དབུ་ཤོག>སྲིད་དོན།
  • བློ་བརྟན་འགྱུར་མེད་ངང་ཕྱོཌ་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་སྤེལ་བཏང་སྟེ་བོད་ཀྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-30

    (2016ལོའི་ཟླ་11ཚེས་15ཉིན)ཝང་གཡུང་ཅུན།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཚང་འཛོམས་གྲོས་ཚོགས་དང་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ལྷན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་བསྒྲུབས་ཏེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཏན་ཏིག་ངང་སྤེལ་ཡོད། ད་ལྟ་ལོ་ལྔའི་རིང་གི་ལས་ཀའི་གནས་ཚུལ་དང་སླད་ཕྱིན་ལོ་ལྔའི་ལས་ཀའི་གྲོས་འགོ་ཁག་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་སྙན་སེང་ཞུ་རྒྱུ་ཡིན་པས་ཞིབ་བཤེར་གནང་རོགས།

    གཅིག འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་མིག་ལྟ་བ།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བའི་ལོ་ལྔ་ཡིན་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་འཁུར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བའི་ལོ་ལྔ་ཡིན་པ། ཏང་སྲོལ་སྲིད་སྲོལ་ཟམ་མི་ཆད་པར་ལེགས་སུ་འགྲོ་བ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་སྣང་ཚུལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་ལོ་ལྔ་བཅས་ཡིན། ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུའི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་སྤེལ་བཏང་བས། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་འཕེལ་རིམ་གསར་པ་བྱུང་བ་དང་ཕན་ནུས་གསར་པ་ཐོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གཙོ་རྐང་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་ཚང་མས་མཉམ་འཛིན་སྤྱི་སྒྲུབ་བྱེད་པའི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དཀའ་གནད་འགག་སྒྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ལྷག་བསམ་རྣམ་དག་གིས་འགན་འཁྲི་འཁུར་བ་དང་ལས་སྐལ་ལ་ངོ་མི་གནོང་བ་བཅས་བྱས་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་དང་སྒྲིག་ཁྲིམས་སྔོན་འགྲོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་ལྟེ་བའི་ལས་འགན་ལ་དམིགས་ཏེ་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱོད་ཚུལ་ལེགས་སྐྱོང་དང་སྒྲིག་ཁྲིམས་ནན་གཏོང་མཚམས་འཇོག་མི་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་དང་ཆད་པ་གཅོད་ཕོད་པ། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཏན་ཏིག་སྤེལ་བ་བཅས་བྱས་ནས་བོད་ལྗོངས་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་ནུས་ལྡན་བྱས་ཡོད།

    — སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ཨང་དང་པོར་བཞག་པས་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་ཆབ་སྲིད་རྣམ་པ་སྔར་བས་སྲ་བརྟན་དུ་ཕྱིན་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་བསྟར་མཐའ་འཁྱོངས་བྱ་རྒྱུ་ཨང་དང་པོར་བཞག་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སློབ་གསོ་རྒྱུན་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་བཏང་བ་དང་། དྲང་ཕྱོགས་ཀྱི་སློབ་གསོས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྡོག་ཕྱོགས་ཀྱི་ཉེན་ཟོན་དྲན་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བྱ་རྒྱུ་དང་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རང་རྟོགས་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་སྲུང་སྐྱོང་དང་། གོང་བཀུར། ལྷག་བསམ་རྣམ་དག་བཅས་བྱ་རྒྱུ་དང་། ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡིན་མིན་ཆེན་པོའི་གནད་དོན་འདིའི་ཐད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱིས་བློ་ཐག་ཆོད་པོས་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ལ་སྐུལ་འདེད་བཏང་ཡོད། གུང་ཁྲན་ཏང་མི་དང་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བཟོས་ནས་ཆབ་སྲིད་སྒྲིག་ཁྲིམས་ཀྱི“བཀག་རྒྱ་གསལ་ཐོ”རེ་རེ་བཞིན་བཀོད་པ་དང་། ཁྲིམས་འགལ་རྩ་འཛུགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཁྲོད“ནན་འགོག་ལྔའི”ཆབ་སྲིད་སྒྲིག་ཁྲིམས་ཀྱི་བླང་བྱ་བཏོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཁྲོད་འགན་འཛོལ་ལས་འཛོལ་བྱུང་བར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་མི་561ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞི་ཞིབ་གཅོད་བྱེད་པའི་མཉམ་ལས་གཞོགས་འདེགས་ལམ་སྲོལ་བཙུགས་ནས་མཐུན་སྦྱོར་འབྲེལ་གཏུག་དང་། ཁུངས་སྣེ་རྩིས་སྤྲོད་དང་མཉམ་གྲོས། གྱོད་དོན་མཉམ་སྒྲུབ། རིམ་སྤར་འདྲི་ཞིབ་སོགས་ཀྱི་ལས་རིམ་ཁག་ཁ་གསལ་བཟོས་ཏེ་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་དོགས་ཡོད་གནད་དོན་གྱི་ཁུངས་སྣེར་ཞིབ་དཔྱད་ནན་ཏན་བྱས་ཏེ་ཏང་ཡོན་ཁག་གཅིག་གིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གྱོད་གཞིར་ཐག་གཅོད་ནན་པོ་བྱས་ཡོད། སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་པའི་ཁྲོད་རྩ་འཛུགས་ནས་འདྲི་གཅོད་བྱས་པར་འགྲན་རྒོལ་བྱེད་པའི་བྱེད་སྤྱོད་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སྒམ་ནན་རང་བཞིན་སྲུང་སྐྱོང་བྱས་ཡོད། འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་ཀར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྐབས་བརྗེའི་ལས་ཀར་སྤྱོད་བཟང་གཞུང་དྲང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

    —— གཙོ་རྐང་འགན་འཁྲི་གནད་ལ་འཁེལ་ཞིང་ཕན་འབྲས་ཐོན་རྒྱུར་སྐུལ་སྤེལ་ཟམ་མི་ཆད་པར་བཏང་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་ནས་སྣེ་ཁྲིད་དཔེ་སྟོན་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་སེམས་དང་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གཙོ་རྐང་འགན་འཁྲི་འཁུར་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་གཅིག་གྱུར་འཆར་འགོད་བྱས་ཡོད། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་180འཚོགས་པའི་ནང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་ཐད་ཀྱི་གྲོས་དོན་ཐེངས་71ཡོད་པ་དང་། མི་སྣ་ཡང་དག་ངང་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས་ལས་བྱེད་པ་འདེམས་སྤྱོད་ཡག་པོ་བྱས་ནས་ལས་བྱེད་པ་བསྐོ་བཞག་བྱེད་པ་དང་སྦྲགས་ལས་བྱེད་པར་ལྟ་སྐུལ་ཡང་བྱས་ཡོད། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས་དབུལ་སྐྱོར་གསར་སྤེལ་དང་གེགས་རྗེས་བསྐྱར་སྐྲུན་མ་དངུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རིགས་ལ་ཆད་པ་ནན་པོ་བཅད་ཡོད། ལམ་ལུགས་ཀྱི་རླུང་ཙི་དམ་པོར་བཟུང་ནས་འགན་འཁྲི་གཉིས་ཀྱི་ལག་བསྟར་བསམ་འཆར་དང་། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་འགན་འཁྲི་བདའ་འདེད་བྱ་ཐབས་སོགས་ཁྲིམས་སྲོལ་དང་ལམ་ལུགས་ཁག་8ཞིབ་འཇུག་གཏན་འབེབས་བྱས་ཏེ་འབྱུང་རྩ་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཐད་ལྷུག་ལྷོད་འཇམ་གསུམ་གྱི་གནད་དོན་ཐག་གཅོད་བྱས་ཡོད། ལོ་ལྟར་ཞིང་ཆེན་རིམ་པའི་ལས་བྱེད་པས་དཔུང་སྣེ་ཁྲིད་དེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དཔྱད་ཞིབ་བྱས་ནས་གྲུབ་འབྲས་དངོས་སྒྱུར་ཤུགས་ཆེ་དང་གཙོ་རྐང་འགན་འཁྲི་དོན་འཁྱོལ་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ལྟ་སྐུལ་འགན་འཁྲི་ནན་བསྒྲུབས་ཀྱིས་ལྗོངས་ཐད་གཏོགས་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་འགན་འཁྲི་དང་གནོན་ཤུགས་བརྒྱུད་འདྲེན་བྱས་པ། གཙོ་རྐང་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་འགོ་ཁྲིད་གཙོ་བོར་ཐད་ཀར་གནད་དོན་དང་མི་འདང་བའི་ཆ་བཏོན་ནས“སྐྱོན་འདོན་འཚང་འདྲུ”བྱེད་པའི་ཁྲོད་འགན་འཁྲིའི་གནོན་ཤུགས་སྤྲད་ཡོད། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་བསྐོང་འདྲི་བྱ་ཐབས་བཟོ་འདོན་བྱས་ཏེ་ས་གནས་དང་གྲོང་ཁྱེར། རྫོང(ཆུས)རིམ་པ་གཉིས་ཀྱི་འགན་འཁུར་བ་གཙོ་བོ་སྒྲིག་འཛུགས་བྱས་ནས་འོག་རིམ་གྱི་འགན་འཁུར་བ་གཙོ་བོར་བསྐོང་འདྲི་བྱས་ཐོག རྫོང(ཆུས)དང་ཤང་གྲོང་རྡལ(ཁྲོམ་གཞུང)གི་ཏང་ཨུད་ཧྲུའུ་ཅི་ལོགས་སུ་བསྐོང་འདྲི་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཤིང་། བསྐོང་འདྲིའི་མ་ཟིན་ཁག་3000ལྷག་ཙམ་ལ་ཞིབ་བཤེར་བྱས་ཏེ་ཕྱི་ཚུལ་ཙམ་གྱི་བསྐོང་འདྲི་བྱེད་མཁན་ལ་བསྐྱར་དུ་བསྐོང་འདྲི་བྱེད་རྒྱུའི་བཀའ་བཏང་ནས་རིམ་པས་འོག་རིམ་ལ་གནོན་ཤུགས་བརྒྱུད་འདྲེན་བྱས་ཡོད། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས“གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”བྱེད་པའི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང་རུལ་སུངས་གྱོད་གཞིའི་རྒྱབ་ཀྱི་འགན་འཁྲི་གཉིས་ལག་བསྟར་ནུས་ལྡན་མི་ཐུབ་པའི་གནད་དོན་རྩད་གཅོད་ནན་པོ་བྱས་ཡོད། 2014ལོ་ཚུན་དུ་ལས་ཁུངས་ཁག་19དང་འགོ་ཁྲིད་ལས་བྱེད་པ་མི་གྲངས་163གྱི་འགན་འཁྲི་བདའ་འདེད་བཏང་བའི་ནང་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་མི་43དང་། རྩ་འཛུགས་ཀྱི་ཐག་གཅོད་བྱས་པ་མི་120 ས་གནས་དང་ཐིང་རིམ་པའི་ལས་བྱེད་པ་མི་22ཀྱི་འགན་འཁྲི་བདའ་འདེད་བཏང་ཡོད།

