ཚེས་3ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་མང་ཚོགས་ཀྱི་འཐུས་མི་སོགས་ཀྱིས་ལྷ་ས་གྲོང་ཁྱེར་གྲོང་སྐོར་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་གྲུབ་འབྲས་ཀྱི་ལམ་ཐིག་ཡོངས་སུ་ལྟ་སྐོར་གནང་བ་དང་འབྲེལ་རྣམ་གྲངས་ཤར་གཏོང་ཐུབ་པའི་ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་ཏེ་རྣམ་གྲངས་འཛུགས་སྐྲུན་སྔར་བས་ཡག་པོ་བྱ་རྒྱུར་བློ་རིག་གཅིག་སྡུད་དང་ཐབས་དང་ཇུས་བཏོན་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་ཞུགས་པ་རེད།
ལྷ་ས་གྲོང་ཁྱེར་གྲོང་སྐོར་ལམ་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གཞུང་ལམ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཁག་དང་པོའི་གྲས་ཤིག་ཡིན་པ་དང་ཤར་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་སྦྲེལ་མཐུད་བྱས་པ་དང་། ལྷོ་ནས་ལྷ་ས་ནས་གོང་དཀར་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་དང་སྦྲེལ་མཐུད་བྱས་པ། ནུབ་ནས་རྒྱལ་ལམ་318དང་སྦྲེལ་བ། བྱང་ནས་རྒྱལ་ལམ་109བར་ཤར་གཏོང་ཐུབ་པ་བཅས་ཡིན་པས་རྣམ་གྲངས་བསྐྲུན་རྗེས་ལྷ་ས་གྲོང་ཁུལ་སྐོར་བ་དང་། ཤར་ནུབ་སྦྲེལ་མཐུད། ཕྱོགས་བཞིར་ཤར་གཏོང་བཅས་ཀྱི་གྲོང་ཁྱེར་གྱི་མྱུར་བགྲོད་སྐོར་ལམ་གྱི་འགྲིམ་འགྲུལ་མ་ལག་ཆགས་རྒྱུ་རེད། རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་113.1གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། ལས་གྲྭ་གཙོ་བོ་ཁ་ཤས་2015ལོའི་ཟླ་10པ་ནས་རིམ་བཞིན་སྐྲུན་འགོ་ཚུགས་པ་དང་སྤྱི་ལེ་72.18གསར་སྐྲུན་བྱས་པའི་ནང་ཕུག་ལམ་7དང་ཟམ་པ་27ཚུད་ཡོད། མིག་སྔར་རྣམ་གྲངས་ཧྲིལ་པོ་སྤྱིའི་ཆ་ནས་བདེ་བླག་ངང་གྲུབ་བཞིན་ཡོད་པ་དང་སྒྲོམ་གཞི་གཙོ་བོ་གཞི་རྩའི་ཆ་ནས་སྐྲུན་ཟིན་པས་རླངས་འཁོར་ཤར་གཏོང་གི་ཆ་རྐྱེན་རགས་ཙམ་ལྡན་ཡོད།
དེ་རྗེས་འཚོགས་པའི་ལྷ་ས་གྲོང་ཁྱེར་གྲོང་སྐོར་ལམ་གྱི་རྣམ་གྲངས་ཤར་གཏོང་ཐུབ་པའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག བློ་བཟང་རྒྱལ་མཚན་གྱིས་རྣམ་གྲངས་བསྐྲུན་ཚུལ་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་གྲོང་སྐོར་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་རྒྱ་ཆེའི་གྲོང་མི་མང་ཚོགས་དང་ལམ་ཐིག་རྒྱུད་ཀྱི་དཔུང་སྡེ་དང་དེ་བཞིན་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་དང་གྲོང་སྐོར་ལམ་རྣམ་གྲངས་སྐྲུན་པའི་ཐད་དཀའ་སྤྱད་རྔུལ་ཆུ་འདོན་མཁན་འཛུགས་སྐྲུན་པ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་ལམ་གྱི་རྣམ་གྲངས་ལག་ལེན་བསྟར་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁྱེར་ཡིན་པའི་ནུས་པ་ཆེ་རུ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་བ། གྲོང་ཁྱེར་འགྲིམ་འགྲུལ་གྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་རེད། དུས་ཐུང་ལོ་གཅིག་ལྷག་ཙམ་རིང་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། རླངས་འཁོར་ཤར་གཏོང་གི་ཆ་རྐྱེན་རགས་ཙམ་ལྡན་པ་དང་ལས་ཀའི་ཉམས་མྱོང་ཁག་ལ་ཁས་ལེན་གང་ལེགས་བྱེད་རིན་ཡོད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ། འབྲེལ་ཡོད་ཐིང་དང་ཅུས་ཀྱི་སྡེ་ཚན་ཁག་བཅས་ཀྱིས་མུ་མཐུད་ཚད་མཐོའི་མཐོང་ཆེན་དང་མགོ་ཡོད་མཇུག་གིས་རྣམ་གྲངས་ཀྱི་འཛུགས་སྐྲུན་དེ་ལས་གྲྭ་སྤུས་ལེགས་དང་། ལས་གྲྭ་རྩེར་སོན། དམངས་འཚོའི་ལས་གྲྭ ལས་གྲྭ་སྤྱོད་གཙང་བཅས་ལ་དངོས་སུ་འགྱུར་བར་བྱེད་དགོས། ཚད་གཞི་མཐོ་པོའི་སྒོ་ནས་ལག་ལེན་བསྟར་བ་དང་སྔོན་ཐོན་གྱི་ཚན་རྩལ་ལག་རྩལ་ལ་མཐོང་ཆེན་བྱས་ནས་ཞོར་གཏོགས་སྒྲིག་བཀོད་ཀྱི་ལེ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། ལམ་ཐིག་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་ལམ་ཐིག་གི་ཕྱོགས་བསྡུས་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱེད་དགོས་པ་དང་། ཡུལ་བབ་དང་བསྟུན་པ་དང་སྟོང་ཆ་ཡོད་ཚེ་ལྗོན་ཤིང་བཏབ་སྟེ་སྔོ་འགྱུར་དང་། མཛེས་བཟོ། མི་གཤིས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། འགལ་ཟླ་དང་མངོན་མེད་རྐྱེན་ངན་སེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་གྲྭ་འཛུགས་སྐྲུན་བྱེད་རིང་གི་སྲིད་གཙང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་གྲྭར་མཇུག་རྐྱེན་ངན་པ་མི་ལུས་པ་བྱེད་དགོས། རྗེས་མཐུད་ཀྱི་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྔ་ཙམ་འཁོར་སྐྱོད་ཐུབ་པ་བྱས་ཏེ་གཟེངས་སུ་ཐོབ་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་འཁྲུངས་སྐར་ལ་བསུ་བ་ཞུ་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་ཕྱག་རྟགས་གྱ་ནོམ་པ་ཞིག་འབུལ་དགོས་ཞེས་བསྟན་གནང་བ་རེད།
ཆེ་དགྲ་ལྷས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་དེར་ཞུགས་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་དམངས་འཚོའི་ལས་གྲྭ་དང་། དྲོ་སྐྱིད་ལྡན་པའི་ལས་གྲྭ མི་སེམས་སྒྲེལ་བའི་ལས་གྲྭ་བཅས་ལ་དངོས་སུ་འགྱུར་བ་བྱེད་དགོས་ཞེས་ཐུགས་རེ་གནང་བ་རེད།