ཚེས་23ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་བོད་རང་སྐྱོང་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ལས་དོན་འགོ་ཁྲོད་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་དང་གཙོ་གནད་ལས་དོན་དོན་འཁྱོལ་དང་། གནས་པའི་གནད་དོན་དང་དཀའ་གནད་ལ་དབྱེ་ཞིབ་གནང་ནས་ཐག་གཅོད་བྱ་ཐབས་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།
ཅང་ཅེས་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངོས་འཛིན་སྔར་བས་མཐོ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས། གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་གཏོང་བ་དང་དམངས་ལ་ཕན་པ་དང་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གང་ལེགས་བྱེད་པ་དང་། གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ཀྱི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་ཕན་འབྲས་ཐོན་པ་བྱེད་དགོས། རིམ་ཁག་རྒྱལ་ཁབ་ས་ཆའི་ཐོན་ཁུངས་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བློ་བརྟན་འགྱུར་མེད་ངང་2017ལོར་རྫོང་དང་གྲོང་ཁྱེར་ཡོངས་ཀྱིས“རྙིང་བཀག་གསར་སྤྲོད”ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་འགན་ལེན་བྱ་རྒྱུར་དམིགས་ཏེ་ལས་ཀའི་གཙོ་གནད་ལ་དམ་འཛིན་བྱེད་པ་དང་། དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་ཀའི་བརྒྱུད་རིམ་སྔར་བས་ཁ་གསལ་བཟོ་བ། སྒྲིག་གཞིའི་སྒྲིག་ཁོངས་འཐུས་སྒོ་ཚང་དུ་གཏོང་བ། གསོ་སྦྱོང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པ། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་སྒྲིག་ཁོངས་གཞུང་ལས་ཁང་དང་ནོར་སྲིད་སོགས་ཀྱི་སྡེ་ཚན་དང་མཐུན་སྦྱོར་འབྲེལ་གཏུགས་ཡག་པོ་བྱེད་པ་དང་། ལས་ཀའི་མཉམ་ཤུགས་ཆགས་པ་བྱས་ནས་རང་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ཀྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།