    —— གོམ་པ་བརྟན་པོའི་ངང་རྩ་འཛུགས་དང་ལམ་ལུགས་གསར་གཏོད་བྱས་ནས་སྒྲིག་བཤེར་ལམ་སྲོལ་བསྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྒྲིག་བཤེར་ལམ་སྲོལ་བསྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་ཆེད་མངག་བཙུགས་ནས་བསྒྱུར་བཅོས་ཀྱི་དུས་ཚོད་དང་བྱ་རིམ་གཏན་འཁེལ་བཟོས་ནས་རྩ་འཛུགས་དང་ལམ་ལུགས་གསར་གཏོད་ལ་སྐུལ་སྤེལ་བཏང་ཐོག བསྒྱུར་བཅོས་ཀྱི་གྲུབ་འབྲས་ཁག་97ཐོག་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། རིམ་ཁག་ཏང་ཨུད་ལ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གྱི་འགོ་ཁྲིད་ཚོགས་ཆུང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་མཐུན་སྦྱོར་ཚོགས་ཆུང་ཁག་སོ་སོར་འཛུགས་རྒྱུའི་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ཏང་གི་སྒྲིག་བཤེར་ལས་ཁུངས་ཀྱི་མིང་བྱང་དང་། གོ་རིམ། སྒོ་བྱང་བཅས་ཚད་ལྡན་བཟོས་ཡོད། མངགས་སྡོད་ཚན་པར་གཅིག་གྱུར་དོ་དམ་བྱ་རྒྱུ་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་མངགས་སྡོད་ཚན་པ་ཁག་32བཙུགས་ནས་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཁག་94ལ་ལྟ་སྐུལ་བྱས་པས། མངག་སྡོད་ལྟ་སྐུལ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མངགས་སྡོད་ཚན་པར་ཐད་ཀར་འགོ་ཁྲིད་བྱ་རྒྱུ་དང་མངག་སྡོད་བྱེད་སའི་སྡེ་ཁག་དབར་ལྟ་སྐུལ་དང་ལྟ་སྐུལ་བྱ་ཡུལ་གྱི་འབྲེལ་བ་གསལ་པོ་བཟོ་བ། མངགས་སྡོད་ཚན་པའི་ལས་ཀའི་དཔྱད་ཞིབ་བྱ་ཐབས་དང་ལས་ཀའི་འཆར་ཅན་གྱི་ཚོགས་འདུའི་ལམ་ལུགས་དངོས་སུ་བཏོན་ཏེ་མངགས་སྡོད་ཚན་པའི་ལྟ་སྐུལ་འགན་འཁྲི་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། འགོ་ཁྲིད་གཉིས་ལྡན་གྱི་སྒྲིག་སྲོལ་ཞིབ་ཕྲ་ཅན་དང་། གོ་རིམ་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་སྤེལ་བཏང་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ལས་དོན་བརྡ་ཁྱབ་དང་འོག་རིམ་སྒྲིག་ཨུད་ཀྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལ་ལས་དོན་སྙན་སེང་ཞུ་བའི་ལམ་སྲོལ་བཟོས་ཏེ་ས་གནས་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་དོ་དམ་བྱེད་ཁོངས་ལས་བྱེད་པ་ཡིན་དགོས་པ་ཁ་གསལ་གཏན་འཁེལ་བྱས་པ་དང་། ས་གནས་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་ཀྱི་དོ་དམ་བྱེད་ཁོངས་གཞུང་ཁོངས་ཁེ་ལས་ཀྱི་སྒྲིག་ཨུད་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བཅས་3གྱི་མིང་འདོན་རྟོག་ཞིབ་ལག་བསྟར་བྱ་ཐབས་བཟོས་པ་མ་ཟད། ལག་བསྟར་ནན་པོ་བྱས་ཡོད། 2015ལོ་ཚུན་དུ་མིང་འདོན་རྟོག་ཞིབ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ས་གནས་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་། རང་སྐྱོང་ལྗོངས་ཀྱི་དོ་དམ་བྱེད་ཁོངས་ཁེ་ལས་ཀྱི་སྒྲིག་ཨུད་ཧྲུའུ་ཅི་བཅས་མི་38གནས་སྤར་ལེགས་སྒྲིག་བྱས་ཡོད། ས་གནས་དང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་དུས་བཀག་ལྟར་རང་སྐྱོང་ལྗོངས་སྒྲིག་ཨུད་ལ་གནད་དོན་ཁུངས་སྣེ་ཐག་གཅོད་དང་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱས་ཚུལ་སྙན་སེང་ཞུ་བ་དང་། སྒྲིག་བཤེར་ལས་ཁུངས་ཀྱི་རུས་སུངས་གྱོད་དོན་ཞིབ་གཅོད་ཀྱི་སྙན་འབུལ་དགོངས་སྐོར་དང་བརྡ་ཁྱབ་ལམ་སྲོལ་འཐུས་ཚང་བཙུགས་པ། སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་བཏོན་ནས་གནད་དོན་ཁུངས་སྣེར་ཁོངས་སྒྲིལ་དོ་དམ་དང་། མཉམ་དུ་རྩད་བཤེར། རིམ་དབྱེའི་ཐག་གཅོད་བཅས་བྱས་ཐོག གལ་ཆེའི་སྒྲིག་འགལ་གྱོད་གཞིར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རིམ་སྤར་ཐག་གཅོད་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་དོ་དམ་བྱེད་ཁོངས་མིན་པའི་ལྗོངས་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་སྒྲིག་འགལ་གྱོད་གཞིར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་གཅིག་གྱུར་ཐོ་བཀོད་ཀྱི་རམ་འདེགས་འདྲི་གཅོད་བྱས་པས་འོག་རིམ་སྒྲིག་ཨུད་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། གཞི་རིམ་གྱི་སྒྲིག་བཤེར་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་སྒྲིག་ཨུད་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ཚན་པ་17ནས་171བར་མང་དུ་བཏང་བ་དང་། མི་གྲངས་370ནས་མི་གྲངས་913བར་མང་དུ་བཏང་བ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)696ལ་ལོགས་སུ་སྒྲིག་ཨུད་བཙུགས་པ་དང་ལོགས་སུ་མིང་བྱང་བཀལ་བ་མ་ཟད། ཆེད་བསྐོས་སྒྲིག་ཨུད་ཧྲུའུ་ཅི་དང་སྒྲིག་བཤེར་ལས་བྱེད་པ་བཀོད་སྒྲིག་བྱས་ཤིང་། མི་གྲངས་162ནས་མི་གྲངས་2200བར་མང་དུ་བཏང་བས། གཞི་རིམ་གྱི་སྒྲིག་བཤེར་རྩ་འཛུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་དང་སྒྲིག་ཁྲིམས་ལག་བསྟར་པའི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    —— རྒྱུན་ཆད་མེད་པར“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་པས་ཏང་སྲོལ་དང་སྲིད་སྲོལ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”བཅས་དོན་འཁྱོལ་མཐའ་འཁྱོངས་བྱ་རྒྱུ་དེ་སྒམ་ནན་གྱི་ཆབ་སྲིད་གནད་དོན་ཞིག་ལ་བརྩིས་ཏེ“རྒྱུན་གཏན”དང“རྒྱུན་རིང”གཉིས་ལ་དམིགས་ནས་སྤྱོད་ཚུལ་གྱི་གནད་དོན་ཐད་ཉེན་ཟོན་དྲན་སྐུལ་དང་། ལྟ་སྐུལ་ཞིབ་བཤེར། བརྡ་ཁྱབ་གསལ་བསྒྲགས་བཅས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ལོ་གསར་དང་། དུས་ཆེན། ངལ་གསོའི་ཉིན་མོ་བཅས་གལ་ཆེའི་དུས་ཚིགས་དང་བསྟུན་ནས་ཞིབ་ཕྲའི་གནད་དོན་རེ་རེ་བཞིན་དམ་པོར་བཟུང་སྟེ། བརྡ་ཐོ་བཏང་ནས་སྒྲིག་ཁྲིམས་ཀྱི་བླང་བྱ་བསྐྱར་བཤད་དང་། དཔེ་མཚོན་རང་བཞིན་གྱི་གྱོད་གཞི་བརྡ་ཁྱབ་བཏང་ནས་ཉེན་ཟོན་དྲན་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་དམ་འཛིན་མཐའ་གཅིག་ཏུ་བྱེད་རྒྱུའི་སྔོན་བརྡ་བཏང་ཡོད། འགག་རྩ་ཉུང་ཤས་དང་རྣམ་པ་འགྱུར་བའི“སྤྱོད་ཚུལ་བཞིའི”གནད་དོན་ལ་དམ་པོར་དམིགས་ནས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་མངོན་ཞིབ་ལྐོག་འདྲི་ཐེངས་4500ལྷག་ཙམ་བྱས་ཡོད། བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་དྲ་རྒྱའི་ཐོག“སྤྱོད་ཚུལ་བཞི”ཐེར་འདོན་བྱེད་སའི་ཤར་གཏོང་འཕྲིན་ལམ་བཏོད་ནས་ཐེར་འདོན་བྱེད་ལམ་བཤངས་ཐོག་མང་ཚོགས་དང་སྨྱན་སྦྱོར་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཡོད། སྒྲིག་ཁྲིམས་ལག་བསྟར་བྱེད་རྒྱུ་ཇི་ཙམ་གྱི་རྗེས་སུ་སླེབས་ན་དེ་ཙམ་གྱིས་ནན་པོ་དང་ཐག་གཅོད་དེ་བས་ལྕི་བ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གཞུང་འཁོར་སྒེར་སྤྱོད་དང་། གཞུང་དངུལ་སྤྱད་དེ་བཟའ་བཏུང་དང་འབུལ་ཚན་བརྒྱབ་པ། གཞུང་དངུལ་བཏང་སྟེ་ཡུལ་སྐོར་དུ་འགྲོ་བ། སྒྲིག་འགལ་གྱིས་གསབ་དངུལ་དང་བྱ་དགའི་དངུལ་སྤྲོད་པ། མནའ་མ་བསུ་ལེན་དང་། གཤིན་པོ་དུར་སྐྱེལ། བུ་ཕྲུག་སློབ་ཐོན་བཅས་ལ་ཁ་གཡར་ནས་རྒྱུ་དངུལ་བསྡུ་ལེན་བྱེད་པ་སོགས་གནད་དོན་མངོན་གསལ་དོད་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་488དང་མི་652ཞིབ་བཤེར་ཐག་གཅོད་བྱས་ནས་མི་345ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཅིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མིང་དངོས་སུ་བཏོན་ནས་བརྡ་ཁྱབ་གསལ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་ཁག་156ཡོད། མང་ཚོགས་ཀྱི་གླེང་ཆ་ཆེ་བའི་གནད་དོན་མངོན་གསལ་དོད་རིགས་བཅོས་སྒྲིག་བྱས་པ་དང་། འབྲེལ་ཡོད་འགན་ནུས་ཚན་པས“གཞུང་གྲོན་གསུམ”གྱི་ཆེད་དོན་ཞིབ་བཤེར་དང་དམིགས་བསལ་དབང་ཆ་ཡོད་པའི་གཞུང་འཁོར་སོགས་ཀྱི་གནད་དོན་ཆེད་མངགས་བཅོས་སྒྲིག་བྱ་རྒྱུའི་སྐུལ་འདེད་བཏང་ནས། ཤེས་རྟོགས་བྱུང་བའི་གནད་དོན་ཁུངས་སྣེར་གཙོ་གནད་དུ་ལྟ་སྐུལ་སྒྲུབ་གཉེར་དང་དུས་བཀག་ཐོག་ཐག་གཅོད་བྱས་པས། 2014ལོར་སྒྲིག་འགལ་མ་དངུལ་སྒོར་ཁྲི་6043.61བདའ་འདེད་བཏང་བ་དང་། ཞིབ་དཔྱད་དང་རྣམ་གྲངས་རྩིས་ལེན་སོགས་ལ་ཁ་གཡར་ནས་ཤོག་ཆག་སྤྲོད་ལེན་བྱ་རྒྱུ་གཏན་འགོག་དང་། རིམ་ཁག་ཚན་པ་ཁག་ནས་ཆེད་དོན་གཙང་སེལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། 《བོད་དུ་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ》ཞེས་པ་པར་ལེན་སྒྲིག་བཟོ་བྱས་ཏེ་བོད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པའི་གྲུབ་འབྲས་གལ་ཆེན་གཅིག་སྡུད་ཐོག་མཚོན་པར་བྱས་ཡོད།

