དབུ་ཤོག>སྲིད་དོན།
  • སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-15

    (2017ལོའི་ཟླ་1ཚེས་14ཉིན)རྒྱལ་མཚན་བློ་གྲོས།

    ཨུ་ཡོན་རྣམ་པ།

    སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་དང་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་རྒྱུན་འཁྱོངས། ཏང་གི་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྱོང་། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ། ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་འགན་ཁུར་གྱི་བསམ་བློས་གྲོས་གཞི་བཏོན་པ་བརྒྱུད། ནན་ཏན་ངང་འགན་ནུས་འཁྲི་སྒྲུབ་དང་ཧུར་བརྩོན་ངང་ཐབས་འདོན་ཇུས་འབུལ་བྱས་ཡོད། ཚོགས་འདུའི་རིང་། ཁྱོན་བསྡོམས་གྲོས་གཞི་404ལག་འབྱོར་བྱུང་ཞིང་། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ལྟར་གྲོས་གཞིར་ཞིབ་བཤེར་བྱས་ཡོད། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་399གྲོས་ཁོངས་སུ་བཅུག་པ་དང་། གྲོས་གཞི་3བསམ་འཆར་དང་གྲོས་འགོར་སྒྱུར་བ་དང་གྲོས་གཞི་ 2ཕྱིར་འཐེན་བྱས་ཡོད།

    ཐེངས་འདིའི་གྲོས་གཞིའི་ཁྱོན་ཡོངས་ཀྱི་སྤུས་ཚད་སྔར་བས་གོང་མཐོར་སོང་ཡོད་པ་དང་གྲོས་གཞི་མང་ཆེ་བས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་ཅིང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། བཏོན་པའི་བསམ་འཆར་དང་གྲོས་འགོ་ཁག་དངོས་ཡོད་དྲང་བདེན་ཡིན་པ་དང་། དགེ་བེད་ཤུགས་ཆེན་ལྡན་ཡོད། གྲོས་གཞི་ཁག་གིས་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་དང་ཡུན་རིང་བདེ་འཁོད་ལ་དམིགས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་ཁྱབ་བླང་བྱ་ལྟར། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དང་། བསྒྱུར་འཕེལ་བརྟན་གསུམ་གྱི་དཀའ་གནད་སེལ་བ། དམངས་འཚོའི་གནད་དོན་ གལ་ཆེན་ཐག་གཅོད་བྱ་རྒྱུ་བཅས་ལ་དཔྱད་གཞིའི་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་དག་ཅིག་བཏོན་ཡོད།

    ཨུ་ཡོན་ཚོས་དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་ཏེ་གྲོས་གཞི་བཏོན་ཡོད། གྲོས་འགོ་གཙོ་བོ་ནི། བྱ་ཐབས་ནུས་ལྡན་སྤྱད་ནས་སྤྱི་ཚོགས་ཀྱི་མ་འཇོག་ཆག་རྒྱུ་ཚོད་འཛིན་དང་། བོད་ཀྱི་ཡུལ་སྐོར་གྱི་ཡུལ་ཟོག་འཛད་སྤྱོད་ཁྲོམ་ར་ཚད་ལྡན་དུ་གཏོང་རྒྱུ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱ་རྒྱུ། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོར་གཏོང་བྱ་རྒྱུ། བྱ་ཐབས་སྣ་མང་སྤྱད་དེ་གློག་རིན་བསྒྱུར་བཅོས་བྱ་རྒྱུ། དངོས་གཞིའི་དཔལ་འབྱོར་གྱི་མ་གནས་དམའ་རུ་གཏོང་རྒྱུ། སྐྱེ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་དང་ཁེ་ལས་ཆུང་ངུའི་བྱ་གཞག་གསར་གཏོད་བྱ་རྒྱུར་རོགས་སྐྱོར་བྱེད་པའི་མཛུབ་སྟོན་རང་བཞིན་གྱི་གཟིགས་སྐྱོང་སྲིད་ཇུས་བཟོ་འབེབས་བྱ་རྒྱུ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ། གཞི་རིམ་གྱི་ཤང་གྲོང་ཚོང་དོན་ལྟེ་གནས་དང་བགོ་འགྲེམ་ལྟེ་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྕགས་ལམ་དང་གཞུང་ལམ། གློག་ཤུགས་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། གསང་སྤྱོད་ལེགས་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། གློག་རྡུལ་ཚོང་དོན་ལ་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། རང་ལྗོངས་ཀྱི་ཀུན་ཕན་དངུལ་རྩ་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ། ཤང་གྲོང་གི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཡིན།

