“ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དོན་ཆེན་གཉིས་ལ་དམ་འཛིན་ཡག་པོ་བྱེད་དགོས”ཞེས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཀྲུའུ་ཀྲུང་ཁུའེ་ཡིས་དེ་ལྟར་གསུངས་པ་དང་། ཁོང་གིས“གཅིག་ནས་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ལ་དམ་འཛིན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཡོང་བ་བྱེད་དགོས”ཞེས་གསུང་གི་འདུག
ཀྲུའུ་ཀྲུང་ཁུའེ་ཡིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་གསལ་སྟོན་གནང་ནས“བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་པ་དངོས་སུ་བཏོན་གནང་ཡོད་པས་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་སྲོག་ཤིང་དབང་གྲགས་སྲུང་སྐྱོང་བྱས་ཏེ་བསམ་བློའི་ཐད་སྲོག་ཤིང་ལ་བརྩི་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐད་སྲོག་ཤིང་སྲུང་སྐྱོབ་བཅས་བྱས་ནས“འདུ་ཤེས་བཞི”དང་ལྷག་དོན་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས“གདེང་ཚོད་བཞི”བརྟན་དུ་བཏང་ཐོག་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་། ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང་ལག་བསྟར། ཐབས་བརྒྱ་ཇུས་སྟོང་གིས་དོན་འཁྱོལ་བཅས་བྱས་ནས་སྐད་ཆ་གང་བྱུང་མི་ཤོད་པ་དང་མཐོ་བཤད་དམའ་བཤད་གཏན་ནས་བྱེད་རྒྱུ་མེད་ཅེས་གསུངས།
ཀྲུའུ་ཀྲུང་ཁུའེ་ཡིས་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་་མངའ་རིས་ས་ཁུལ་གྱིས་གཤམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་སྟེ།
གཅིག་ནས་འཆར་འགོད་རྩ་འཛིན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་དཔྱད་བསྡུར། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་བསྡུར་བ་དང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་བསྡུར་ནས་བསམ་ཕྱོགས་གསལ་བཟོ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དམིགས་ཚད་ལས་འགན་ཚན་རིག་དང་མཐུན་པའི་ངང་བཟོ་བ། མངའ་རིས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བ་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གཉིས་ནས་རྣམ་གྲངས་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ད་ལྟ་ནས་འགོ་བརྩམས་ཏེ་ཕྱི་ལོའི་རྣམ་གྲངས་འཆར་འགོད་ཡག་པོ་བྱས་ཏེ། 2017ལོའི་འཆར་གཞིའི་རྣམ་གྲངས་ཡོངས་ལ་ཆོག་མཆན་ཐོབ་པ་དང་། ལས་འགོ་འཛུགས་པའི་འགན་ལེན་བྱས་ནས། མ་དངུལ་སྒོར་དུང་ཕྱུར་80ལེགས་སྒྲུབ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས།
གསུམ་ནས་རྨང་གཞི་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཇུར་མིག་ཚོད་འཛིན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ནས་ཤིན་ཅང་མིང་ཕུང་ནས་སྒེར་རྩེ་དང་། སེང་གེ་ཁ་འབབ་ནས་སྤུ་ཧྲེང་བར་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཤིན་བོད་ལྕགས་ལམ་གྱི་རྣམ་གྲངས་འཛུགས་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་པ། དགུན་ས་གནམ་ཐང་གི་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། སྤུ་ཧྲེང་ཉིང་ལག་ལམ་རྒྱུད་གནམ་ཐང་གི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཨ་ཆེན་གློག་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། མངའ་རིས་ཀྱི་གློག་དྲ་དང་བོད་དབུས་རྒྱུད་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭའི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་པ། ཆུ་བེད་པུས་མངའ་རིས་ལ་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་སྒོར་དུང་ཕྱུར་43གྱི་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་ཡག་པོ་བྱེད་དགོས།
བཞི་ནས་ཐོན་ལས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གངས་ཏེ་སེའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་འདིང་བ་དང་། གཙོ་གནད་ལ་དམ་འཛིན་དང་། རྨང་གཞི་འདིང་བ། སྤུས་རྟགས་གཏོད་པ་བཅས་བྱེད་པ། ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་མགྱོགས་མྱུར་སྐྲུན་པ། སྔོ་ཚལ་གཙོ་བོར་བྱེད་པའི་དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རང་བྱུང་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཚྭ་མཚོའི་ཐོན་ཁུངས་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱེད་དགོས།