    —— ཚུལ་སྒྱུར་བྱ་རྒྱུར་དམ་པོར་དམིགས་ནས་སྐོར་ཞིབ་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རལ་གྲི་རྣོན་པོའི་ནུས་པ་མངོན་གསལ་དུ་ཐོན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོར་ཞིབ་ལས་ཀའི་གཙོ་རྐང་འགན་འཁྲི་ཏན་ཏིག་འཁུར་ཏེ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་དུས་བཀག་ཐོག་སྐོར་ཞིབ་ལས་ཀར་ཞིབ་འཇུག་བྱེད་པའི་ལམ་ལུགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“མི་བདུན་གྱི་ཚོགས་ཆུང”གིས་སྐོར་ཞིབ་གནས་ཚུལ་སྙན་ཞུ་གསན་པའི་ལམ་སྲོལ་བཟོས་པ་མ་ཟད། དོན་འཁྱོལ་ཡང་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ལས་ཀའི་འགོ་ཁྲིད་ཚོགས་ཆུང་ནས་སྐོར་ཞིབ་བྱེད་རིམ་བཞིན་སྐུལ་སློང་དང་བཀོད་སྒྲིག་བྱས་པ་མ་ཟད། ལས་འགན་ཁ་གསལ་བཟོ་བ་དང་། སྐོར་ཞིབ་བཅའ་སྡོད་མ་བྱས་གོང་གཅིག་སྡུད་ཐོག་ལས་སྒོའི་གསོ་སྦྱོང་དང་འགོ་ཁྲིད་གཙོ་བོས་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ལ་གླེང་རེས་བྱས་ཏེ་གནོན་ཤུགས་བརྒྱུད་འདྲེན་བྱས་པ། སྐོར་ཞིབ་བྱེད་རིང་སྐབས་འཕྲལ་དུ་སྐོར་ཞིབ་བྱས་ཚུལ་ཉན་པ་དང་རྗེས་སྙེགས་མཛུབ་སྟོན་བྱས་པ། སྒྲིག་སྲོལ་ལམ་ལུགས་ཁག་18ཞིབ་འཇུག་གཏན་འཁེལ་བྱས་ཏེ་སྐོར་ཞིབ་ལས་ཀར་ཤུགས་སྣོན་བརྒྱབ་པ་དང་ཚད་ལྡན་བཟོས་ཡོད། སྐོར་ཞིབ་ཀྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ། སྐོར་ཞིབ་པའི་སྒྲིག་ཁོངས་མི་སྣ་མང་དུ་བཏང་ཞིང་། རྒྱུན་བཙུགས་སྐོར་ཞིབ་ཚོགས་ཆུང་ཁག་3ནས་5བར་མང་དུ་བཏང་བ་དང་། གནས་སྐབས་ཀྱི་སྐོར་ཞིབ་ཚོགས་ཆུང་སྣོན་བཙུགས་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཐོ་མཛོད་དང་རིགས་གཅིག་མཁས་པའི་ཐོ་མཛོད། མཉམ་ལས་གཞོགས་འདེགས་ལམ་སྲོལ་བཅས་བཙུགས་ཏེ་སྐོར་ཞིབ་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཞིང་། མི་ཐེངས་610སྐོང་འཐེན་གྱིས་སྐོར་ཞིབ་ལྟ་སྐུལ་ནང་ཞུགས་ཡོད། བྱ་ཐབས་གསར་གཏོད་བྱས་ཏེ་སྐོར་ཞིབ་ཀྱི་མྱུར་ཚད་མགྱོགས་སུ་བཏང་ནས། 2013ལོའི་གོང་གི་ལོ་རེར་སྐོར་ཞིབ་ཐེངས་1བྱེད་པ་ནས་ལོ་རེར་ཐེངས་3བྱེད་རྒྱུ་ལེགས་སྒྲིག་བྱས་པ། སྐབས་བརྒྱད་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཁྱོན་བསྡོམས་ལས་ཁུངས་དང་ཏང་རྩ་འཛུགས་ཁག་181ལ་རེས་སྐོར་སྐོར་ཞིབ་ཐེངས་9བྱས་པ་དང་ལྗོངས་ཐད་གཏོགས་སྡེ་ཚན་8ཀྱི་ཏང་རྩ་འཛུགས་ལ་བསྐྱར་དུ་སྐོར་ཞིབ་བྱས་པས་སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། ཆབ་སྲིད་ཐད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་བཏང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་ཏེ་གནད་དོན་གྱི་འཛིན་ཕྱོགས་གསལ་པོར་བཞག་ནས་གྲུབ་འབྲས་དངོས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ཡོད། གོང་དུ་སྐོར་ཞིབ་ཐེངས་8བྱས་པའི་ནང་ཤེས་རྟོགས་བྱུང་བ་མ་ཟད། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ལ་གནད་དོན་མངོན་གསལ་དོད་རིགས་ཁག་1405ཕྱིར་ལན་བྱས་པ་དང་། གོང་དུ་སྐོར་ཞིབ་ཐེངས་7བྱས་པའི་ནང་ཕྱིར་ལན་བྱས་པའི་གནད་དོན་836ལས་གནད་དོན་ཁག་755དག་ཐེར་ལེགས་བཅོས་བྱས་པ། སྒྲིག་བཤེར་ལས་ཁུངས་དང་། རྩ་འཛུགས། འབྲེལ་ཡོད་སྡེ་ཁག(ཚན་པ)བཅས་ལ་གནད་དོན་ཁུངས་སྣེ་དང་དོན་གནད་ཁག་550རྩིས་སྤྲད་ནས་སྐོར་ཞིབ་ཚོགས་ཆུང་གིས་རྩིས་སྤྲད་པའི་གནད་དོན་ཁུངས་སྣེ་ཁག་སྒྲིག་བཤེར་ལས་ཁུངས་ནས་སྔོན་དུ་སྒྲུབ་གཉེར་བྱས་པ་དང་། གྱོད་ཁོངས་སུ་བཅུག་ནས་ཐག་གཅོད་བྱས་པའི་མི་23ནང་ས་ཁུལ་དང་ཐིང་རིམ་པའི་མི་11དང་རྫོང་དང་ཁྲུའུ་རིམ་པའི་མི7ཡོད། རྩ་འཛུགས་སྡེ་ཚན་ནས་མི་21གི་ལས་གནས་སྤོ་སྒྱུར་བྱས་པ་དང་། མི་294ལ་དྲན་སྐུལ་སློབ་གསོ་དང་བསྐོང་འདྲི་བཅས་བྱས་ཡོད། ས་ཨུད་དང་གྲོང་ཨུད་ཀྱི་སྐོར་བཤེར་ལམ་ལུགས་བཙུགས་ནས་སྐོར་ཞིབ་གཞུང་ལས་ཁང་དུ་སྐོར་བཤེར་ལས་དོན་མཛུབ་ཁྲིད་ཁྲུའུ་བཙུགས་པ་དང་། ས་ཨུད་དང་གྲོང་ཨུད་7ལ“མི་ལྔའི་ཚོགས་ཆུང”དང་འགོ་ཁྲིད་ཚོགས་ཆུང་། གཞུང་ལས་ཁང་། སྐོར་བཤེར་ཚོགས་ཆུང་སོགས་ཀྱི་སྒྲིག་གཞི་བཙུགས་ཏེ་སྐོར་བཤེར་ཐེངས་3བྱས་པ་དང་། གོང་གི་སྐོར་ཞིབ་ཐེངས་2ནང་གནད་དོན་མངོན་གསལ་དོད་རིགས་ཁག་1374དང་གནད་དོན་ཁུངས་སྣེ་ཁག་147ཤེས་རྟོགས་ཐུབ་པས། སྐོར་ཞིབ་དང་སྐོར་བཤེར་མཉམ་འགུལ་མཉམ་ཤུགས་འདོན་ཐུབ་ཡོད།

    —— སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། སྒྲིག་ཁྲིམས་སྔོན་འགྲོར་འཛིན་རྒྱུ་མཐའ་འཁྱོངས་དང་། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ཐད“བྱེད་སྟངས་མི་འདྲ་བ་བཞི”ལག་ལེན་བསྟར་ཏེ་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། གོ་བསྐོན་སློབ་གསོ་བཏང་བ་བཅས་བྱས་ཤིང་། བསྐོང་འདྲི་དང་འཕྲིན་འདྲིའི་ལས་དོན་སྤེལ་ཤུགས་དང་ཁེབས་རྒྱ་ཆེ་རུ་བཏང་བ་དང་། བསྐོང་འདྲི་དང་འཕྲིན་འདྲིའི་ལས་ཀ་ཚད་ལྡན་བཟོས་པ། མིང་རྟགས་འགོད་པ་དང་སྒྲུག་བཤེར་དཔྱད་ཞིབ་བྱེད་པའི་ལམ་སྲོལ་བཙུགས་ཏེ་གནད་དོན་གསལ་ཞུ་བྱས་རིགས་ལ་དུས་ཐོག་ཏུ་ཁ་ཏ་དྲན་སྐུལ་དང་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་རྒྱུན་གཏན་ཅན་དུ་འགྱུར་བ་བྱས་པ་དང་། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་སྒྲིག་འགལ་གྱི་གནད་དོན་ཐོན་རིམ་བཞིན་ལམ་སེང་ཞིབ་བཤེར་ཐག་གཅོད་བྱས་ཏེ་སྒྲིག་ཁྲིམས་ཀྱི་མཐའ་ཚད་བརྟན་སྲུང་བྱས་པ། 2016ལོ་ཚུན་དུ་ལྗོངས་ཡོངས་སུ་བསྐོང་འདྲི་དང་འཕྲིན་འདྲི་མི་ཐེངས་1113བྱས་པ་དང་། མི་473ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པའི་ནང་མི་332ལ་ཆད་པ་ཡང་ཙམ་བཅད་པ་དང་མི་141ལ་ཆད་པ་ལྗིད་པོ་བཅད་ཡོད། གྱོད་དོན་ཡོད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་རུལ་སུངས་ཐོན་ཚེ་ངེས་པར་དུ་ཆད་པ་གཅོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་མཉམ་ལས་ཀྱི་གཞོགས་འདེགས་ལམ་སྲོལ་བཙུགས་པ། སྒྲིག་ཁྲིམས་ལག་བསྟར་གྱི་ཞིབ་བཤེར་ལས་ཀའི་གྲུབ་འབྲས་དཔྱད་ཞིབ་བྱ་ཐབས་བཏོན་ཏེ། ཕན་ཚུན་མཉམ་འབྲེལ་ཐོག་སྒྲིག་ཁྲིམས་ལག་བསྟར་གྱི་ཞིབ་བཤེར་བྱེད་སྟངས་ཁྱབ་གདལ་བཏང་ཞིང་། གལ་ཆེའི་གནད་དོན་ཁུངས་སྣེར་རྗེས་སྙེག་སྐུལ་སྒྲུབ་བྱེད་པའི་ལམ་སྲོལ་བཙུགས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་མཐུན་སྦྱོར་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གྱིས་འགན་ནུས་སྡེ་ཁག་གི་ནུས་ཤུགས་གཅིག་སྒྲིལ་ཐོག་གྱོད་གཞི་ཆེ་གྲས་དང་གྱོད་གཞི་གལ་ཆེ་བ་གཅིག་སྡུད་ངང་རྩད་ཞིབ་ཐག་གཅོད་བྱས་ནས། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་21གི་སྒྲིག་འགལ་གནད་དོན་གྱོད་ཁོངས་སུ་བཅུག་སྟེ་ཞིབ་བཤེར་བྱས་པ་དང་། ཧོང་ཡུས་ཐེན་དང་། བློ་བཟང་ཚེ་རིང་། ལིའུ་ཡུས་ཁྲའོ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ཁག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་མི་19ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད། དབུལ་སྐྱོར་གསར་སྤེལ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན། དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཁྱབ་ཁོངས་ཀྱི་ལྐོག་ཟ་གཞན་སྤྱོད་དང་། རྫུན་ཞུ་རྫུན་ལེན། འཕྲི་ཉར་ལྐོག་བགོས། བག་མེད་ལོངས་སྤྱོད་སོགས་ཀྱི་གནད་དོན་ལ་དམིགས་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཁག་273གྱོད་ཁོངས་སུ་བཅུག་པ་དང་གྱོད་གཞི་ཁག་240གྱོད་ཐག་བཅད་ནས་མི་295ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་། མི་78ལ་རྩ་འཛུགས་ཀྱི་ཐག་གཅོད་བྱས་པ། མི་26སྲིད་ཁྲིམས་ལས་ཁུངས་ལ་རྩིས་སྤྲད་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྲོས་བྱོལ་རྗེས་སྙེག་དང་བརྐུས་དངུལ་ཚུར་ལེན་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་མི་3འཛིན་བཟུང་བྱས་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལས་ཁུངས་ཀྱིས་ཡིག་འབུལ་ཐེར་འདོན་ཁག་5488བདག་སྤྲོད་བྱས་པ་དང་། གནད་དོན་ཁུངས་སྣེ་ཁག་4078ཐག་གཅོད་བྱས་པ། ཁག་1498གྱོད་ཁོངས་སུ་བཅུག་པ་དང་གྱོད་གཞི་ཁག་1315གྱོད་ཐག་བཅད་དེ་མི་1725ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་། མི་78སྲིད་ཁྲིམས་ལས་ཁུངས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་པ་བཅས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་45365.63མི་ཕོག་པ་བྱུང་ཡོད།

