དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-10

    ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྟེ་གྲོང་ཁྱེར་དང་རྫོང་གི་ལས་དོན་སྙན་ཞུ་གསན་པ་རེད། བློ་བཟང་རྒྱལ་མཚན་སྣེ་གདོང་ཆུས་མི་རིགས་ཐེར་མ་ལག་ཤེས་བསླས་འཐག་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ནས་སྲོལ་རྒྱུན་ལག་ཤེས་བཟོ་ལས་འཕེལ་རྒྱས་འགྲོ་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་དང་། མཉམ་ལས་ཁང་གི་འགན་ཁུར་བ་པ་སངས་ཀྱིས་བཟོ་རྩལ་ཕུལ་བྱུང་ལ་བརྟེན་ནས“རྩེ་ཐེར”སྤུས་རྟགས་བཏོད་དེ་མཉམ་ལས་ཁང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། འདི་ལོ་སྔོན་དཔག་བྱས་ན་བྲིན་ཚོང་སྒོར་ཁྲི་400ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཁོང་ལ་ལག་ཤེས་པའི་སྙིང་སྟོབས་དང་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཕུལ་བྱུང་མི་རིགས་བཟོ་རྩལ་སྔར་བས་ཡངས་པའི་གར་སྟེགས་ཐོག་མངོན་པར་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད།

    སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོར་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་དཔེ་རིས་པར་གཞིར་གཟིགས་པ་དང་། ངོ་སྤྲོད་གསན་པ། ཡོང་འབབ་སྐོར་བཀའ་འདྲི་གནང་བ་རེད། གྲོང་ཚོ་དེས“མཉམ་ལས་ཁང་དང་། རྟེན་གཞི། དུད་ཚང་དབུལ་པོ་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་སྣ་མང་གཉེར་སྐྱོང་བྱས་པས། འདི་ལོ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་1400ཟིན་པ་དང་། གྲོང་ཚོའི་མི་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་མཁྱེན་རྟོགས་བྱུང་སྐབས་བློ་བཟང་རྒྱལ་མཚན་གྱིས་ལས་དོན་དེར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དབུལ་སྐྱོར་བྱེད་པར་སྔོན་ལ་བློ་རིག་གི་དབུལ་སྐྱོར་བྱེད་པ་དང་། དབུལ་སྐྱོར་བྱེད་པར་སྒྱིད་ལུག་བྱེད་མི་རུང་བའི་བྱེད་སྟངས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་མང་ཚོགས་དབུལ་པོར་ངལ་རྩོལ་ལ་དགའ་ཞེན་བྱ་རྒྱུ་དང་། སྤྱོད་ངན་དོར་རྒྱུ།སྲོལ་བཟང་གཏོད་རྒྱུ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་དུ་བྱས་ནས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ནི་རྒྱལ་ཁབ་ཀྱི་ཁག་དང་པོའི་ཁྱད་ལྡན་གྲོང་སྡེ་ཆུང་ངུ་ཞིག་རེད། བློ་བཟང་རྒྱལ་མཚན་གྱིས་བསམ་ཡས་གྲོང་རྡལ་གྱི་འཕེལ་རྒྱས་གནས་ཚུལ་དང་། འཆར་འགོད་ཇུས་འགོད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྲུང་སྐྱོང་ཨང་དང་པོ་མཐའ་འཁྱོངས་བྱེད་པ་དང་སྤྱི་ཡོངས་ལ་བསམ་གཞིགས་བྱས་ཏེ་རི་དང་། དགོན་སྡེ། གྲོང་ཁྱེར་བཅས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཁྱེར་གྱི་བཀོད་པ་ཟབ་ཏུ་གཏོང་བ་དང་། ཆུ་དང་། ཞིང་། གྲོང་རྡལ་བཅས་གཞི་གཅིག་ཏུ་བསྡུས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྣོད་བཅུད་བར་མཐོངས་མངོན་པར་བྱས་ནས་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་དེར་སྲུང་སྐྱོབ་ཡག་པོ་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གྲོང་ཁྱེར་དང་རྫོང་གི་ལས་དོན་སྙན་ཞུ་གསན་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་བྱུང་བའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དོན་ཆེན་ཨང་དང་པོ་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། “འདུ་ཤེས་བཞི”བརྟན་པོར་བཙུགས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རྣམ་གྲངས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཞིག་ཡིན། རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་འཆར་འགོད་ཡག་པོ་དག་དངོས་དངོས་རྗེན་རྗེན་གྱི་རྣམ་གྲངས་སུ་གྱུར་བ་བྱེད་པ་དང་། རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ཞིབ་ཚགས་བྱེད་པ། རྣམ་གྲངས་ཀྱི་འགན་འཁུར་བ་དང་། དུས་ཚོད་རེའུ་མིག ལམ་ཐིག་པར་རིས་བཅས་གསལ་བཟོ་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་བཅས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། མི་རིགས་ལག་ཤེས་བཟོ་ལས། རང་བྱུང་འཐུང་ཆུ། ས་མཐོའི་འདེབས་འཛུགས་དང་གསོ་ཚགས་ལས་སྣོན་སོགས་ཐོན་ལས་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། སྨན་བཅོས་ཤེས་ལྡན་པ་དང་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་གོ་སྐབས་ཡག་པོ་དམ་འཛིན་བྱས་ཏེ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང“བོད་ཀྱི་འབྱུང་འགྱུར་སློབ་གསོར་རག་ལུས་པ་དང་། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཕྲུ་གུ་ནས་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བཙུགས་ནས་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། ད་ཡོད་ཀྱི་སློབ་གསོ་སྨན་བཅོས་ཤེས་ལྡན་པའི་ཐོན་ཁུངས་ལེགས་གཏོང་དང་བསྡུ་སྒྲིལ་བྱེད་པ་དང་ལྷག་པར་དུ་རྫོང་དང་ཤང་གི་སྨན་བཅོས་ཀྱིས་སྤྱི་ཡོངས་ནས་བསམ་གཞིག་དང་སྤྱི་འདོམས་བྱེད་པ་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་གཞི་རིམ་སྨན་བཅོས་ཤེས་ལྡན་པ་དཀོན་པ་དང་ཆུ་ཚད་མཐོ་པོ་མེད་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་མཐའ་ཚད་གསུམ་བརྟན་པོ་སྲུང་སྟེ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་བཅས་ཐད་ཀྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་དང་། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཡག་པོ་ཡོང་བའི་འགན་ལེན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།