་སོ་སོའི་ཁྱད་ཡོན་འདོན་སྤེལ་བྱེད་རྒྱུར་སྐུལ་ལྕག་བྱས་ཏེ་དོན་དངོས་ལ་བསྟུན་པ་དང་མང་ཚོགས་ཁྲོད་ཟབ་འཇུག་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་བདེན་ཐུབ་དང་། དབྱེ་ཞིབ་གནད་འཕིགས། གྲོས་འཆར་ལག་བསྟར་ཐུབ་པ་བཅས་ཀྱི“གྲོས་གཞི་རྩེ་གྲ”འདོན་དགོས། སྐབས་འདིའི་སྲིད་གྲོས་དུས་མཇུག་ཏུ་སླེབས་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་རྒྱུན་གཏན་ནས་གྲོས་གཞི་བསྡུ་རུབ་བྱེད་རྒྱུར་མཐོང་ཆེན་དང་། གྲོས་གཞི་འདོན་མཁན་གྱིས་ཚོགས་འདུ་གྲོལ་བའི་རིང་གྲོས་གཞི་འདོན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སྲིད་གྲོས་རིགས་ཁོངས་ཀྱི་ཁྱད་ཡོན་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ནས་རིགས་ཁོངས་ཁག་གིས་འབྲེལ་བ་བྱེད་པའི་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་ཤེས་རྟོགས་གཏིང་ཟབ་བྱས་ཏེ་གྲོས་གཞིར་བརྟེན་ནས་དུས་རབས་ཀྱི་དབྱངས་རྟ་དར་སྤེལ་གཏོང་བ་དང་དྲང་ནུས་བརྒྱུད་སྤྲོད་དང་ཕྱོགས་བསྡུས་ཐུབ་པ་བྱེད་དགོས། ཞིབ་བཤེར་གྱི་འགག་སྒོ་ནན་པོ་བསྲུངས་ནས་གྲོས་ཁོངས་སུ་འཇུག་རྒྱུའི་གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་ཐུབ་པ་བྱེད་དགོས།

    (བཞི)གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ལ་དོ་སྣང་ཆེན་པོ་བྱེད་དགོས། སྲིད་གྲོས་འགོ་ཁྲིད་ཀྱིས་གཙོ་གནད་གྲོས་གཞིར་སྒྲུབ་སྐུལ་བྱེད་སྟངས་འཐུས་ལེགས་སུ་ཟམ་མི་ཆད་པ་གཏོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་འགོ་ཁྲིད་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གཙོ་གནད་གྲོས་གཞིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟ་སྐུལ་སྡེ་ཚན་དང་སྦྲེལ་མཐུད་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་ལས་སྟེགས་བཟོས་ནས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་འཕེལ་རིམ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཐོག གྲོས་གཞི་གཉེར་སྒྲུབ་བྱས་པའི་ཕན་འབྲས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྒྲུབ་འགན་འཁུར་མཁན་ཚན་པས་འཆར་གཞིའི་ནང་བཅུག་ནས་ཐག་གཅོད་བྱེད་རྩིས་ཡོད་པའི་གྲོས་གཞིར་རྗེས་འདེད་ལྟ་སྐུལ་དང་གཉེར་སྒྲུབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་འཚམ་ངེས་སྐབས་སུ་གྲོས་གཞི་གཉེར་སྒྲུབ་བྱས་ཚུལ་ལ“ཕྱི་མིག་ལྟ་བའི”བྱེད་སྒོ་སྤེལ་ཏེ་གཉེར་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། གྲོས་གཞི་འདོན་མཁན་བློ་མོས་མ་བྱུང་བའི་གྲོས་གཞིའི་རིགས་རེ་རེ་བྱས་ནས་ཆེད་དམིགས་སྒྲུབ་སྐུལ་བྱེད་དགོས། གྲོས་གཞིའི་ནང་དོན་ལ་གཞིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གྲོས་གཞི་དང་གྲོས་འཆར་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་གཉེར་སྒྲུབ་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    (ལྔ)ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་ལས་ཀ་བྱེད་སྟངས་ལེགས་བཅོས་དང་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་གྲོས་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་ལས་དོན་སྒྲིག་འཛུགས་བྱེད་མཁན་དང་། མཐུན་སྦྱོར་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོས་གཞི་འདོན་མཁན་ལ་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབ་དགོས། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྦྲེལ་ཟམ་ལྟ་བུའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་གྲོས་གཞི་འདོན་མཁན་དང་སྒྲུབ་འགན་འཁུར་མཁན་ཚན་པའི་དབར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་མཐུན་སྦྱོར་ངང་ལྟ་སྐུལ་བྱེད་རྒྱུ་དང་ཆ་འཕྲིན་ལན་སྤྲོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གྲོས་གཞི་གཉེར་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། སློབ་སྦྱོང་ཧུར་ཐག་བྱས་ཏེ་བྱང་ཚད་མཐོར་གཏོང་གིས་གྲོས་གཞིའི་ལས་དོན་གྱི་ཞབས་ཞུ་སྒྲུབ་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་གྲོས་དབར་སློབ་སྦྱོང་དང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྐབས་འདིའི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ཕྱོགས་བསྡོམས་ནན་ཏན་བྱས་ཐོག ཉམས་མྱོང་སྙིང་བསྡུས་དང་། མི་ལྡེང་བའི་ཆ་རྣམས་འཚོལ་ཞིབ། འབྱུང་འགྱུར་འཆར་འགོད་བཅས་བྱེད་དགོས།

    ཨུ་ཡོན་རྣམ་པ། མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ནི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་རྒྱུ་དང་། དམ་པ་དོན་གཉེར་དང་འབད་འབུངས་ཡར་བརྩོན་བྱས་ཏེ་གྲོས་གཞིའི་ལས་དོན་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་དེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།