དབུ་ཤོག>སྲིད་དོན།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-05

    སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། སྲིད་གྲོས་ལ་ཞུགས་པའི་མི་དམངས་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་བློ་མཐུན་ཝུའུ་དབྱིང་ཅེས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་དང་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཁག་ལ་རྦད་དེ་བརྩི་བཀུར་ཞུས་པ་དང་། ཚོགས་ཆེན་ཐོག་བདམས་ཐོན་བྱུང་བའི་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་མཉམ་སྡེབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་བའི་བློ་མཐུན་ཝུའུ་དབྱིང་ཅེས་ཚན་ཁག་གི་འགོ་ཁྲིད་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལྷག་བསམ་ཟོལ་མེད་ཀྱིས་བརྩི་བཀུར་ཞུས་པ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་འགག་རྩའི་དུས་མཚམས་སུ་འཚོགས་པའི་ཧ་ཅང་གལ་ཆེ་བའི་ཚོགས་འདུ་ཞིག་ཡིན་པས། རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་གལ་འགངས་ཆེ་ལ་གཏིང་ཟབ་ཅིང་ཡུན་རིང་བའི་ཤུགས་རྐྱེན་ཐེབས་ངེས་རེད། ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་ཀྱི་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་འཆར་འགོད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་བརྟན་པོར་འཆངས་བ། ཧུར་སྐྱེད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། འགོ་འཛུགས་ས་གསར་པའི་འོག་བོད་འདི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཆེད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་མ་ཟད། མིག་སྔ་དང་སླད་ཕྱིན་གྱི་དུས་མཚམས་ཤིག་རིང་གི་རང་ལྗོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་རེད།

    ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་གཏན་འཁེལ་ཁ་གསལ་བཟོས་པ་དང་། “བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་ཅིང་། དེ་ནི་ཏང་གི་གདམ་ག་དང་། མི་དམངས་ཀྱི་གདམ་ག ལོ་རྒྱུས་ཀྱི་གདམ་ག་བཅས་ཡིན་པ་དང་། ཏང་སེམས་ཕྱོགས་ས་དང་། དམག་སེམས་ཕྱོགས་ས། དམངས་སེམས་ཕྱོགས་ས་བཅས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་གནས་ཡུལ་ཡིན་པས་ཏང་ཡོངས་ཀྱི་ཐུན་མོང་བསམ་འདུན་མཚོན་ཁར། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་བཅས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡང་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རླབས་ཆེན་གྱི་འཐབ་རྩོད་ལག་ལེན་གསར་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་ནས། རྒྱལ་ཡོངས་མི་དམངས་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚུད་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་ཟབ་མོ་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱི་རྩ་འཛུགས་