ལྔ་ནས་དམངས་འཚོ་རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སློབ་གསོ་རིག་གནས་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་དང་། མཉེན་ཆས་དང་མཁྲེགས་ཆས་ལེགས་སུ་བཏང་ནས་སྤུས་ཚད་མཐོར་གཏོང་དང་སྤུས་འཕར་ཕན་འཕར་ཡོང་བ་བྱེད་པ་དང་། 2016ལོའི“དམངས་འཚོའི་བྱ་བ་དངོས་བཅུ་གསུམ”གྱི་རྗེས་སྙེག་ཕན་འབྲས་བདའ་འདེད་ལས་དོན་ལེགས་པར་བསྒྲུབས་ནས། ཕྱི་ལོའི་དམངས་འཚོའི“ལས་གྲྭ་ཆེན་པོ་བཅུ”སྔ་སྣུར་དུ་འཆར་འགོད་ཡག་པོ་བྱས་ཏེ། མང་ཚོགས་ཚོས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་དགོས།
དྲུག་ནས་དབུལ་སྒྲོལ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས། ཕྱི་ལོའི་དུད་ཚང་1186གི་མི་4138ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་འཆར་འགོད་དང་ལག་ལེན་ཡག་པོ་བསྟར་དགོས་པ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི“བདེ་སྐྱིད་གྲོང་གསར”གྱི་དུས་ཐེངས་གཉིས་པའི་མང་ཚོགས་དུད་ཚང་500གནས་སྤོ་བཀོད་སྒྲིག་དང་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན་བྱེད་པ། 2016ལོའི་ལོ་འཁོར་དུ་ལྷག་འཕྲོར་ལུས་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་9ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། 2017ལོའི་ལོ་འཁོར་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་པ། ཡུལ་གཞན་དུ་དབུལ་སྐྱོར་གྱི་མཉམ་འགྲོས་གནས་སྤོ་དང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འཆར་འགོད་སྔ་སྣུར་དུ་བྱས་ནས་སྒྲིག་འཛུགས་ལག་བསྟར་བྱེད་མགྱོགས་སུ་གཏོང་དགོས།
བདུན་ནས་སྣོད་བཅུད་སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མངའ་རིས་ཀྱི་སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས་ལག་ལེན་ནན་པོ་བསྟར་བ་དང་ཁོར་ཡུག་སྲུང་སྐྱོང་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ་བཅས་བརྟན་པོ་སྲུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིག་དང་བཙོག་ཆུ་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་དགོས།
བརྒྱད་ནས་སྒྱུར་བཅོས་གཙོ་གནད་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་དམིགས་ནས་ཞིང་འབྲོག་ཁུལ་དང་། གཞུང་ཁོངས་ཁེ་ལས། སྲིད་འཛིན་སྒྲིག་གཞི། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྒྲིག་གཞི། ནོར་ཁྲལ་སྒྲིག་གཞི། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། སློབ་གསོའི་ཁྱབ་ཁོངས་དང་། མི་དོན་ལམ་ལུགས། དབུལ་སྐྱོར་གསར་སྤེལ་བཅས་ཀྱི་སྒྲིག་གཞི། རིག་གནས་སྒྲིག་གཞི་བཅས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་རང་ངོས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་དགོས།
དགུ་ནས་གནོད་འཚེ་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། ལོ་མཇུག་ཏུ་སླེབས་སྐབས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབས་ནས་དངོས་ཟོག་སྣ་ཚོགས་སྐོང་འདྲེན་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ། གནོད་འཚེ་ཐོན་སྐབས་ཚོར་སྣང་སྐྱེན་པ་དང་ཐག་གཅོད་ཐུབ་པའི་འགན་ལེན་བཅས་བྱས་ནས་གནོད་འཚེའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་གཏོང་དགོས།
བཅུ་ནས་བརྟན་ལྷིང་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། མཐའ་མཚམས་དོ་དམ་ཚོད་འཛིན་ཡག་པོ། མཐའ་མཚམས་དོ་དམ་ཚོད་འཛིན་ཏན་ཏིག དགོན་སྡེའི་དོ་དམ་ལ་ཤུགས་སྣོན། སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད། བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན། མི་རིགས་མཐུན་སྒྲིལ་སྲ་བརྟན་ལ་ཤུགས་སྣོན། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བཅས་བྱས་ནས། “མི་ཐོན་པ་གསུམ”དང“མེད་པ་གསུམ”“བརྟན་ལྷིང་གསུམ”བཅས་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།