    —— “འགྱུར་ལྡོག་གསུམ”ཟབ་ཏུ་གཏོང་རྒྱུ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ་སྒྲིག་བཤེར་ལས་ཁུངས་ཀྱི་འགན་ནུས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ། རང་ངོས་འཛུགས་སྐྱོང་བྱ་རྒྱུ་དེ་འགྱུར་མེད་ཀྱི་བརྗོད་དོན་གཙོ་བོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཡིག་གི་བླང་བྱར་ཉམས་ལེན་བྱེད་པ་དང་། ལས་འགན་གཙོ་བོ་དང་འགན་འཁྲི་གཙོ་བོར་དམིགས་ཏེ་དོན་གྲོས་མཐུན་སྦྱོར་གྱི་སྒྲིག་གཞི་གཙང་སེལ་བྱས་ཤིང་། རང་སྐྱོང་ལྗོངས་སྒྲིག་བཤེར་ལས་ཁུངས་ཀྱིས་དོན་གྲོས་མཐུན་སྦྱོར་གྱི་སྒྲིག་གཞི་122མེད་པ་བཟོ་པའམ་ཕྱིར་འཐེན་བྱས་ནས་སྒྲིག་གཞི་16སོར་བཞག་བྱས་ཡོད་པ་དང་། ས་གནས་དང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཁྱོན་སྒྲིག་གཞི་464གཙང་སེལ་བྱས་ནས་སྒྲིག་གཞི་93སོར་བཞག་བྱས་ཡོད་པ། རྫོང(ཆུས)74ཡི་སྒྲིག་ཨུད་ཀྱིས་སྒྲིག་གཞི་3878གཙང་སེལ་བྱས་ནས་སྒྲིག་གཞི་859སོར་བཞག་བྱས་ཡོད། ནང་བཙུགས་སྒྲིག་གཞི་ལེགས་སྒྲིག་བསྒྱུར་བཅོས་བྱས་ཏེ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་སོང་བ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལས་ཁུངས་ཀྱིས་རྩ་འཛུགས་པུའུ་དང་དྲིལ་བསྒྲགས་པུའུ་བཙུགས་པ་དང་། ཏང་སྲོལ་སྲིད་སྲོལ་གྱི་ལྟ་སྐུལ་ཁང་བསྡུ་སྒྲིལ་བྱས་ནས་བཙུགས་པ་དང་ཆབ་སྲིད་སྒྲིག་ཁྲིམས་ཀྱི་ལྟ་སྐུལ་ཞིབ་བཤེར་ཁང་བཙུགས་པ། སྒྲིག་བཤེར་ལྟ་ཞིབ་ཁང་2ནས་5བར་མང་དུ་བཏང་སྟེ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་མཁན་གྱིས་སྒྲིག་ཨུད་དང་ལྟ་བཤེར་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་བསྡོམས་འབོར་གྱི་60.66%བཟུང་བ་དང་། ས་གནས་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་སྒྲིག་གཞི་48བར་མང་དུ་བཏང་བ་དེས་སྒྲིག་གཞིའི་བསྡོམས་འབོར་གྱི་67%བཟུང་བ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་མཁན་གྱིས་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་བསྡོམས་འབོར་གྱི་63%བཟུང་ཡོད། རྨང་གཞིའི་ལས་ཀ་བརྟན་དུ་བཏང་ནས་ནང་ཁུལ་གྱི་ལས་ཀའི་ལམ་ལུགས་ཁག་116འཐུས་ཚང་བཟོས་ཏེ་ལས་ཁུངས་ཀྱི་ལས་ཀ་ཚད་ལྡན་ཅན་དུ་འགྱུར་བ་བྱས་ཡོད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་གཙོ་ཆེའི་དྲ་ཚུགས་བཙུགས་པ་དང་། རྫོང་རིམ་པའི་སྒྲིག་བཤེར་ལས་ཁུངས་ཀྱི“གསེར་སྒྲིག་ལས་གཞི”འཛུགས་སྐྲུན་བྱས་པ། སྒྲིག་བཤེར་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་གཙོ་རྐང་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྐོར་ཞིབ་ཚོགས་ཆུང་དང་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་ཚོགས་ཆུང་ནང་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ནས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་བཅས་གཏིང་ཟབ་སྤེལ་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་གཉེར་བའི་གསོ་སྦྱོང་ནང་ལས་བྱེད་པ་མི་ཐེངས་1620འདེམས་སྒྲུག་མངགས་གཏོང་བྱས་པ་དང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་གཉེར་བའི་གསོ་སྦྱོང་ནང་མི་ཐེངས་60ཞུགས་པ། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་སྔ་རྗེས་སུ་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་དང་ཤང་གྲོང་སྒྲིག་ཨུད་ཧྲུའུ་ཅིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཁག་14གཉེར་ནས་ཁྱོན་མི་ཐེངས་2362རེས་སྐོར་གསོ་སྦྱོང་བྱས་པ། གཞི་རིམ་གྱི་སྒྲིག་བཤེར་ལས་བྱེད་པ་60རང་སྐྱོང་ལྗོངས་སྒྲིག་ཨུད་ལས་ཁུངས་སུ་བདམས་གསེས་སྐོང་འཐེན་གྱིས་མཉམ་ཞུགས་སློབ་སྦྱོང་དང་གྱོད་གཞི་སྒྲུབ་པའི་སྦྱོང་བརྡར་སྤྲད་པ། བོད་སྐྱོར་ལས་ཀའི་ལས་སྟེགས་བེད་སྤྱད་དེ་སྒྲིག་བཤེར་ལས་བྱེད་པ་17ནང་སར་གནས་སྦྱར་སྦྱོང་བརྡར་ལ་མངགས་གཏོང་བཅས་བྱས་ཡོད། ནང་ཁུལ་གྱི་དོ་དམ་དང་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྒྲིག་ཨུད་ཀྱིས་ལས་བྱེད་པའི་ལྟ་སྐུལ་སྒྲིག་གཞི་བཙུགས་པ་དང་། རྫོང(ཆུས)སྒྲིག་ཨུད་ཀྱིས་ཆེད་དོན་མི་སྣ་དམིགས་འཛུགས་བྱས་ནས་ལས་བྱེད་པའི་ལྟ་སྐུལ་ལས་ཀར་འགན་འཁུར་དུ་བཅུག་ཡོད། སྒྲིག་བཤེར་ལྟ་སྐུལ་ལས་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་བཟོ་འདོན་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་ཁུངས་སྣེ་དོ་དམ་དང་ཐག་གཅོད་བྱ་ཐབས་བཟོས་པ། ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ་ལྗོངས་ཡོངས་སུ་ཁྱོན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་ཁུངས་སྣེ་ཁག་69བདག་སྤྲོད་ཐག་གཅོད་བྱེད་པ་དང་། མི་12གྱོད་ཁོངས་སུ་བཅུག་པ། མི་17ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། མི་28ལ་རྩ་འཛུགས་ཀྱི་ཐག་གཅོད་བཅས་བྱས་ཡོད། ལོ་ལྔའི་རིང་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ནས་སྔ་ཕྱི་བར་གསུམ་དུ་རང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀར་ཚད་མཐོའི་མཐོང་ཆེན་གྱིས་འགོ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན་དང་། དེ་བཞིན་ཀྲུང་དབྱང་སྒྲིག་ཨུད་ཀྱི་དབུ་ཁྲིད་བློ་མཐུན་མང་པོས་རང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀ་དང་ལྷག་པར་དུ་གཞི་རིམ་གྱི་སྒྲིག་བཤེར་ལས་ཁུངས་འཛུགས་སྐྲུན་བྱས་ཚུལ་ལ་སྐུ་ངོ་མས་བཀའ་འདྲི་དང་མཛུབ་སྟོན་གནང་བ་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན(གྲོང་ཁྱེར)17ནས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུར་སྒྲིག་འཛུགས་མཐུན་སྦྱོར་གནང་བ་མ་ཟད། སྔ་རྗེས་སུ་ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པ་3རང་སྐྱོང་ལྗོངས་སྒྲིག་ཨུད་ལ་ལས་འགན་འཁུར་བར་མངག་གཏོང་བྱས་ཏེ་མི་རྒྱུ་དངུལ་གསུམ་གྱི་ཐོག་ནས་རྒྱབ་སྐྱོར་གང་ཐུབ་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྒྲིག་བཤེར་ལས་ཁུངས་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མ་དངུལ་བཏང་ནས་བོད་རང་སྐྱོང་ལྗོངས་སྒྲིག་བཤེར་འདྲི་དཔྱོད་རྟེན་གཞི་བསྐྲུན་པ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ནང་ཁུལ་སྒྲིག་གཞི་འཕར་འཛུགས་དང་སྒྲིག་ཁོངས་མི་སྣ་མང་དུ་བཏང་ཞིང་། སྒྲིག་བཤེར་ལས་བྱེད་པ་འཚར་ལོངས་ཡོང་བར་ཐུགས་འཁུར་གནང་ཡོད། དབུ་ཁྲིད་གཙོ་བོས་དུས་ངེས་མེད་དུ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ལས་དོན་སྙན་ཞུ་གསན་པ་དང་། སྐུ་ངོ་མས་གནད་དོན་གཙོ་བོའི་ཁུངས་སྣེ་རྩད་བཤེར་གྱི་ལས་དོན་སྤེལ་ཚུལ་བཀའ་འདྲི་གནང་བ་དང་། སྒྲིག་འགལ་གྱི་གྱོད་གཞི་ཆེ་གྲས་སྒྲུབ་གཉེར་བྱེད་རྒྱུར་མཛུབ་ཁྲིད་མཐུན་སྦྱོར་གནང་ཡོད། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱིས་ང་ཚོས་སྒྲིག་བཤེར་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་སྲ་ཞིང་བརྟན་པའི་རྒྱབ་རྟེན་དང་འགུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། ལོ་ལྔའི་རིང་སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་ཧུར་ཐག་བྱས་ཤིང་། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་སྒྲིག་ཨུད། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པར་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཐོག་རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་འགོག་བྱས་པའི་རྐྱེན་གྱིས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་ཤུགས་རྐྱེན་བཟོ་གྱི་འདུག་ཅེས་གང་བྱུང་ལབ་གླེང་བྱེད་པར་རང་རྟོགས་ངང་དགག་རྒྱག་སུན་འབྱིན་བྱས་པ་དང་།ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལག་ལེན་བསྟར་བར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉེ་འཁོར་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཐེར་འདོན་བྱས་པས་སྤྱི་ཚོགས་ཡོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་དྲང་ནུས་སྐུལ་སློང་དང་བརྒྱུད་སྤེལ་ཐུབ་ཡོད། སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱ་ཁྱབ་ངང་ཞུགས་པ་དང་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་ནི་ང་ཚོས་སྒྲིག་བཤེར་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་ནུས་ལྡན་གྱི་འདེགས་སྐྱོར་ཞིག་ཡིན།

    ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་དང་སྒྲིག་བཤེར་ལས་བྱེད་པས་ཏང་གི་སྒྲིག་ཡིག་ལ་ལྷག་བསམ་རྣམ་དག་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་བྱ་གཞག་ལ་ལྷག་བསམ་ཟོལ་མེད་བྱེད་པ། མིང་གྲགས་དང་ཁེ་གྱོང་ལ་མི་ལྟ་བ། འཇིགས་སྐུལ་ལ་མི་སྐྲག་པ། གནོན་ཤུགས་དང་དཀའ་ངལ་ལ་མི་འཛེམས་པ། སོ་སོའི་བདེ་སྡུག་ལ་མི་ལྟ་བ་བཅས་དང་། ལྷག་པར་དུ་རྒྱ་ཆེའི་གཞི་རིམ་གྱི་སྒྲིག་བཤེར་ལས་བྱེད་པས་ངལ་བ་དང་འཁང་ར་གཉིས་བཟོད་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཤིང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁྲི་འཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་། སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་རང་དོན་རྒྱབ་སྐྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཐོག་ལྟ་སྐུལ་བྱེད་ཕོད་པ་དང་། དྲག་པོར་འཛིང་ཕོད་པ། སྒྲིག་ཁྲིམས་ལག་བསྟར་ནན་པོ་བཅས་བྱས་ཤིང་། ལངས་ཕྱོགས་བརྟན་པོ་དང་། རྣམ་འགྱུར་གསལ་པོ། ནུས་ལྡན་གྱི་བྱ་སྤྱོད་བཅས་ཀྱི་ཐོག་ནས་སྤྱོད་བཟང་དར་སྤེལ་གཏོང་བ་དང་། ལེགས་སྤེལ་ཉེས་གཅོད་དང་བཟང་བསྟོད་ངན་སྨད་བྱས་ཏེ་ཏང་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་པ་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་ནས་སྲིད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་བཏོད་ཡོད།

    ལོ་ལྔའི་རིང་ང་ཚོས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཐད་ཀྱི་ལྷུག་ལྷོད་འཇམ་གྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཏེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་འདོན་སྤེལ་གང་ལེགས་ཐུབ་ཡོད། རུལ་སུངས་མི་བྱེད་པ་དང་རུལ་སུངས་བྱེད་འདོད་མེད་པའི་ཕན་འབྲས་རགས་་ཙམ་མངོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་ཤུགས་རིམ་བཞིན་ཆགས་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཐོབ་ཡོད། དུས་མཚུངས་སུ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲད་པའི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། ས་གནས་དང་སྡེ་ཁག་རེ་འགའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་དང་། ཏང་གི་གཏན་འབེབས། ཏང་གི་སྒྲིག་ཁྲིམས་བཅས་ལག་བསྟར་བྱེད་ཤུགས་མི་འདང་བ་དང་། ཏང་གི་འགོ་ཁྲིད་ཉམས་ཞན་དུ་སོང་བ། ཏང་འཛུགས་སྐྱོང་འཐུས་ཤོར་ཕྱིན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་མི་ཐུབ་པ་བཅས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པ་དང་། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་ཏང་གི་འདུ་ཤེས་ཞན་པ་དང་འགན་འཁྲིའི་འདུ་ཤེས་མེད་པ། གཙོ་རྐང་གི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་རང་འགུལ་མེད་པ་དང་། འགན་མི་འཁུར་བ། གནས་སུ་མི་འཁེལ་བ་བཅས་ཡིན་པ། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་ཕུགས་བསམ་གྱི་འདུ་ཤེས་ལ་གཡོ་འགུལ་ཐེབས་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པ་མ་ཟད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡིན་མིན་ཆེན་པོའི་གནད་དོན་འདིའི་ཐད“མགོ་གཉིས་མ”བྱས་པ། རྣམ་པ་འགྱུར་བ་དང་། ལྐོག་ཏུ་སྤེལ་བ། ཡིབ་གནས་གཟུགས་འགྱུར་བཅས་བྱེད་པའི“སྤྱོད་ཚུལ་བཞིའི”གནད་དོན་སྔར་བཞིན་གནས་ཡོད་པ། མ་དངུལ་དང་རྣམ་གྲངས་དོ་དམ་གྱི་མཆན་འགོད་སོགས་གལ་ཆེའི་ཁྱབ་ཁོངས་དང་གཙོ་གནད་ལས་གནས་སུ་རུལ་སུངས་གནད་དོན་སྔར་བཞིན་ཐོན་སླ་བ་དང་ཐོན་མང་བ། གཞི་རིམ་དུ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི“རུལ་སུངས་ཆུང་ངུ”ཡང་ཡང་ཐོན་པ། མངགས་སྡོད་ལྟ་སྐུལ་དང་གཞི་རིམ་སྒྲིག་བཤེར་ལས་ཀའི་ཐད་ཞན་ཆ་ཡོད་པ་དང་། ཁ་ཤས་ཀྱི་ལས་འགན་གཙོ་བོ་དང་འགན་འཁྲི་གཙོ་བོར་གཅིག་སྡུད་བྱེད་རྒྱུ་མི་འདང་བ། སྒྲིག་བཤེར་ལས་བྱེད་པ་རེ་འགའི་ནུས་པ་ཞན་པ། རེ་འགའི་སྤྱོད་ལམ་མི་ལེགས་པ་དང་རང་གཅུན་ནན་པོ་མི་ཐུབ་པ་སོགས་ཡོད་པའང་གསལ་པོ་མཐོང་བར་བརྟེན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་ཐག་ཆོད་པོ་དང་། འགན་སེམས་ཆེན་པོ། བྱ་ཐབས་ནུས་ལྡན་བཅས་ལ་བརྟེན་ཏེ་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡིན།

