དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་ལ་ལྟ་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-04

    ཚེས་1ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས“དུས་ཆེན་གསུམ”རིང་གི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་། ཟོག་གོང་བརྟན་པོ། བཟའ་བཅའི་བདེ་འཇགས་བཅས་ལ་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཅིས་གོ་ཀང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ཀྲུའུ་ཞིའི་ལས་རོགས་ལུའོ་མའེ་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་མེད་དང་ཟོག་གོང་བརྟན་པོ་ཡོད་མེད་ཐད་བློ་བཟང་རྒྱལ་མཚན་གྱིས་དོ་ཁུར་ཆེན་པོ་གནང་ཞིང་། ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། པའེ་དབྱི་སྒོ་རྩིས་ཚོང་ཁང་ལྷ་ས་བརྒྱ་ཟོག་ཚོང་ཁང་། ཁྲེང་ཀོན་ཆུས་ས་གཙང་ར་མོ་ཆེའི་ཐད་ཚོང་ཁང་བཅས་སུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཕེབས་ཞོར་གཟིགས་ཞོར་དུ་ཚོང་པ་དང་བཀའ་མོལ་གནང་ནས་ཤ་ཚལ་གྱི་རིན་གོང་བཀའ་འདྲི་གནང་བ་དང་། གཞུང་བཅད་རིན་གོང་གི་ཤ་རིགས་གཏོང་སྤྲོད་དང་། ཞིང་འབྲོག་ཐོན་རྫས་མཁོ་སྤྲོད། ཐོན་ཚོང་འབྲེལ་མཐུད། ཁྲོམ་རའི་ཟོག་གོང་ཆུ་ཚད་སོགས་ཀྱི་གནས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་ཕན་ལོ་ཤས་རིང་། གཞུང་བཅད་རིན་གོང་གི་ཤ་རིགས་གཏོང་སྤྲོད་དང་། དམངས་ཕན་སྔོ་ཚལ་ཐད་ཚོང་། ཞིང་པ་དང་སྒོ་རྩིས་ཚོང་ཁང་འབྲེལ་མཐུད་ལ་ཤུགས་སྣོན་སོགས་ཀྱི་བྱ་ཐབས་ནུས་ལྡན་མང་པོ་སྤྱད་པ་བརྒྱུད་མང་ཚོགས་ལ་ཐད་ཀར་ཁེ་ཕན་ཐོབ་པ་དང་། ཁྲོམ་རའི་མཁོ་སྤྲོད་མང་དུ་ཕྱིན་པ། ཞིང་ཞོར་ཐོན་རྫས་འཁོར་རྒྱུག་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཚོང་ཟོག་གྲབས་གསོག་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཞིང་ཞོར་ཐོན་རྫས་གཞུང་བཅད་རིན་གོང་ཐོག་ནས་བྲིན་ཚོང་བྱ་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་བ། ཟོག་གོང་ཚོད་འཛིན་ནུས་ལྡན་ཐུབ་པ། མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་ཏན་ཏིག་ཕྱིན་པ་བཅས་བྱུང་བས་མི་རིགས་ཁག་གི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད།

    “ཤ་ཚལ་སྒོང་གསུམ”འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལའང་བྱ་ཐབས་བཟང་པོ་མཁོ་འདོན་དང་རྩ་ཆེའི་ཉམས་མྱོང་བསགས་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཞིང་ཞོར་ཐོན་རྫས་ཁྲོམ་རའི་མཁོ་སྤྲོད་ཀྱི་སྣེ་མོ་གཅིག་གྲོང་མིའི“ཤ་ཚལ་སྒོང་གསུམ”དང་འབྲེལ་བ་དང་སྣེ་མོ་གཞན་ཞིག་ཞིང་པའི“ཚལ་ཞིང”དང་འབྲེལ་ཡོད་པས་དུད་ཚང་ཁྲི་སྟོང་མང་པོའི་དམངས་འཚོ་དང་འབྲེལ་བ་ཡོད་ལ་ཞིང་འབྲོག་ཐོན་རྫས་ཐོན་ལས་ཅན་གྱི་འཛུགས་སྐྱོང་དང་ཡང་འབྲེལ་བ་ཡོད། དེར་བརྟེན་རང་ལྗོངས་ཀྱི་ཞིང་འབྲོག་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། གསོག་འདྲེན། གཉེར་ཚོང་བཅས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཐོན་རྫས་ཀྱི་རང་མཁོ་རང་སྤྲོད་ཆུ་ཚད་མཐོ་རུ་བརྟན་པོ་གཏོང་བ། ཐོན་སྐྱེད་དང་། འཁོར་རྒྱུག ཚོང་གཉེར་བཅས་ཀྱི་མ་གནས་དམའ་རུ་ནུས་ལྡན་གཏོང་བ། ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དེ་བས་ཕུན་སུམ་ཚོགས་པ་དང་སྤུས་ལེགས་ཀྱི་ཞིང་འབྲོག་ཐོན་རྫས་མཁོ་འདོན་བྱེད་དགོས། ཞིང་ཞོར་ཐོན་རྫས་ཁྲོམ་རའི་རྨང་གཞིར་བརྟག་ཞིབ་བྱ་ཤུགས་ཆེ་རུ་གཏོང་བ་དང་འདོན་སྤྲོད་འབྲེལ་བ་དང་། མཁོ་སྤྲོད་གྲུབ་ཆ། ཕྱི་ནང་བསྡུར་ཚད་བཅས་གསལ་རྟོགས་བྱས་ཏེ“ཤ་ཚལ་སྒོང་གསུམ”འཛུགས་སྐྲུན་ལ་མཛུབ་ཁྲིད་དེ་བས་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཁྲོམ་རའི་དར་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།