དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་ནག་ཆུ་དང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-12

    357932_yis_1484155399301.jpg

    ཟླ་1ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ནག་ཆུའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་ནག་ཆུའི་འཐུས་མི་ཚོགས་པ་དང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དངོས་སྒྲུབ་བོད་དར་དང་སྒུག་རྟེན་མི་བྱེད་པར་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    ཅང་ཅེ་དང་། སྤེན་པ་བཀྲ་ཤིས། རྡོ་ཐོགས། འོད་ཟེར། ཅུས་ཅན་ཧྭ། ལི་ཝུན་ཧན། སྐལ་བཟང་ཚེ་རིང་། རྒྱལ་མཚན། ཀྲང་ཕེ་ཀྲུང་སོགས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།

    ནག་ཆུའི་འཐུས་མི་ཚོགས་པ་དང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་བྱ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་པ་དང་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་ཞིང་། འབྲོག་ལས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བ་དང་། མཐོ་གྲང་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་དང་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། འགག་སྒོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་འཐུས་མི་ཚོས་གང་བསམ་ལྷུག་གླེང་གནང་བ་དང་། བློ་བཟང་རྒྱལ་མཚན་གྱིས་ནན་ཏན་ངང་གསན་པ་དང་འབྲེལ་ཚང་མ་དང་མཉམ་དུ་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་འཐུས་མི་ཚོར་གྲོས་ཞིབ་བྱེད་རིང་སྲིད་གཞུང་གི་ལས་དོན་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བསམ་འཆར་གང་མང་འདོན་རྒྱུ་དང་སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་དང་རོགས་རམ་བྱ་རྒྱུའི་ཐུགས་རེ་གནང་ཞིང་། ཁོང་གིས་ཁྱེད་ཚོའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ཏེ་ལས་དོན་ཁྲོད་མཐོང་ཆེན་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོར་ལན་ཡག་པོ་ཞིག་འདེབས་རྒྱུ་ཡིན་ཞེས་གསུངས་པ་རེད།

    གཏམ་བཤད་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་དང་གཞིས་རྩེའི་སྒྱུར་འཕེལ་བརྟེན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐུན་མོང་གི་བསམ་འདུན་དང་རེ་སྒུག་ཆེན་པོ་ཞིག་ཡིན་པ་དང་། བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དེ་བས་བདེ་སྐྱིད་དང་ཞི་མཐུན་ལྡན་པའི་འཚོ་བ་ཞིག་བསྐྱལ་རྒྱུ་ཡོང་བར་བྱེད་རྒྱུ་ནི་ང་ཚོའི་ལས་དོན་གྱི་བསམ་བློ་གཏོང་ཕྱོགས་ཡིན། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་ང་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ང་ཚོས་བྱས་རྗེས་འཇོག་ཐུབ་པ་དང་འགན་འཁྲི་ཁུར་ཕོད་པ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། གསར་འབྱེད་གསར་གཏོད་དང་དཀའ་སྒྲུབ་དངོས་སྒྲུབ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། དམངས་འཚོ་ནི་ཕྱོགས་སྟོན་ཨང་དང་པོ་ཡིན། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་གཞི་རིམ་དུ་བསྐྱོད་རྒྱུ་དང་། མ་དངུལ་གཞི་རིམ་ལ་གཏོང་རྒྱུ། སྲིད་ཇུས་གཞི་རིམ་ལ་གཟིགས་སྐྱོང་བྱ་རྒྱུ་བཅས་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་ས་བབ་མཐོ་བའི་ས་ཁུལ་གྱི་དམངས་འཚོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ་དང་། སློབ་གསོའི་ཞན་ཆ་གསབ་པ། སྨན་པ་དང་སྨན་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་རྒྱ་བརྟན་དུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུའི་འགན་ལེན་བྱེད་པ་དང་དམངས་འཚོའི་ཉི་འོད་་གངས་ལྗོངས་ས་མཐོར་རབ་ཏུ་འཕྲོ་བ་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་མཛུབ་སྟོན་གནང་དོན། སྣོད་བཅུད་ནི་དམར་ཐིག་ཨང་དང་པོ་ཡིན། དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་བསམ་བློ་དེ་དཔལ་འབྱོར་འཕེལ་རྒྱས་དང་། ཐོན་ལས་གསར་སྤེལ། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ཏེ། སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་ཆེ་ཤོས་འདོན་སྤེལ་དང་། སྣོད་བཅུད་ཁྱད་ཡོན་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་སྔོག་འདོན། སྣོད་བཅུད་སྲུང་སྐྱོང་གི་རིན་ཐང་ཆེ་ཤོས་མངོན་པ་བཅས་བྱས་ནས། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་དངོས་འབྲེལ་གངས་ལྗོངས་ས་གཞི་ཆེན་པོའི་ཐོག་བརྟན་པོར་འཛུགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།