    གཉིས། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་ཀའི་མྱོང་ཚོར།

    རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཅིག་ནས་སློབ་སྦྱོང་ལ་བསམ་གཞིག་བྱས་པ་དང་ཕྱོགས་གཞན་ཞིག་ནས་དངོས་ཡོད་ལག་ལེན་བྱས་པ་བརྒྱུད། ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་སྒྲིག་ཨུད། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱིས་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། བློ་སྟོབས་ཆེར་བསྐྱེད། ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་ལྡན་བཅས་བྱས་པ་ལས་བྱུང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་དང་ཐེ་ཞུགས་བྱས་པ་ལས་བྱུང་བ། རྒྱ་ཆེའི་སྒྲིག་བཤེར་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པ་ལས་བྱུང་བ་བཅས་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། དེ་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན་ལ་ཐོབ་པའི་ཉམས་མྱོང་ཡང་ཧ་ཅང་རྩ་ཆེན་ཞིག་ཡིན། ལོ་ལྔའི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་གྱི་ལག་ལེན་དངོས་ལ་ཕྱིར་མིག་བལྟ་སྐབས། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པར་ང་ཚོར་མྱོང་ཚོར་ཟབ་མོ་དེ་ལྟར་བྱུང་བ་སྟེ།

    —— ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་བསྐྱོད་རྒྱུར་འགན་ལེན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱེད་པ་དེ་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བར་ཐུག་ཡོད་ལ་སྲོག་རྩར་ཡང་ཐུག་ཡོད། བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་གོང་རིམ་སྒྲིག་ཨུད་ལ་འགན་འཁུར་བ་དང་ཆབས་ཅིག་རང་འགུལ་ངང་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་དོན་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་སྤེལ་བ་དང་སྣེ་ཁྲིད་ནས་ཏང་ཀྱི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལག་བསྟར་བྱས་ཏེ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཐོག གལ་ཆེའི་ལས་དོན་བཀོད་སྒྲིག་དང་། གལ་ཆེའི་གནད་དོན་གྱི་ཁུངས་སྣེ་ཐག་གཅོད། གལ་ཆེའི་གྱོད་དོན་རྩད་བཤེར་ཐག་གཅོད་སོགས་བྱེད་པའི་དོན་གནད་ཁག་དུས་ཐོག་ཏུ་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བ་དང་། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་། གལ་ཆེའི་ཚོགས་འདུའི་དགོངས་དོན། དེ་བཞིན་ཀྲུང་དབྱང་སྒྲིག་ཨུད་དབུ་ཁྲིད་བློ་མཐུན་གྱི་གལ་ཆེའི་མཆན་འགོད་མཛུབ་སྟོན་བཅས་དུས་ཐོག་ཏུ་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷག་པར་དུ་དབུ་ཁྲིད་གཙོ་བོར་སྙན་སེང་ཞུས་ནས་ལག་བསྟར་དོན་འཁྱོལ་བྱེད་ཕྱོགས་ཀྱི་བསམ་འཆར་འདོན་རྒྱུ། བྱ་སྤྱོད་ཐམས་ཅད་བཀོད་འདོམས་ལ་ཉན་དགོས་པ་དང་། ལས་དོན་མཐའ་དག་ཏང་གི་འགོ་ཁྲིད་གཙང་བཙན་འོག་སྤེལ་བས་ན། ང་ཚོས་ལས་དོན་སྒྲུབ་སྐབས་རྒྱབ་རྩ་བརྟན་པོ་ཡོད་ལ་བློ་ཤེད་ཀྱང་ཆེན་པོ་སྐྱེས་ཐུབ། ང་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་རྒྱུ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་བརྟན་དུ་བཏང་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ཕྱོགས་ཡོངས་ནས་སྒྲུབ་པ་བཅས་བྱས་ཏེ་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    —— ངེས་པར་དུ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་དེང་དུས་ཀྲུང་གོའི་ཆེས་དངོས་ཡོད་ཀྱི་མར་ཁེ་སི་རིང་ལུགས་མཚོན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དེས་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། མར་ཁེ་སི་རིང་ལུགས་ནི་རང་རེའི་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་སྐྱོང་བའི་རྩ་བའི་མཛུབ་ཁྲིད་བསམ་བློ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ཐོག་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གནད་དོན་རབ་དང་རིམ་པར་ལན་འདེབས་གཏིང་ཟབ་བྱས་ཡོད་པ་མ་ཟད། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེ་ནི་དེང་དུས་ཀྲུང་གོའི་ཆེས་དངོས་ཡོད་ཀྱི་མར་ཁེ་སི་རིང་ལུགས་ཤིག་ཡིན་ལ། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཛུབ་ཁྲིད་དང་ཤུགས་སྣོན་རྒྱག་རྒྱུའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་སྔ་བར་ཕྱི་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དེ་བསམ་བློའི་གོ་མཚོན་སྟོབས་ཆེན་ཞིག་ཏུ་བརྩིས་ནས་རང་ཉིད་དེའི་ནང་ཞུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་། བསམ་གཞིག། ལག་ལེན། ཤེས་རྟོགས་བཅས་བྱེད་པ་ནས་ཏང་གི་སྒྲིག་ཡིག་ལ་སླར་ཡང་ཉམས་ལེན་བྱེད་རྒྱུ་མཐའ་འཁྱོངས་དང་། གནད་དོན་འཛིན་ཕྱོགས་མཐའ་འཁྱོངས། འགག་རྩའི་གནད་དོན་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས། སྒྲིག་ཁྲིམས་སྔོན་འགྲོར་འཛིན་རྒྱུ་མཐའ་འཁྱོངས་སོགས་ཀྱི་བརྟག་ཐབས་སྨྲ་བ་རབ་དང་རིམ་པས་ང་ཚོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་སྤེལ་རྒྱུར་ནུས་ལྡན་གྱི་གཞི་འཛིན་ས་དང་སྟོབས་ཤུགས་ཀྱི་འབྱུང་རྩ་མཁོ་འདོན་བྱས་ཡོད། དེའང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་ནན་ཏན་བྱས་ན་ལས་དོན་ཁྲོད་དཀའ་གནད་མཐའ་དག་སེལ་ཐུབ་པའི་ཐབས་ཤེས་མཆོག་ཏུ་གྱུར་བ་ཞིག་ཡོང་ཐུབ་པ་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་རྒྱལ་ཁ་ཐོབ་མི་ཐུབ་པ་མེད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཐུབ་ཡོད། ང་ཚོས་སྔ་བར་ཕྱི་གསུམ་དུ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ཕུན་སུམ་ཚོགས་པོ་དེ་ཚོ་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་དངོས་ཀྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་ཆད་ལུས་མེད་པར་ཁོང་དུ་ཆུད་པ་བྱས་ཏེ་སློབ་སྦྱོང་བྱས་འབྲས་དེ་གནད་དོན་ཐག་གཅོད་བྱེད་པའི་དངོས་ཡོད་ཀྱི་འཇོན་ཐང་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་ཐུབ་པ་བྱས་ཐོག་སྦྱངས་པར་ཡིད་ཆེས་དང་། སྦྱངས་པ་སྤྱོད་ཐུབ་པ། སྦྱངས་པ་དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་དངོས་ལ་མཛུབ་ཁྲིད་བྱས་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཟམ་མི་ཆད་པར་གཏིང་ཟབ་པའི་ཕྱོགས་སུ་སྤེལ་རྒྱུར་ཁྲིད་སྟོན་བྱེད་དགོས།

    —— ངེས་པར་དུ་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་སྒྲིག་སྲོལ་དང་ཀུན་སྤྱོད་ལ་བརྟེན་ནས་ཏང་ནན་པོས་སྐྱོང་རྒྱུ་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་དགོས། ཏང་གི་སྒྲིག་ཡིག་ནང་ཏང་གི་ཕུགས་བསམ་དད་སེམས་དང་དམིགས་ཡུལ་གཅིག་སྡུད་ངང་མངོན་ཡོད་ལ། ཏང་ཡོངས་ཀྱི་ཚད་ལྡན་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཀྱི་གཅུན་འདོམས་ཁ་གསལ་ཡང་བཏོན་ཡོད་པས་དེ་ནི་སྒྲིག་སྲོལ་དང་ཀུན་སྤྱོད་ལ་བརྟེན་ནས་ཏང་སྐྱོང་བའི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་ཡིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་དང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་མཇུག་སྒོར་བརྩིས་ནས་ཆད་གཅོད་བསླབ་འདོམས་ཚད་ལྡན་བཟོ་རྒྱུ་དང་སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་སྲུང་བྱེད་རྒྱུར་མཐོང་ཆེན་བྱེད་དགོས། ཕུགས་བསམ་དད་སེམས་དང་ཀུན་སྤྱོད་བསམ་བློའི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱོད་ངན་གཙང་སེལ་དང་སྤྱོད་བཟང་དར་སྤེལ་བཏང་བས་ཏང་ནང་གི་ཆབ་སྲིད་སྣང་ཚུལ་ཡག་ཏུ་སོང་ཡོད། “ཕན་སེམས་ཙམ་གྱིས་ཕན་པར་དཀའ། དམ་པོའི་ཁྲིམས་ནི་ལག་བསྟར་དགོས”ཞེས་པ་ལྟར་ཀུན་སྤྱོད་བཟང་ན་རང་གཤིས་ལས་ཀྱིས་བཟང་ཞེས་པ་ནི་སྒྲིག་ཁྲིམས་ཀྱི་སྔོན་འགྲོ་དང་རྨང་གཞི་གལ་ཆེན་ཞིག་ཡིན། སྒྲིག་ཁྲིམས་ལ་བརྟེན་ནས་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུ་ནི་ཀུན་སྤྱོད་ཀྱི་རྒྱབ་རྟེན་གཙོ་བོ་ཡིན་ལ་འགན་ལེན་ཡང་ཡིན་ཞིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཀུན་སྤྱོད་ཀྱི་བློ་སེམས་འགུགས་ཤུགས་དང་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བྱེད་ནུས་ལྡན་དགོས། དེ་ལྟར་བྱས་ན་གཞི་ནས་ཕྱི་ནང་གཉིས་ཀ་གཅུན་ཐུབ་པ་དང་རྩ་ལག་མཉམ་བཅོས་བྱེད་པའི་ཕན་འབྲས་ཐོན་ཐུབ། ང་ཚོས་ཏང་གི་སྒྲིག་ཡིག་སྲུང་མཁན་རྣམ་པར་དག་པ་ཞིག་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་མཁན་ཞིག་བྱེད་ཐུབ་པ་བྱས་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆོས་ཉིད་ཁོང་དུ་ཆུད་ཐུབ་པ་དང་ཚད་གཞི་མཐོ་ལ་གཡོ་འགུལ་མི་ཐེབས་པ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ཀྱི་མཐའ་ཚད་བསྲུངས་ནས་ཕྱིར་འཐེན་གཏན་ནས་མི་བྱེད་པར། རང་འདོམས་དང་གཞན་འདོམས་བྱ་རྒྱུ་ཟུང་འབྲེལ་གྱིས་ཕྱོགས་གཅིག་ནས་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་གཏོང་རྒྱུར་དམ་འཛིན་བྱས་ནས་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་ལ་བརྟེན་ནས་བློ་བརྟན་གཞུང་དྲང་ཞིག་བྱེད་ཐུབ་པ་དང་རུལ་འགོག་ངོ་འགྱུར་གྱི་བསམ་བློའི་འགོག་ཟོན་གྱི་སྲུང་རགས་བརྟན་པོ་འཛུགས་དགོས་ལ་སྒྲིག་ཁྲིམས་ཀྱི་ཆད་གཅོད་བསླབ་འདོམས་བྱེད་རྒྱུར་ཡང་དམ་འཛིན་བྱས་ཏེ་ཏང་ཡོན་ལས་བྱེད་པས་སེམས་ནང་ཏང་གི་སྒྲིག་ཡིག་ལ་གུས་ཤིང་སྐྲག་པ་ཞིག་བྱེད་ཐུབ་པ་དང་རུལ་སུངས་བྱེད་མི་ཕོད་པའི་རྣམ་པ་ཞིག་ཆགས་ཐུབ་པ་བྱས་ཏེ་སྤྱོད་བཟང་ལ་ཡིད་སྨོན་དང་། དར་སྤེལ། སྒྲིག་བརྩི་ཁྲིམས་སྲུང་བཅས་ཕན་ཚུན་གཡས་གཞོགས་གཡོན་འདེགས་ཀྱིས་ཏང་གི་སྒྲིག་ཡིག་གི་དབང་གྲགས་གཏོད་ཐུབ་པ་བྱས་ཏེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གཏན་འཁྱོངས་ཐུབ་པ་བྱེད་དགོས།