    ཨུ་ཡོན་ཚོས་ཡུན་རིང་བདེ་འཁོད་ཡོང་རྒྱུར་དམིགས་ནས་གྲོས་གཞི་བཏོན་ཡོད། གྲོས་འགོ་གཙོ་བོ་ནི། བརྟན་ལྷིང་སྲུང་སྐྱོང་གི་གྲངས་གཞི་དང་ཆ་འཕྲིན་ཆེན་མོ་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཁྲིམས་ལྟར་བོད་སྐྱོང་གི་མཐུན་སྦྱོར་གསར་གཏོད་ལྟེ་གནས་འཛུགས་རྒྱུ། ཁྲིམས་རིག་སློབ་ཚན་འཛུགས་སྐྱོང་དང་རིག་གཞུང་ཞིབ་འཇུག ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུ། དུས་བདེའི་སྡེ་ཁུལ་འཛུགས་སྐྱོང་བྱ་རྒྱུ། སྤྱི་ཚོགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན།“མོས་གུས་ལྔའི”སློབ་གསོ་སོགས་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། མཐའ་མཚམས་མང་ཚོགས་ཡུན་རིང་མཐའ་མཚམས་སུ་གཞིས་ཆགས་བྱ་རྒྱུར་སྐུལ་མ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲ་བརྟན་གཏོང་བའི་དམག་འཐབ་བཙན་རྫོང་སྲ་ཞིང་བརྟན་པ་འཛུགས་རྒྱུ། ཁྲིམས་ལུགས་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་བོད་སྐྱོང་གི་ནུས་པ་ཇེ་ཆེར་གཏོང་རྒྱུ་སོགས་ཡིན།

    ཨུ་ཡོན་ཚོས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུར་དམིགས་ནས་གྲོས་གཞི་བཏོན་ཡོད། གྲོས་འགོ་གཙོ་བོ་ནི། ཀུན་སྤྱོད་སློབ་གསོའི་གདེང་འཇོག་མ་ལག་གསར་འབྱེད་བྱེད་པ་དང་སློབ་མའི་ཀུན་སྤྱོད་དང་རིག་སྟོབས། གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། གོམ་གང་མདུན་སྤོས་ཀྱིས་བོད་ལུགས་གསོ་རིག་སློབ་གླིང་ཡག་པོ་གཉེར་བ་དང་གོ་ཆོད་སྨན་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ། གཞི་རིམ་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་ལྟ་སྡོམ་བྱེད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ། སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཡོངས་ལ་ཁྱབ་པའི་“ཚོགས་སྒྲིལ་རྣམ་པའི”བོད་སྐྱོར་ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ནད་གཞི་ལྕི་རིགས་ཀྱི་གྲབས་གསོག་ཐེབས་རྩ་ནས་སྨན་ཁང་དུ་བསྡད་ནས་ནད་བཅོས་བྱེད་པའི་རྩིས་ཞུའི་གྲངས་གཞིར་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནད་གཞི་ལྕི་རིགས་ཀྱི་གྲབས་གསོག་ཐེབས་རྩ་སྤྱོད་ཐལ་ཤོར་བར་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལེན་པའི་དུས་ཚོད་ཐུང་དུ་གཏོང་རྒྱུ། དགེ་འོས་དང་གསོ་རིག་ཆེད་ལས་ཀྱི་སློབ་བསྡུའི་འཆར་གཞི་རྒྱ་ཆེར་གཏོང་རྒྱུ་སོགས་ཡིན། ཨུ་ཡོན་ཚོས་རང་ལྗོངས་ཀྱི་དབུལ་སྐྱོར་གནད་འཕིགས་དང་དབུལ་སྒྲོལ་གནད་འཕིགས་ལས་དོན་ལ་ཚད་མཐོའི་དོ་འཁུར་གནང་ནས་གྲོས་གཞི་34བཏོན་ཡོད། གཙོ་བོ་ནི་རིག་གནས་ཀྱི་དབུལ་སྐྱོར་དང་རིག་སྟོབས་ཀྱི་དབུལ་སྐྱོར། བསམ་བློའི་དབུལ་སྐྱོར། བདེ་ཐང་གི་དབུལ་སྐྱོར་བཅས་ལག་བསྟར་བྱ་དགོས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་རོགས་རམ་བྱེད་པའི་སྒྲིག་སྲོལ་བཟོ་འབེབས་དགོས་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

    ཨུ་ཡོན་ཚོས་རིག་གནས་དར་སྤེལ་གཏོང་རྒྱུར་དམིགས་ནས་གྲོས་གཞི་བཏོན་ཡོད། གྲོས་འགོ་གཙོ་བོ་ནི། ཧུར་བརྩོན་ཆེན་པོས“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་འཐབ་ཇུས་ནང་ཞུགས་ཐུབ་པ་བྱས་ནས་རང་ལྗོངས་ཀྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གལ་ཆེའི་བགྲོད་ལམ་གྱི་རིག་གནས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཀྲུང་ཧྭའི་ཆུ་བཟང་རིག་གནས་དུས་ཆེན་གཉེར་ནས་བོད་ཀྱི་ཆུ་བཟང་གི་གྲགས་རྟགས་དྲིལ་བསྒྲགས་རྒྱ་ཆེར་བྱ་རྒྱུ། རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ངལ་རྩོལ་ལས་བྱུང་བའི་དམངས་གཞས་རིག་གནས་སྒྱུ་རྩལ་འཚོལ་བསྡུ་དང་སྲུང་སྐྱོང་བྱ་རྒྱུ། བོད་ཀྱི་གར་སྟེགས་སྒྱུ་རྩལ་གསར་རྩོམ་ཐེབས་རྩ་འཛུགས་རྒྱུ། རིག་གནས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། རང་ལྗོངས་ཀྱི་མི་འབོར་ཉུང་བའི་མི་རིགས་ཀྱི་སྐད་བརྡ་མྱུར་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཡིན།

