ཚེས་3ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་2017ལོའི་རྒྱུན་ལས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྙན་སྒྲོན》《བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2017ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན》བཅས་ཀྱི་མ་ཟིན་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་རེད།
ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་གྱི་གསལ་བཤད་ཉན་པ་དང་འབྲེལ་གྲོས་བསྡུར་ནན་ཏན་བྱས་ཤིང་། ཚོགས་འདུའི་ཐོག་2016ལོའི་ཟླ་12ཚེས་9ཉིན་ཀྲུའུ་ཞིའི་གཞུང་ལས་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་རྗེས་འཆར་ཟིན་ཚོགས་ཆུང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་སླར་ཡང་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་སྲིད་གཞུང་གི་འགོ་ཁྲིད་ཁག་དང་། རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག ས་ཁུལ་དང་གྲོང་ཁྱེར་ཁག་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་ཐོག་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་པ་དང་། ཆེད་མངགས་ཉིན་གཉིས་ཀྱི་དུས་ཚོད་སྤྱད་ནས་སླར་ཡང་སྙན་སྒྲོན་ལ་ཞིབ་འཇུག་གཏིང་ཟབ་དང་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། བཟོ་བཅོས་ཞིབ་ཚགས་དང་ཡག་ཐོག་ཡག་བརྩེགས་བཅས་བྱས་པར་བརྟེན་སྙན་སྒྲོན་གྱི་བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མ་ཟིན་དེ་བསམ་ཕྱོགས་ཁ་གསལ་དང་། གཙོ་གནད་འབུར་དུ་ཐོན་པ། གྲུབ་ཆ་ལུགས་མཐུན། རྩོམ་སྲོལ་བབ་ཆགས། ཚིག་ཉུང་དོན་དྲིལ་བཅས་ཡོད་པའི་ངོས་འཛིན་བྱས་པ་རེད།
ཚོགས་འདུའི་ཐོག་ལོ་གཅིག་དུས་གཅིག་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། སྲིད་གཞུང་ལས་དོན་གྱི་བྱ་སྤྱོད་རྩ་འཛིན་ཞིག་ཀྱང་ཡིན་པས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ལྕི་པོ་ཡོད། ལས་རིགས་ཁག་དང་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་དང་གྲོས་བསྡུར་དང་བཟོ་བཅོས་ཡང་ཡང་བརྒྱབ་སྟེ། དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་འདུན་པ་ཤེས་རྟོགས་དང་མི་དམངས་ཀྱི་འབོད་སྒྲ་ཉན་པ་དང་འབྲེལ། མང་ཚོགས་ཀྱི་གོ་ཐུབ་པའི་སྐད་ཆ་སྤྱོད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནས་ཚུལ་གསལ་བཤད་བྱས་ཏེ། སྙན་སྒྲོན་དེ“མང་ཚོགས་ཀྱི་འདུན་པ་མཚོན་པ་དང་། མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད། ཡིད་ཆེས་ཆེ་རུ་གཏོང་བ”བཅས་ཀྱི་སྙན་སྒྲོན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་མིག་སྔར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དུས་ཚིགས་དང་པོའི་གཙོ་གནད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ལོ་ཧྲིལ་པོའི་གོམ་པ་ཡག་པོ་སྤོ་ཐུབ་པ་དང་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས་པ་དང་། ལག་བསྟར་ལ་དམ་འཛིན་ནན་པོ་བྱས་ཏེ་བཀོད་སྒྲིག་ཟིན་པའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། དགུན་དཔྱིད་གཉིས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་ཕྱུགས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ། རྒྱུན་གཏན་འཚོ་བའི་ཟོག་གོང་ལ་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ“དུས་ཆེན་གསུམ”གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས་པ། གཞུང་ལམ་འགྲིམ་འགྲུལ་དང་། ཨར་ལས་རྣམ་གྲངས། གཏེར་རི་ཐོན་སྐྱེད། མེ་སྐྱོན་སྔོན་འགོག་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས། ལས་འཛོལ་ཆེ་གྲས་ཐོན་རྒྱུ་སྔོན་འགོག་ཏན་ཏིག་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པ། “དུས་ཆེན་གསུམ”རིང་དུད་ཚང་དབུལ་པོར་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་ནས་དུས་ཆེན་རིང་གི་དམངས་འཚོའི་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།