    —— ངེས་པར་དུ་ཕྱོགས་ཡོངས་དམ་ནན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཞེས་པར་དང་ཐོག་བཤད་པ་ནི་ཕྱོགས་ཡོངས་ཡིན་ཞིང་། འདིར་བརྗོད་པའི་གོ་དོན་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པར་གསལ་ཆ་མེད་པ་དང་ཁུག་གསང་མེད་ལ། དམིགས་བསལ་ཁུལ་དེ་བས་ཀྱང་མེད་པ་དེ་ཡིན། བོད་ལྗོངས་ནི་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ཡིན་པས། ས་ཁད་མཐོ་ཞིང་གསོ་རླུང་མི་འདང་བ་དང་། ཆ་རྐྱེན་ཞན་པ། ཡུན་རིང་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་འཕྲད་བཞིན་ཡོད། བོད་ཀྱི་ལས་དོན་ལ་དམིགས་བསལ་རང་བཞིན་དང་རང་བྱུང་ཁོར་ཡུག་ལ་དམིགས་བསལ་རང་བཞིན་ཡོད་ཀྱང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་བྱེད་ཆོག་པ་ཞིག་གཏན་ནས་མེད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་པ་དང་། ས་ཁད་མཐོ་ཞིང་གསོ་རླུང་མི་འདང་ན་ཡང་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཐད་ཀྱི་བླང་བྱ་ལྷུག་ཏུ་མི་གཏོང་བ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་ཡང་ཏང་ཡོན་ལས་བྱེད་པའི་གནས་ཚུལ་ཆུང་ངུ་དང་གནད་དོན་ཆུང་ངུའི་ཐད་ལྷུག་ཡངས་མི་གཏོང་བ། བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་ན་ཡང་སྤྱོད་བཟང་སྒྲིག་ནན་དང་། རུལ་སུངས་ལ་ངོ་རྒོལ། སྤྱོད་ངན་ཆད་གཅོད་བྱེད་ཤུགས་ཆུང་དུ་མི་གཏོང་བར། མི་སུ་ཞིག་ཡིན་མིན་དང་། དབང་ཆ་ཆེ་ཆུང་། གོ་གནས་མཐོ་དམན་གང་རུང་ལ་མ་ལྟོས་པར་གནད་དོན་གསལ་ཞུ་བྱས་རིགས་ལ་དུས་ཐོག་ཏུ་དྲན་སྐུལ་དང་སྐྱོན་བརྗོད་ནན་པོ་བྱེད་པ་དང་གནད་དོན་ཚབས་ཆེའི་རིགས་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱེད་དགོས་རིགས་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་ཆད་གཅོད་བྱེད་དགོས་རིགས་ལ་སྒྲིག་ཁྲིམས་ཀྱི་ཆད་གཅོད་བྱས་ཏེ་རྒྱ་ཡན་དུ་རྩ་བ་ནས་མི་གཏོང་བ་དང་འཁུར་སེམས་ཆེན་པོ་བཅངས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཐུབ་པ་བྱེད་རྒྱུ། ཏང་གིས་བོད་དུ་འཕྲད་པའི་ལས་འགན་ག་ཚོད་ཀྱི་ལྕིའང་དེ་རྩིས་ཀྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དེ་བས་གཡོ་འགུལ་སྤུ་ཙམ་མེད་པར་ཤུགས་སྣོན་རྒྱག་དགོས། ང་ཚོས་སྔ་བར་ཕྱི་གསུམ་དུ་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུར་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་ཀ་དམ་ཐག་ཆོད་བཟུང་སྟེ“ས་ཁད་མཐོ་ཡང་ཚད་གཞི་དེ་བས་མཐོ་བ་དགོས་པ་དང་ཆ་རྐྱེན་སྐྱོ་ཡང་བླང་བྱ་དེ་བས་ནན་པ་དགོས་པའི”བླང་བྱ་གཞིར་བཟུང་དམིགས་བསལ་མེད་པ་དང་། ཚད་གཞི་དམའ་རུ་མི་གཏོང་བ། གཅུན་འདོམས་ལྷུག་ཏུ་མི་གཏོང་བ། བྱེད་ཤུགས་ཆུང་དུ་མི་གཏོང་བ་བཅས་བྱས་ཏེ་ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པ་ལྟ་བུའི་སྙིང་རུས་དང་། བྱས་འབྲས་ཐོན་པའི་ནུས་པ། དམ་འཛིན་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བཅས་ཡོད་པ་བྱས་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་གངས་ལྗོངས་ས་མཐོའི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྣང་ཚུལ་སྲུང་སྐྱོང་བྱེད་དགོས།

    —— ངེས་པར་དུ་སྒྲིག་ཁྲིམས་སྔོན་འགྲོར་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྒྲིག་ཁྲིམས་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཚད་འཛིན་དང་ནམ་ཡང་བརྒལ་མི་རུང་བའི་མཐའ་ཚད་ཞིག་ཏུ་འགྱུར་བ་བྱེད་དགོས། ཏང་གི་གདོང་ལེན་རུ་ཁག་གི་ངོ་བོ་དང་སྲིད་སྐྱོང་གནས་བབ་ཐོག་ནས་ཏང་སྲོལ་ཏང་སྒྲིག་གཉིས་པོ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་ནན་པ་དགོས་ཀྱི་ཡོད་པ་ཐག་བཅད་ཡོད། གལ་སྲིད་སྤྱི་དམངས་ཀྱིས་ཀྱང་འགལ་མི་ཆོག་པའི་བཅའ་ཁྲིམས་དེ་དག་མཐའ་ཚད་དུ་འཛིན་ན་ཏང་ཡོན་གྱི་ཚད་གཞི་དམའ་རུ་སོང་བ་དང་། ཏང་ཡོན་གྱིས་ཁྲིམས་དང་མ་འགལ་ན་སུ་ཞིག་གིས་ཀྱང་ཇུས་གཏོགས་བྱེད་མཁན་དང་བདའ་འདེད་གཏོང་མཁན་མེད་པར་གྱུར་ཏེ་གཅིག་བྱས་ན“བློ་མཐུན་ཡག་པོ”ཞིག་ཆགས་པ་དང་གཅིག་བྱས་ན“བཙོན་ཁང་དུ་འཛུལ་མཁན”ཞིག་ཏུ་འགྱུར་སྲིད། དེར་བརྟེན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས“ཆ་ཤས”དང“སྤྱི་ཡོངས”ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་སྒྲིག་ཁྲིམས་ཀྱི་ཚད་གཞིར་བརྟེན་ནས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལ་ཚད་འཛིན་བྱེད་རྒྱུ་དང་། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་འགན་འཁྲི་བདའ་འདེད་བཅས་སྒྲིག་ཁྲིམས་ལ་དམིགས་ནས་བྱེད་ཀྱི་ཡོད། རྐྱེན་རྩ་ཡོད་པ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་དྲན་སྐུལ་ཉེན་བརྡ་གཏོང་བ་དང་། སྒྲིག་ཁྲིམས་ལས་འགལ་ཚེ་ཐག་གཅོད་ནན་པོ་བྱེད་པ། ཐོན་བཟོ་ཡོད་པའི་རུལ་སུངས་ཀྱི་གནད་དོན་མྱུ་གུ་འབུར་བཅོམ་བྱེད་པ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་སྲུང་སྐྱོབ་གང་ཐུབ་བྱེད་དགོས། ཁྲིམས་ལས་འགལ་ན་སྔོན་ལ་སྒྲིག་ཁྲིམས་འགལ་ངེས་ཡིན། སྒྲིག་ཁྲིམས་ལག་བསྟར་ནན་པོ་མ་བྱས་པར་ནོར་འཁྲུལ་ཆུང་ངུར་སྣང་བ་མི་གཏོང་བ་དང་། གནད་དོན་ཆུང་ས་ནས་མི་བཅོས་ན་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ནས་རིམ་བཞིན་ཁྲིམས་འགལ་དུ་འགྱུར་སྲིད། སྒྲིག་ཁྲིམས་ལག་བསྟར་བྱེད་རྒྱུ་དེ་ངེས་པར་དུ་ནན་པོ་དང་དམ་པོ་བྱེད་དགོས་ཤིང་། ཤོད་ཕོད་པ་དང་འཛིན་ཕོད་པ་བྱེད་དགོས་པ་ལས་མགོ་འཐོམ་ཀླད་སྦོས་བྱེད་མི་རུང་ལ་དེ་བས་ཀྱང་སྙིང་རྗེ་བྱེད་མི་རུང་། བསམ་བློའི་ངོས་འཛིན་དང་། འདུ་ཤེས། བསམ་གཞི། བྱེད་ཐབས་བཅས་ཀྱི་ཐད་ལ་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་གི་རྗེས་ཟིན་ཐུབ་པ་བྱས་ཐོག་ཏང་ནང་ཁོངས་ཀྱི“སྤྱི་ཞིབ་ཁྲིམས”གསུམ་ལྟ་བུ་མི་བྱེད་པར་སྒྲིག་ཁྲིམས་སྲུང་སྐྱོབ་བྱེད་རྒྱུའི་འདུ་ཤེས་བརྟན་པོ་བཙུགས་ཏེ། “བྱེད་སྟངས་མི་འདྲ་བ་བཞི”ལག་བསྟར་བྱས་ཚུལ་དེ་སྒྲིག་ཁྲིམས་ཞིབ་བཤེར་བྱེད་པའི་ལས་ཀའི་ལྷུ་ཚིགས་ཁག་ལ་ཞིབ་དཔྱད་བྱེད་པའི་གལ་ཆེའི་ཚད་གཞིར་བརྩིས་ཏེ་སྒྲིག་ཁྲིམས་དོན་ཆེན་ཁག་དྲུག་ལ་དམིགས་ནས་སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆུང་ཙག་ཀྱང་ཐར་པར་མི་གཏོང་བའི་དོ་ནན་རང་བཞིན་བཅངས་ཏེ་འགན་འཁུར་ཕོད་པ་དང་། སྒམ་ནན་བྱེད་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་སྒྲིག་ཁྲིམས་བཟོ་ཐུབ་པ་དང་། ནན་པོ་བྱེད་ཐུབ་པ། ལག་བསྟར་གནད་ལ་འཁེལ་བ་བཅས་བྱས་ཏེ་དམ་ནན་གྱི་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་ཡོན་ཚང་མར་གཅུན་འདོམས་ཐུབ་པ་བྱེད་དགོས།

    —— ངེས་པར་དུ་ལས་འགན་གཙོ་བོ་གཅིག་སྡུད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་གིས་སྒྲུབ་དགོས། ཏང་གི་སྒྲིག་ཡིག་ནང་སྒྲིག་ཨུད་ཀྱི་ལས་འགན་གཙོ་བོ་ཁག་3དང་རྒྱུན་གཏན་རང་བཞིན་གྱི་ལས་ཀ་ཁག་5གཏན་འབེབས་བྱས་ཡོད། མདོར་བསྡུས་ནས་བཤད་ན། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་བྱེད་རྒྱུ་དེ་ཡིན་ཞིང་། དེ་ནི་སྒྲིག་ཨུད་ཀྱི་ལས་འགན་དང་འགན་འཁྲི་གཙོ་བོ་ཡིན། སྔར་སོང་ང་ཚོའི་ལས་ཀ་དེ་ཁ་འཐོར་དྲག་ནས་གཅིག་སྡུད་བྱེད་རྒྱུ་མི་འདང་བ་དང་། ཁྱབ་རྒྱ་ཆེ་རུ་སོང་ནས་དམ་དོན་བྱེད་མི་དགོས་པའི་གནད་དོན་མང་པོ་ཞིག་ལ་ཐེ་ཇུས་བྱས་པ་ལས་རང་གི་འགན་འཁྲི་དང་འགག་གནད་ཆེ་སར་དམ་འཛིན་ཡག་པོ་བྱེད་ཐུབ་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས“འགྱུར་ལྡོག་གསུམ”མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འགན་འཁྲིའི་ངེས་གནས་བཙལ་ནས་འགན་འཁྲི་སྒྲུབ་སྐབས་གནས་སྟོང་ལུས་དང་། གནས་བརྒལ་བ། གནས་འཛོལ་བ་བཅས་ཀྱི་གནད་དོན་རིགས་ཐག་གཅོད་བྱས་ཏེ་དམ་དོན་བྱེད་མི་དགོས་པའི་ལས་ཀ་རྩིས་སྤྲོད་གཙང་མ་བྱས་ནས་སེམས་ནུས་ཡོད་ཚད་ལས་འགན་དང་འགན་འཁྲི་གཙོ་བོའི་ཐོག་གཅིག་སྡུད་ཐུབ་པ་བྱས་ཤིང་། ལྟ་སྐུལ་གྱི་འགན་འཁྲི་ཤུགས་ཆེར་བཏང་ནས་ཏང་གི་སྒྲིག་ཁྲིམས་དམ་སྲུང་དང་། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་ནན་པོ་བྱེད་རྒྱུར་ནུས་པ་འདོན་གང་ཐུབ་བྱས་ཡོད། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་རྒྱུ་ནི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀ་ཡག་པོ་བསྒྲུབ་རྒྱུའི“རྩ་བ”ཡིན་པས་རྩ་བ་ཚུགས་ན་ཡལ་འདབ་ལས་ཀྱིས་རྒྱས་ངེས་ཡིན་པའི་དཔེ་ལྟར་ཡིན། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལས་འགན་གཙོ་བོ་གཅིག་སྡུད་མི་ཐུབ་པའི་གནད་དོན་སྔར་བཞིན་གནས་ཡོད་པ་དང་། ཁག་གཅིག“འགྱུར་ལྡོག་གསུམ”གྱི་ཐད་ལ་རྣམ་པ་འགྱུར་བ་ཙམ་ལས་ངོ་བོ་མི་འགྱུར་བར་ད་དུང་ལས་རིགས་ལྟ་འདོམས་སྡེ་ཚན་གྱི་ལས་སྒོར་ཐེ་ཇུས་བྱེད་ཀྱི་ཡོད། ཡང་རེ་འགའ་རྫུན་བསྒྱུར་སྟོང་བསྒྱུར་བྱེད་པ་ལས་བསྒྲུབ་དགོས་པའི་བྱ་བ་མ་བསྒྲུབས་པར་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་གྱི་ལས་དོན་དེ་ཡུན་རིང“སྟོང་གསང”ལུས་སུ་འཇུག་པ་སོགས་ཡིན། གོམས་གཤིས་འགྱུར་དཀའ་ཡང“འགྱུར་ལྡོག་གསུམ”གཏིང་ཟབ་ཏུ་གཏོང་རྒྱུ་ནི་ནམ་ཡང་མཚམས་འཇོག་མི་བྱེད་པར། ལས་འགན་གཙོ་བོ་དེ་ངེས་པར་དུ་གཅིག་སྡུད་དང་གཅིག་སྡུད་ཡང་ཡང་ཐུབ་པ་བྱེད་དགོས། ང་ཚོས་ཏང་གི་སྒྲིག་ཡིག་ལ་ཉམས་ལེན་བྱེད་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲོད་འགན་འཁྲིའི་ངེས་གནས་བཙལ་ཐུབ་པ་བྱས་ཏེ་སྔ་ཕྱི་བར་གསུམ་དུ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་རྒྱུའི“རྩ་བ”དེ་དམ་པོར་བཟུང་ནས་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱི་དཔེ་བཞིན། འགན་འཁྲི་ལག་བསྟར་ཡག་པོ་དང་། འགན་འཁྲི་བདའ་འདེད་ནན་པོ། འགག་སྒོ་བརྟན་པོ་སྲུང་བ་བཅས་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ངང་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་དེ་འཁུར་ཐུབ་པ་བྱེད་དགོས།