    ཨུ་ཡོན་ཚོས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་གྲོས་གཞི་བཏོན་ཡོད། གྲོས་འགོ་གཙོ་བོ་ནི། ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཐོག་གི་མཐའ་མའི་དག་ཞིང་སྲུང་སྐྱོང་བྱ་རྒྱུ་དང་། གདོད་མའི་རང་བྱུང་སྤང་ཤུན་གཏོར་སྐྱོན་གཏོང་རྒྱུ་ནན་འགོག་དང་བྱ་ཐབས་ནུས་ལྡན་སྤྱད་ནས་འབྱུང་ཁམས་སྲུང་བཅད་སྲུང་སྐྱོང་བྱ་རྒྱུ། ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་ཉུང་བ། དྭངས་གཙང་ངང་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གློག་མེད་པའི་ས་ཁུལ་དུ་འབྱུང་འཕྲོད་དང་དྭངས་གཙང་ནུས་ཁུངས་ཀྱི་གློག་གཏོང་ལས་གྲྭ་ཁྱབ་གདལ་གཏོང་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་སྙིགས་སྤུངས་ཡུལ་དོ་དམ་བྱ་ཐབས》གང་མགྱོགས་བཟོ་འབེབས་བྱ་རྒྱུ། གཞུང་ལམ་འགྲིམ་འགྲུལ་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱ་རྒྱུ། རིགས་དབྱེ་ནས་གད་སྙིགས་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་ རྒྱག་པ་དང་སླར་སྐྱེས་ཐོན་ཁུངས་བསྡུ་ལེན་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དབར་གྱི་འགལ་ཟླ་ཐག་གཅོད་བྱ་རྒྱུ། རེས་སྐོར་གསར་པའི་ཞིང་བསྐྱུར་ནགས་གསོའི་དུས་ཚོད་རིང་དུ་གཏོང་བ་དང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། གོམ་གང་མདུན་སྤོས་ཀྱིས་ཡུལ་ཐོན་ཤིང་སོན་སྐྱེད་བསྲིང་ལ་རོགས་སྐྱོར་དང་། བོད་ཁུལ་རང་གི་ཤིང་སོན་སྤུས་ལེགས་སྐྱེད་བསྲིང་བྱེད་དགོས་པ་སོགས་ཡིན།

    ཚོགས་ཆེན་མཇུག་འགྲིལ་རྗེས། ང་ཚོས་གྲོས་ཁོངས་སུ་བཞག་པའི་གྲོས་གཞི་དུས་ཐོག་ཏུ་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར་(ས་གནས)ལ་གཉེར་སྒྲུབ་བྱ་རྒྱུར་འབུལ་རྒྱུ་མ་ཟད་མཐུན་སྦྱོར་འབྲེལ་གཏུག་དང་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ཡིན། བསམ་འཆར་དང་གྲོས་འགོའི་ཁོངས་སུ་བཅུག་པ་རྣམས་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་དང་དཔྱད་གཞི་བྱ་རྒྱུར་འབུལ་རྒྱུ་ཡིན།

    ཐེངས་འདིའི་ཚོགས་འདུའི་གྲོས་གཞི་བསྡུ་མཚམས་ཡོལ་ནས་འབྱོར་བའི་གྲོས་གཞི་རྣམས་དུས་རྒྱུན་གྱི་གྲོས་གཞིར་བརྩིས་ནས་ཞིབ་བཤེར་དང་གཉེར་སྒྲུབ་བྱ་རྒྱུ་དང་། གྲོས་གཞིའི་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གྲོས་གཞི་འདོན་མཁན་གྱིས་ཚོགས་འདུའི་རིང་མ་ཚད་ད་དུང་ཚོགས་འདུ་གྲོལ་རྗེས་ལའང་གྲོས་གཞི་འབུལ་ཆོག་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་དང་ཆེད་དོན་ཨུ་ལྷན། རྒྱ་ཆེའི་ཨུ་ཡོན་ཚོས་ཚོགས་འདུ་གྲོལ་རྗེས་སུ་མུ་མཐུད་ནས་ཧུར་བརྩོན་ཆེན་པོས་གྲོས་གཞི་འབུལ་གནང་རྒྱུའི་རེ་བ་ཡོད།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།