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས“འདུ་ཤེས་བཞི”བརྟན་པོར་བཙུགས་ཏེ་བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་བློ་དཀར་སེམས་དཀར། བྱ་སྤྱོད་ཐད་སྲོག་ཤིང་སྲུང་སྐྱོང་བཅས་བྱེད་དགོས་པ་དང་། བོད་པེ་ཅིང་དང་རྒྱང་ཐག་རིང་ཡང་ང་ཚོའི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་དགོས་པ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་རང་འགུལ་ངང་དང་ལེན་ཧུར་ཐག་དང་། བློ་བརྟན་འགྱུར་མེད་ངང་ལག་བསྟར། ཐེ་ཚོམ་མེད་པར་ལག་བསྟར། ཐབས་བརྒྱ་ཇུས་སྟོང་གིས་དོན་འཁྱོལ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས། ཚོགས་འདུའི་ཡིག་ཆ་ཞིབ་ཀློག་ནན་ཏན་བྱས་ཏེ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་སྙན་སྒྲོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས་བསམ་བློ་གསར་པར་སློབ་སྦྱོང་དང་། གནས་ལུགས་གསར་པ་རྟོགས་པ། དམིགས་ཚད་གསལ་པོ་བཟོ་བ་བཅས་ཏན་ཏིག་བྱེད་དགོས་པ་དང་། ཁ་ཕྱོགས་སྟངས་འཛིན་དང་ཡིད་ཆེས་བརྟན་གཏོང་གིས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཁར། བློ་མཐུན་ཞིས་ཅིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་ཚོགས་འདུའི་ཆབ་སྲིད་ཀྱི་རྣམ་འགྱུར་ཁ་གསལ་ལ་ངེས་ཤེས་ཟབ་མོ་འདྲོངས་ནས་ཆབ་སྲིད་ཀྱི་ངེས་ཤུགས་ཆེ་རུ་གཏོང་དགོས་པ་དང་། འདས་པའི་ལོ་ལྔའི་རིང་བོད་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པར་ངེས་ཤེས་ཟབ་མོ་འདྲོངས་ནས་དེ་དག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་བ་ལས་བྱུང་བའི་བཀའ་དྲིན་ཚོར་སེམས་ཆེ་རུ་གཏོང་དགོས་པ། ད་ཆའི་རང་ལྗོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་འཕྲད་པའི་དུས་མཚམས་ཀྱི་ཁྱད་ཆོས་དང་དཀའ་ངལ་གྱི་འགྲན་སློང་ལ་ངེས་ཤེས་ཟབ་མོ་འདྲོངས་ནས་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་དགོས་པ། སླད་ཕྱིན་ལོ་ལྔའི་ལས་ཀའི་སྤྱིའི་བླང་བྱ་དང་། འབད་འཐབ་ཀྱི་དམིགས་ཚད། མཛུབ་ཁྲིད་རྩ་དོན་བཅས་ལ་ངེས་ཤེས་ཟབ་མོ་འདྲོངས་ནས་བསམ་ཕྱོགས་དང་ཁ་ཕྱོགས་ཁ་གསལ་དགོས་པ། “བློ་བརྟན་འགྱུར་མེད་བཞིའི”བཀོད་སྒྲིག་བླང་བྱར་ངེས་ཤེས་ཟབ་མོ་འདྲོངས་ནས་ཁ་གཏད་འཇལ་བའི་བྱ་ཐབས་ཁ་གསལ་བཟོ་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་འཚོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་མ་གཏོང་བའི་ལས་འགན་བླང་བྱར་ངེས་ཤེས་ཟབ་མོ་འདྲོངས་ནས་སྲིད་གྲོས་ཀྱི་ལས་དོན་བློ་རྩ་བརྟན་པོའི་ངང་ཡག་པོ་སྒྲུབ་པ་དང་། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཞབས་འདེགས་ཞུ་བའི་ཡིད་ཆེས་དང་ཆོད་སེམས་བཅངས་ནས་སློབ་སྦྱོང་གི་བརྒྱུད་རིམ་དེ་བསམ་བློ་ཞིབ་ཚགས་གཏོང་བ་དང་། བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། ལས་ཀར་སྐུལ་མ་གཏོང་བ། སེམས་པ་གཅིག་ཏུ་འགྲིལ་བ། མཐུན་སྒྲིལ་འབད་འཐབ་བྱེད་པའི་བརྒྱུད་རིམ་དུ་འགྱུར་བ་བྱེད་དགོས་པ་བཅས་བསྟན་ཡོད། ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལེགས་ཆ་ཧུར་ཐག་འདོན་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། ཤུགས་རྒྱག་སའི་ཁ་ཕྱོགས་འཕྱུགས་མེད་འཚོལ་བ། འགན་འཁྲི་གཙང་སྒྲུབ་ཀྱི་གཙོ་གནད་མངོན་གསལ་འབུར་ཐོན་བཅས་བྱས་ནས། བློ་གྲོས་དང་སྟོབས་ཤུགས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གཏན་ལ་ཕབ་པའི་འབད་འཐབ་དམིགས་ཚད་དང་ལས་འགན་སྒྲུབ་པའི་ཐོག་གཅིག་ཏུ་འགྲིལ་དགོས་པ་དང་། ལྟེ་བར་དམིགས་པ་མཐའ་འཁྱོངས་ཀྱིས་ཚོགས་ཆེན་གྱི“བློ་བརྟན་འགྱུར་མེད་བཞིའི”བཀོད་སྒྲིག་བླང་བྱར་དམ་པོར་སྦྲེལ་ནས་གྲོས་མོལ་བྱེད་སྒོ་དང་། གྲོས་འགོ་འདོན་པ། བརྟག་ཞིབ། གཟིགས་ཞིབ། སྤྱི་ཚོགས་ཀྱི་འདོད་ཚུལ་དང་དམངས་ཀྱི་འདོད་ཚུལ་ཞུ་བ་སོགས་ཀྱི་ཐབས་ལམ་བརྒྱུད་སྲིད་གྲོས་བྱ་བར་ཐབས་དང་ཇུས་འདོན་དགོས་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་བྱས་ནས་དུས་ཐོག་ཏུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་འདུན་ཞུ་ཁོང་དུ་ཆུད་པ་བྱས་ཏེ་དོགས་པ་སེལ་བ་དང་། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ། མི་སེམས་གོང་བུ་གཅིག་ཏུ་འགྲིལ་བའི་ལས་ཀ་མང་ཙམ་་བསྒྲུབས་ཏེ་ཏང་ཨུད་སྲིད་གཞུང་དང་མི་དམངས་དབར་འབྲེལ་ལམ་ཟབ་པ། བསམ་ཤེས་ཐུབ་པ། རྒྱབ་སྐྱོར་ཡོང་བའི་སྦྲེལ་ཟམ་ཧུར་ཐག་བསྐྲུན་ནས། བོད་འཕེལ་རྒྱས་མྱུར་པོ་དང་དུས་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ། དམངས་གཙོ་གྲོས་མོལ་བྱེད་པའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོས་ནས། མི་དམངས་སྲིད་གྲོས་ཀྱི་ནུས་པ་ལེགས་པར་བཏོན་ནས་གྲོས་མོལ་རྣམ་པ་རྒྱ་ཆེར་གཏོང་བ་དང་། གྲོས་མལ་བྱེད་ཚད་ཟབ་ཏུ་གཏོང་བ། གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བཀོད་སྒྲིག་བླང་བྱར་གཞིགས་ནས་ཕུགས་བསམ་གྱི་དད་སེམས་བརྟན་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བྱེད་དགོས་པ། སྲིད་གྲོས་ཀྱི་ཚོགས་འདུ་དང་དེ་བཞིན་ཨུ་ཡོན་གྱི་གཟིགས་ཞིབ་དང་། བརྟག་ཞིབ། གྲོས་འགོ་འདོན་པ་སོགས་ཀྱི་བྱེད་སྒོ་ཁག་ལ་གནད་དོན་ཤེས་རྒྱུར་མཐོང་ཆེན་བྱས་ནས་ལྷག་བསམ་ངང་སྐྱོན་བརྗོད་དང་། བསམ་འཆར་དང་གྲོས་འགོ་བཏོན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་མ་གཏོང་བའི་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནུས་པ་ལེགས་པར་འདོན་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆེན་མཐོན་པོར་སྒྲེང་བ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། བློ་མཐུན་ཝུའུ་དབྱིང་ཅེས་ཚན་ཁག་གི་འགོ་ཁྲིད་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་ཞུགས་སྲིད་གྲོས་དང་། འགན་འཁྲི་གཙང་སྒྲུབ། བློ་སེམས་གཅིག་སྒྲིལ། ཇུས་ཤུགས་མཉམ་འདོན་བཅས་བྱས་ནས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་འགྲུབ་རྒྱུར་འབད་པ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།