    གསུམ། སླད་ཕྱིན་ལོ་ལྔའི་ལས་ཀའི་གྲོས་འགོ

    སྤྱོད་གཙང་གི་ཆབ་སྲིད་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཏང་གི་སྒྲིག་འཛུགས་སྐྱོན་བྲལ་ཡོང་བ་བྱེད་རྒྱུ་དེ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཞིག་ཡིན། ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་གྱི་དུས་རིམ་ཇི་འདྲ་ཞིག་ཏུ་སླེབས་ནའང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཡང་དུས་རིམ་དེར་སླེབས་པར་བྱེད་དགོས། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དེ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཞིག་ཡིན་པའི་ཚིག་ཐག་གཅོད་རྒྱུར་འགྱུར་ལྡོག་བྱུང་མེད་པ་དང་། དར་ཆ་དང་ལངས་ཕྱོགས་ཀྱང་འགྱུར་བ་འགྲོ་མི་སྲིད་ལ་ང་ཚོའི་དམིགས་ཚད་ལས་འགན་ཡང་འགྱུར་བ་གཏོང་མི་རུང་བར་ངེས་པར་དུ་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་དང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་དགོས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་ལ་གཅིག་གྱུར་འཆར་འགོད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་ཁྱབ་བཀོད་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། སྒྲིག་ཁྲིམས་བཞིན་ཏང་སྐྱོང་རྒྱུ་དོན་འཁྱོལ་བྱེད་པ། ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་རྒྱུ་མཐའ་འཁྱོངས་དང་། རྩ་ལག་ཟུང་བཅོས་དང་ཆད་འགོག་མཉམ་སྤྱོད་བྱེད་རྒྱུ་མཐའ་འཁྱོངས། སྒྲིག་ཁྲིམས་སྔོན་འགྲོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དམ་ནན་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་སྲུང་རགས་བརྟན་དུ་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་བྱེད་པའི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དབང་ཆ་སྤྱོད་པར་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་ཀྱིས་ཏང་སྲོལ་ལེགས་སྒྲིག་དང་རུལ་སུངས་བཅོས་སྒྲིག་ནན་པོ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་སྣང་ཚུལ་དྭངས་གཙང་བཟོས་ནས“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་ཐབས་མེད་པ། རུལ་སུངས་བྱེད་སེམས་མེད་པ”བཅས་ཀྱི་ནུས་ལྡན་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ་ཏང་གི་སྲིད་སྐྱོང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ།

    (གཅིག)གཙོ་རྐང་འགན་འཁྲིའི“འགག་རྩ”དེ་དམ་འཛིན་ཡག་པོ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས་པ། འགན་འཁྲི་གཙོ་བོ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དོན་འཁྱོལ་བྱེད་པའི་འགག་རྩ་ཡིན། ས་གནས་གྲོང་ཁྱེར་དང་། ལྗོངས་ཐད་གཏོགས་ཚན་པ། རང་སྐྱོང་ལྗོངས་ཀྱི་དོ་དམ་བྱེད་ཁོངས་ཀྱི་གཞུང་ཁོངས་ཁེ་ལས་བཅས་ཀྱི་ཏང་ཨུད(ཏང་ཙུའུ)ནས་གཙོ་རྐང་འགན་འཁྲི་དོན་འཁྱོལ་བྱས་པའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་རྩ་བ་ཚུགས་རྒྱུར་སྐུལ་སྤེལ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་ནན་སྲུང་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ཤུགས་ཆེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྒམ་ནན་སོགས་བྱེད་པའི་ལས་ཀའི་ནང་ཏང་གི་འགོ་ཁྲིད་མཚོན་པ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཨུད་ཧྲུའུ་ཅིས་ཏང་ལ་དོ་དམ་དང་ཏང་སྐྱོང་མཁན་གྱི་ཧྲུའུ་ཅི་ཞིག་བྱས་ནས་ཚན་པ་དང་དཔུང་ཁག་གི་སྣེ་ཁྲིད་ཡག་པོ་བྱས་ཏེ་དངོས་འབྲེལ་དོ་དམ་དང་། དོ་དམ་ནན་པོ། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བཅས་བྱས་ཐོག ས་གནས་དེ་ག་དང་ཚན་པ་དེ་གའི་ཆབ་སྲིད་ཀྱི་སྣང་ཚུལ་ལ་འགན་འཁུར་བ་དང་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་འགན་འཁུར་དགོས། ཚན་པའི་ཁོངས་མི་གཞན་དག་གིས་འགན་བགོས་ཁྱབ་གཏོགས་ཀྱི་ཚན་པ་དང་སྡེ་ཚན་གྱི་ཏང་ལ་དོ་དམ་དང་ཏང་སྐྱོང་གི་གཙོ་རྐང་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་དགོས། འགན་འཁྲི་བདའ་འདེད་གཏོང་ཐབས་བེད་སྤྱོད་ཡག་པོ་བྱས་ནས་འགན་འཛོལ་བྱུང་ན་ངེས་པར་དུ་བདའ་འདེད་གཏོང་བ་དང་། འགན་འཁྲི་བདའ་འདེད་བཏང་ན་ངེས་པར་དུ་བདའ་འདེད་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་དང་ཏང་གི་བྱ་གཞག་ཁྲོད་འགན་འཛོལ་བྱུང་ཚེ། འགན་འཁུར་བ་དེ་བཞིན་གོ་གནས་སྤར་ཡོད་མེད་དང་། ཡང་ན་ལས་གནས་གཞན་བསྒྱུར་བྱས་ཡོད་མེད། རྒན་ཡོལ་ཞུས་ཡོད་མེད། སྒྲིག་ཨུད“རང་ཁོངས་ཀྱི་མི”བཅས་གང་ཡིན་མིན་ལ་མི་བལྟོས་པར་ཚང་མར་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་ཏང་དོ་དམ་དང་ཏང་སྐྱོང་བའི་སྒྲིག་ཁྲིམས་དམ་འཛིན་ཡག་པོ་བྱེད་དགོས།

    (གཉིས)སྒྲིག་ཁྲིམས་ཞིབ་བཤེར་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་རྩ་འཛུགས་གསར་གཏོད་དང་ལམ་ལུགས་འགན་སྲུང་ཐུབ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་པ། དབང་ཆར་ལྟ་སྐུལ་མ་བྱས་ན་རུལ་སུངས་ཐོན་རྒྱུ་གཏན་འཁེལ་ཡིན། རྩ་བ་རང་ནས་རུལ་སུངས་འགོག་བཅོས་བྱེད་དགོས་ན་བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་བྱ་ཐབས་ཐོག་ནས་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་དུ་འཇུག་དགོས། དབང་ཆ་སྤྱོད་རྒྱུར་ཚོད་འཛིན་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་གཅིག་གྱུར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་འགན་ནུས་ཡག་པོ་བསྒྲུབས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིལ་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ལྟ་བཤེར་ལམ་སྲོལ་བསྒྱུར་བཅོས་གཏོང་རྒྱུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ལྟ་བཤེར་ཁེབས་རྒྱ་ཆེ་རུ་གཏོང་བ་དང་། ལྟ་བཤེར་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ལྟ་བཤེར་རྩ་འཛུགས་ཀྱི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ལས་ཁུངས་དང་དེར་གཏོགས་ཀྱི་གཞུང་ཞབས་པར་ཡོངས་སུ་ཁེབས་པའི་ལྟ་བཤེར་མ་ལག་ཅིག་ཆགས་པ་བྱེད་རྒྱུ། སྒྲིག་བཤེར་ལས་དོན་གྱི་འགོ་ཁྲིད་གཉིས་ལྡན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་ཨུད་ཀྱི་ལྟ་སྐུལ་དབང་ཆ་བལྟོས་བཅས་ཀྱིས་རང་ཚུགས་ཐུབ་རྒྱུར་འགན་ལེན་བྱེད་རྒྱུ། སྒྲིག་ཁྲིམས་ལག་བསྟར་གྱི་ལྟ་སྐུལ་དང་། ཞིབ་བཤེར། ཞིབ་གཅོད་བཅས་ཕན་ཚུན་ཚོད་འཛིན་གྱི་ལྟ་སྐུལ་དང་། ཕན་ཚུན་མཐུན་སྦྱོར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གནད་དོན་གྱི་འཛིན་ཕྱོགས་མཐའ་འཁྱོངས་བྱས་ནས་རུལ་སུངས་ཐོན་སླ་བ་དང་ཐོན་མང་བའི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་དམ་འཛིན་ཡག་པོ་བྱེད་རྒྱུ། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་རྒྱུར་དམིགས་པ་དང་། སྐོར་ཞིབ་དང་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་པའི་ཁྲོད་ཐོན་པའི་གནད་དོན་ལ་གཞིགས་ཏེ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལམ་སྲོལ་འཛུགས་སྐྱོང་ལྡོག་འདེད། ཏང་ནང་ཁུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་འཛུགས་པ་དང་། བཟོ་བཅོས་རྒྱག་པ། མེད་པར་བཟོ་བ། གསལ་འགྲེལ་བཅས་ཀྱི་ལས་ཀ་ཡག་པོ་སྤེལ་ཏེ་འབྱུང་རྩ་ནས་རུལ་སུངས་འགོག་བཅོས་ནུས་ལྡན་ཐུབ་པ་བྱེད་རྒྱུ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་དང་ལམ་ལུགས་ལག་བསྟར་བྱེད་སྐབས་དམིགས་བསལ་མེད་པ་རྒྱུན་འཁྱོངས་བྱེད་རྒྱུ། ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་རིགས་རྩད་གཅོད་ནན་པོ་བྱེད་པ་དང་། ལམ་ལུགས་ཀྱི་འདེགས་སྐྱོར་བརྟན་དུ་བཏང་ནས་སྒྲིག་ལམ་ནན་པོའི་ནུས་པ་དང་བཀག་རྒྱའི་དབང་གྲགས་ཀྱི་ནུས་པ་དངོས་འབྲེལ་ཐོན་པར་བྱེད་རྒྱུ་བཅས།

    (གསུམ)ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་རྒྱུ་མངོན་ཆེར་བཟུང་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཆེས་རྩ་བ་དང་ཆེས་གལ་ཆེ་བའི་སྒྲིག་ཁྲིམས་ཤིག་ཡིན་པས། ཏང་གི་ཆབ་སྲིད་སྒྲིག་ལམ་ལ་སྲུང་བརྩི་བྱེད་པ་དེ་ནི་ཏང་གི་སྒྲིག་ཁྲིམས་ཚང་མར་སྲུང་བརྩི་བྱ་རྒྱུའི་རྨང་གཞི་ཡིན། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བར་དང་ཐོག་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས། ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་དོགས་ཟོན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཐོག་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་སྔ་བར་ཕྱི་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་བྱས་ཚུལ་གཙོ་གནད་དུ་བཞག་ནས་ཞིབ་བཤེར་བྱས་ཏེ་གོང་གི་སྲིད་ཇུས་ལ་འོག་ནས་ཁ་གཏད་གཅོག་པ་དང་། བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ། བཀག་རྒྱ་ཡོད་ཀྱང་མཚམས་འཇོག་མི་བྱེད་པ་སོགས་ཀྱི་བྱེད་སྤྱོད་རིགས་ཡོ་བསྲང་དང་རྩད་བཤེར་མཐའ་གཅིག་ཏུ་བྱས་ནས་སྲིད་བཀའ་བདེ་བགྲོད་ཡོང་རྒྱུ་འགན་ལེན་དང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་བྱེད་རྒྱུ། ཆབ་སྲིད་སྒྲིག་ཁྲིམས་ནན་པོ་བཟོས་ཏེ་ཆབ་སྲིད་སྒྲིག་ཁྲིམས་ཀྱི་གནད་དོན་དེ་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་པའི་གལ་ཆེའི་ནང་དོན་དུ་བརྩིས་ཏེ། ཏང་ཡོན་གྱིས་ཆོས་དད་བྱེད་པ་དང་། ཆོས་ལོག་ནང་ཞུགས་པ། ལོག་ཐལ་གྱི་ཆོས་ལུགས་ཕྱོགས་གཏོགས་དང་མི་རིགས་ཁ་ཕྲལ་ཕྱོགས་གཏོགས་དང་དེའི་བྱ་འགུལ་རྒྱ་ཡན་དུ་གཏོང་བ་དང་དེར་རྒྱབ་སྐྱོར་བྱེད་པ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ་སོགས་ཀྱི་གནད་དོན་རྩད་བཤེར་དང་ཐག་གཅོད་ནན་པོ་བྱེད་རྒྱུ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགྲན་རྒོལ་བྱེད་པ་སོགས་ཀྱི་གནད་དོན་རྩད་བཤེར་དང་ཐག་གཅོད་ནན་པོ། བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ལས་གནས་ལས་བྲལ་བ་དང་འགན་འཛོལ་ཤོར་རིགས་སོགས་ཀྱི་གནད་དོན་རྩད་བཤེར་དང་ཐག་གཅོད་ནན་པོ་བྱེད་རྒྱུ་བཅས་སུས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྣང་མེད་དུ་བཏང་ཚེ་དེར་ངེས་པར་དུ་ཆད་པ་ནན་པོ་གཅོད་རྒྱུ།

