ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་རྣམ་གྲངས་ཀྱི་ལས་ཡུལ་དངོས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤུས་ཚད་དང་། བདེ་འཇགས། སྣོད་བཅུད། འཕེལ་རིམ་བཅས་འགན་ལེན་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་ནས་སྔ་ཙམ་བསྐྲུན་ཟིན་པ་དང་སྤྱོད་ཐུབ་པ་བྱས་ནས་ཆུ་ཚད་དང་། སྤུས་ཚད། ཕན་འབྲས་བཅས་སྔར་ལས་ལྷག་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བསྡོམས་མ་དངུལ་སྒོར་དུང་ཕྱུར་50.33བཏང་བའི་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་གྱི་ལམ་ཐག་ལ་སྤྱི་ལེ་89.7ཡོད་པ་དང་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་སྤྱད་དེ་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་100རེ་འགྲོ་ཆོག་གི་་ཡོད། བློ་བཟང་རྒྱལ་མཚན་གྱིས་ལས་ཡུལ་དངོས་ནས་ལས་གྲྭའི་འཕེལ་རིམ་དང་། བདེ་འཇགས། སྤུས་ཚད། ཁོར་ཡུག་སྲུང་སྐྱོང་། ཨར་སྐྲུན་སྒྲིག་འཛུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྣམ་གྲངས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་བར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་24.58བཏང་བ་དེས་ལམ་གཞིའི་མ་དངུལ་བསྡོམས་འབོར་གྱི་94%བཟུང་ཡོད་པ་དང་ལམ་ངོས་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་གྲྭ་འོས་སྐུལ་རྒྱག་བཞིན་ཡོད། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ལས་གྲྭ་འཛུགས་སྐྲུན་མཁན་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་རྣམ་གྲངས་དོ་དམ་དང་། ཨར་སྐྲུན་ཐོན་སྐྱེད། སྤུས་ཚད་དོ་དམ་བཅས་ལ་ཁས་ལེན་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་རྣམ་གྲངས་ནི་ལྗོངས་ཡོངས་སུ་ཆུ་ཚོད་གསུམ་ནང་སླེབས་ཐུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ནུས་ཤུགས་ཡོད་རྒུས་གཏོད་པའི་རྨང་གཞི་གལ་ཆེན་ཞིག་དང་། བོད་དབུས་དང་བོད་ལྷོའི་ལྟེ་བའི་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་སྐོར་ལམ་བསྐྲུན་པའི་ལམ་གལ་ཆེན་ཞིག ས་ཁོངས་གཞུང་ལམ་དྲ་རྒྱ་འཐུས་ཚང་དང་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་བཅས་ཡིན་པས། བོད་དབུས་དང་བོད་ལྷོའི་གནད་ཆེའི་གྲོང་ཁྱེར་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། བོད་ཀྱི་རིག་གནས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གྲུབ་པར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱར་བ་གྲུ་འདེགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་གཞུང་ལམ་འགྲིམ་འགྲུལ་གྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་སྟེ། གཅིག་ནས་སྤུས་ཚད་ལ་འགན་ལེན་བྱེད་དགོས་ཤིང་། ལས་གྲྭའི་སྤུས་ཚད་ཚེ་གང་འགན་འཁྲི་ཁུར་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ལས་གྲྭའི་སྤུས་ཚད་སེམས་ནང་བཞག་ནས་ལག་ལེན་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྤུས་ཚད་དོ་དམ་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་ཀྱི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱེད་པ། མ་བཅོས་རྒྱུ་ཆའི་འགག་སྒོ་ནན་པོ་སྲུང་བ། སྤུས་ཚད་ལ་གྲལ་བཤེར་དང་། སྐོར་ཞིབ། འཐེན་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་གྲྭ་སྤུས་དག་ཅིག་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནས་བདེ་འཇགས་འགན་ལེན་བྱེད་དགོས་ཤིང་། བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཟབ་པོ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་བསམ་བློ་བརྟན་པོ་བཙུགས་ཏེ་བདེ་འཇགས་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དམིགས་ཚད་གསལ་བཟོ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་འཕྲལ་མར་སེལ་བ་བཅས་བྱས་ཏེ་བདེ་འཇགས་ལས་ཀ་དོན་འཁྱོལ་གནད་སྨིན་ཏན་ཏིག་ཡོང་བ་བྱེད་དགོས་པ། གསུམ་ནས་སྣོད་བཅུད་འགན་ལེན་བྱེད་དགོས་ཤིང་། “གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཉམ་དུ་སྐུལ་མ་གཏོང་རྒྱུ་དང་། ལས་ཡུལ་གཙང་བཟོ་དང་སྣོད་བཅུད་སླར་གསོར་མཉམ་དུ་སྐུལ་མ་གཏོང་རྒྱུ། ལམ་རྒྱུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་སྔོ་འགྱུར་ནགས་བཟོར་མཉམ་དུ་སྐུལ་འདེད་གཏོང་རྒྱུ”བཅས་ལམ་སྲོལ་གལ་ཆེན་ཞིག་ལ་བརྩིས་ནས་ལས་གྲྭ་འཛུགས་སྐྲུན་བྱེད་པའི་ཐོག་མཐའ་བར་གསུམ་ལ་ཁྱབ་པར་བྱས་ཏེ་གཞུང་ལམ་འདི་ཉིད་སྣོད་བཅུད་ཀྱི་བགྲོད་ལམ་དང་། ལྗང་མདོག་གི་ཁྱམས་རིང་། ལྗོངས་གཟིགས་ཀྱི་ལམ་ཆེན་བཅས་ལ་འགྱུར་བ་བྱེད་དགོས་པ། བཞི་ནས་འཕེལ་རིམ་འགན་ལེན་བྱེད་དགོས་ཤིང་། ལས་ཡུན་ལྡོག་རྩིས་དང་འཆར་བཀོད་ལས་སྒྲུབ་བྱས་ཏེ་ཨར་སྐྲུན་སྒྲིག་འཛུགས་བྱ་ཤུགས་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། འགག་རྩའི་ལྷུ་ཚིགས་ཚོད་འཛིན་ནན་པོ་བྱེད་པ། ཨར་སྐྲུན་གྱི་དཀའ་གནད་སེལ་བ། ལག་བསྟར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞབས་ཞུ་འགན་ལེན་ནུས་ལྡན་བྱེད་པ་བཅས་བྱས་ནས་སང་ལོའི་ཟླ་6པར་ལམ་བུ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།