ཚེས་5ཉིན་གོར་མོའི་བོད་མཚོ་བཟོ་ལས་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཐུན་མོང་ཐོག་བཟོ་ལས་གླིང་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་ཐག་གཅོད་བྱས་པ་དང་། རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་དང་གོར་མོ་གྲོང་ཁྱེར་གྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ཡོད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
འབྲེལ་ཡོད་ཀྱི་སྙན་སེང་གསན་རྗེས། ཅང་ཅེས་བོད་མཚོ་བཟོ་ལས་གླིང་བསྐྲུན་པ་དེས་རྒྱལ་ནང་དུ་ས་ཁོངས་ལས་བརྒལ་བའི་མཉམ་ལས་གསར་གཏོད་དང་འཕེལ་རྒྱས་ཐུན་མོང་ཐོག་མཉམ་སྤྱོད་བྱེད་ཐེངས་དང་པོ་དེ་ཡིན་ལ། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་གཞན་སྒྱུར་བྱས་པ་ཞིག་ཀྱང་ཡིན་པས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་དང་དཔེ་མཚོན་ཞིག་ཀྱང་རེད་ཅེས་གསུངས།
ཅང་ཅེས་བོད་མཚོ་བཟོ་ལས་གླིང་བསྐྲུན་པ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བྱེད་ཐབས་གལ་ཆེན་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་ཆགས་པར་བྱས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་སྡེ་ཚན་དབར་འབྲེལ་མཐུད་དང་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འབྲེལ་མཐུད་དང་རམ་འདེགས་ཡག་པོ་བྱེད་པ་དང་། སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ལེགས་ནུས་ལྡན་གྱི་ཞབས་ཞུའི་ལམ་སྲོལ་ཆགས་པ་བཅས་བྱེད་དགོས། “གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དང་དོན་འཁྱོལ་བྱས་ནས་དུས་བསྟུན་འཕེལ་རྒྱས་དང་སྒོ་འབྱེད་མཉམ་སྤྱོད་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་སྲིད་ཇུས་དང་། ཐོན་ཁུངས། ནུས་རྒྱུ། འགྲིམ་འགྲུལ་སོགས་ཀྱི་ལེགས་ཆ་གསབ་རེས་གང་ལེགས་བྱས་ཏེ་བོད་དང་མཚོ་སྔོན་ལྗོངས་ཞིང་གཉིས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་དུ་འཕེལ་རྒྱས་བཏང་བར་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་དགོས། ལྗོངས་ཞིང་གཉིས་གཉིས་ཁེ་གཉིས་ཕན་རྩ་བའི་གཞི་འཛིན་སར་བྱས་ནས་ཕྱོགས་གཉིས་པོའི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་ཀྱི་སྲིད་ཇུས་ལེགས་སྒྲིག་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས། ཐོན་ལས་གྲུབ་ཆ་རིམ་སྤོར་ལ་སྐུལ་མ་གཏོང་བ་བཅས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་དུ་བཟོ་ལས་གླིང་གི་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། བཟོ་ལས་གླིང་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་ལ་སྐུལ་མ་གཏོང་བའི་གཉིས་ཁེ་གཉིས་ཕན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་མཉམ་ལས་ལས་སྟེགས་ཤིག་ཏུ་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།