    (བཞི)ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་སྟེ་ཏང་ནང་ཁུལ་གྱི་ཆབ་སྲིད་སྣང་ཚུལ་གཙང་སེལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཏང་གིས་ཏང་ལ་དོ་དམ་བྱེད་རྒྱུར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དོ་དམ་བྱེད་དགོས་པ་དང་། ཏང་ནན་པོས་སྐྱོང་རྒྱུར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་སྐྱོང་དགོས། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་ནན་པོ་བྱས་ཏེ་ཏང་གི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་རྒྱུ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ལ་བརྩིས་ཏེ་ཏང་ཡོན་ལས་བྱེད་པས་བསམ་བློའི་ཐོག་གི“གཅུས་སྒོ”དམ་པོ་རྒྱག་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་མར་ཁེ་སི་རིང་ལུགས་ལ་དད་གུས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་པོ་ཡོང་བ་བྱེད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་ཡོང་བ་བྱེད་རྒྱུ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་རྟག་ཏུ་བྱེད་དགོས་པ་དང་། དྲན་སྐུལ་ཁ་ཏ་དང་གོ་བསྐོན་སློབ་གསོ་གཏོང་བའི་ལམ་ལུགས་འཐུས་ཚང་འཛུགས་པ་མ་ཟད་ལག་བསྟར་ནན་པོ་བྱས་ཏེ། བསྐོང་འདྲི་དང་འཕྲིན་འདྲིའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་ཐོན་བཟོ་ཡོད་པ་དང་། ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཡོད་པའམ་ཡང་ན་སྒྲིག་འགལ་གྱི་གནད་དོན་ཕྲན་བུ་ཡོད་པའི་ཏང་ཡོན་ལས་བྱེད་པས་དམངས་གཙོའི་འཚོ་བའི་ཚོགས་འདུའམ་རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག་དམིགས་སུ་བཀར་ནས་གསལ་བཤད་བརྒྱབ་སྟེ་རང་སྐྱོན་ངོས་ལེན་ཞུ་རུ་བཅུག་པ་དང་། ཚང་མས་སྐྱོན་བརྗོད་དང་རོགས་རམ་བྱེད་པ། ཐུན་མོང་ཐོག་དྲན་སྐུལ་བཏང་ནས་གནད་དོན་གསལ་ཞུ་བྱས་རིགས་ལ་དུས་ཐོག་ཏུ་ཁ་ཏ་དྲན་སྐུལ་དང་སྐྱོན་བརྗོད་ནན་པོ་བྱེད་པའི་རྒྱུན་རྣམ་ཞིག་ཆགས་པ་བྱེད་རྒྱུ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལས་འགལ་བ་དང་། ཏང་རྩ་འཛུགས་ཀྱི་གཏན་འབེབས་བྱས་པའི་ཆོད་དོན་ལག་བསྟར་མི་བྱེད་པའམ་རང་འཚམས་ཀྱིས་འགྱུར་ལྡོག་གཏོང་བ། མི་སྒེར་རམ་མི་ཉུང་ཤས་ཀྱི་ཐག་བཅད་པ། ཏང་ནང་ཁུལ་དུ་སྒྲིག་འགལ་གྱི་བྱེད་སྤྱོད་སྤེལ་བ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ།

    (ལྔ)“འགག་རྩའི་ཉུང་ཤས”ལ་དམ་པོར་བསྡིགས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་ཆེད་འགན་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གལ་ཆེའི་འགན་སྲུང་ཞིག་ཡིན། རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ལག་བསྟར་ནན་པོ་བྱས་ཏེ་སྒྲིག་ཁྲིམས་དང་གཏན་འབེབས་བཞིན་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ། དེ་ཡང་ལྟ་སྐུལ་བྱེད་རྒྱུ་གཙོ་གནད་དུ་མངོན་ཆེར་བཟུང་ནས་ཏང་གི་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤེས་རྟོགས་བྱུང་བའི་གནད་དོན་ཁུངས་སྣེ་དེ་སྒྲིག་ཁྲིམས་ལག་བསྟར་གྱི་ཞིབ་བཤེར་བྱ་ཡུལ་གཙོ་གནད་དུ་བཟུང་ཐོག ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བ་དང་། ཏང་འཛུགས་སྐྱོང་བྱེད་རྒྱུ་འཐུས་ཤོར་སོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནུས་ལྡན་མ་བྱུང་བ། ཏང་གི་འདུ་ཤེས་ཞན་པ། སྒྲིག་འཛུགས་ཟབ་ཟོབ་ཡིན་པ། སྒྲིག་ཁྲིམས་ཞན་དུ་སོང་བ། ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་རྒྱུ་ལྷུག་ལྷོད་འཇམ་གསུམ་དུ་གྱུར་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་སྟེ་ཏང་གི་འགོ་ཁྲིད་ལས་བྱེད་པ་ལྷག་བསམ་དག་པ་དང་། སྤྱོད་ལམ་གཙང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཡོང་བའི་འགན་ལེན་བྱེད་རྒྱུ། ལྟ་སྐུལ་བྱེད་པའི་ནང་དོན་ཁ་གསལ་བཟོས་ཏེ་ཁོངས་གཏོགས་ཁྱབ་ཁོངས་ནང་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། སྒྲིག་ཁྲིམས་བཅས་ལ་སྲུང་བརྩི་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ། འགན་ནུས་སྒྲུབ་པ། དབང་ཆ་བེད་སྤྱོད་སོགས་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཤེས་རྟོགས་བྱུང་བའི་གནད་དོན་ཁུངས་སྣེ་དུས་ཐོག་ཏུ་ཐག་གཅོད་བྱེད་རྒྱུ། ལྟ་སྐུལ་བྱེད་སྟངས་ལེགས་བཅོས་བྱས་ཏེ་གོང་རིམ་སྒྲིག་ཨུད་ཀྱིས་འོག་རིམ་ཏང་ཨུད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོ་དེ་ལྟ་སྐུལ་བྱ་ཡུལ་གྱི་གཙོ་གནད་དུ་འཇོག་དགོས་པ་དང་། རིམ་མཚུངས་སྒྲིག་ཨུད་ཀྱིས་རིམ་མཚུངས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོས་གཙོ་རྐང་འགན་འཁྲི་དོན་འཁྱོལ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར། སྤྱོད་གཙང་རང་འདོམས་སོགས་བྱས་ཚུལ་དེ་གོང་རིམ་སྒྲིག་ཨུད་ལ་དུས་བཀག་ཐོག་སྙན་སེང་ཞུ་རྒྱུ། ས་གནས་དང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་མངག་སྡོད་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ་དང་། རྫོང(ཆུས)སྒྲིག་ཨུད་ཀྱིས་མངག་སྡོད་ལྟ་སྐུལ་བྱེད་པའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱས་ཏེ་མངག་སྡོད་ཚན་པའི་ལྟ་སྐུལ་འགན་ནུས་ཆེ་རུ་བཏང་ནས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་རྒྱུ། མངག་སྡོད་ཚན་པས་ཤེས་དགོས་ངེས་ཀྱི་གནད་དོན་མ་ཤེས་ན་ལས་འཛོལ་ཤོར་བ་ཡིན་པ་དང་། ཤེས་རྟོགས་ཐུབ་པའི་གནད་དོན་སྙན་སེང་མ་ཞུས་པ་དང་ཐག་གཅོད་མ་བྱས་པ་ནི་འགན་འཛོལ་ཤོར་བ་ཞིག་ཡིན་པས་ཚང་མ་ཐག་གཅོད་ནན་པོ་བྱེད་རྒྱུ།

    (དྲུག)ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་དམ་པོར་བཟུང་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་པ། སྤྱོད་ཚུལ་གྱི་གནད་དོན་དེ་མི་སེམས་ཕྱོགས་ས་དང་འབྲེལ་བ་ཡོད་པ་དང་། ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་འབྲེལ་བ་ཡོད། དུས་རྒྱུན་དུ་དམ་འཛིན་བྱེད་པ་དང་རྟག་ཏུ་དམ་འཛིན་བྱས་ཤིང་གོམས་གཤིས་ཆགས་པ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཀྱི“སྲུང་བྱ་རྣམ་བཅུ” “བླང་བྱ་ཁག་དགུ”བཅས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཐོག རྒྱུན་གཏན་རང་བཞིན་གྱི་དྲན་སྐུལ་དང་། ལྟ་སྐུལ་ཞིབ་བཤེར། བརྡ་ཁྱབ་གསལ་བསྒྲགས་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་ཀྱིས་སྙིང་རུས་གཏན་འཁྱོངས་དང་ནུས་ཤུགས་རྒྱུན་ཆད་མེད་པ་བཏོན་ནས་འགག་གནད་རེ་རེ་བཞིན་བརྟན་སྲུང་དང་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་ལོག་མི་ཡོང་བའི་སྔོན་འགོག་བྱེད་རྒྱུ། རྒྱས་སྤྲོས་ལོངས་སྤྱོད་བྱེད་རིགས་དང་། མངོན་མེད་རྣམ་པ་འགྱུར་བའི“སྤྱོད་ཚུལ་བཞིའི”གནད་དོན་ལ་དམིགས་ཏེ་གཙོ་གནད་དུ་གཞུང་དངུལ་སྤྱད་དེ་གཏན་འབེབས་ལས་འགལ་བའི་སྣེ་ལེན་བྱེད་རིགས་སམ་ཡང་ན་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་རིགས་དེ་ཚན་པའི་ཟ་ཁང་དང་། ཞིང་ཁྱིམ་སྤྲོ་ཁང་། གླིང་ག་གཏོང་བ་བཅས་ཀྱི་ཕྱོགས་སུ་ཁ་སྒྱུར་བྱེད་པའི་གནད་དོན་རིགས་གཙོ་གནད་དུ་བཅོས་སྒྲིག་བྱེད་རྒྱུ། མིང་འཁྱེར་སྣ་ཚོགས་སམ་ཡང་ན་གཏན་འབེབས་ལས་འགལ་ཏེ་གསབ་དངུལ་དང་། བྱ་དགའ་དང་ཕན་བདེའི་དངུལ་སྤྲོད་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱེད་རྒྱུ། མནའ་མ་བསུ་ལེན་དང་། གཤིན་པོ་དུར་སྐྱེལ། བུ་ཕྲུག་སློབ་ཐོན་གྱི་དགའ་སྐྱེལ་སོགས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་ཏེ་རྒྱུ་དངུལ་བསྡུ་ལེན་བྱེད་རིགས་སོགས་ཀྱི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱེད་རྒྱུ། ཁྲིམས་སྐྱོང་དང་། ལྟ་སྡོམ། སྤྱི་པའི་ཞབས་ཞུ་སོགས་ཀྱི་སྐར་ཁུང་ལས་རིགས་དང་ཁྱབ་ཁོངས་ནང་སྒྲིག་འགལ་གྱིས་ལག་རྟགས་དང་ཤོག་ཆག་སྤྲོད་ལེན་བྱེད་རིགས་སོགས་ཀྱི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱེད་རྒྱུ། རྣམ་པ་འགྱུར་བའི་སྒོ་ནས་གཞུང་འཁོར་སྒེར་སྤྱོད་དང་། གཞུང་དངུལ་སྤྱད་དེ་འབུལ་ཚན་རྒྱག་པ། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱེད་རྒྱུ། སྒྲིག་ཁྲིམས་ལག་བསྟར་བྱེད་རྒྱུ་དེ་ག་ཚོད་ཀྱིས་མཇུག་ཏུ་སླེབས་ན་དེ་རྩིས་ཀྱིས་སྒྲིག་ཁྲིམས་ལག་བསྟར་བྱེད་རྒྱུ་ནན་དུ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྐོར་ཞིབ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་པའི་ཁྲོད་དུ་ཤེས་རྟོགས་བྱུང་བའི“སྤྱོད་ཚུལ་བཞིའི”གནད་དོན་ཁུངས་སྣེ་རིགས་གཏིང་བསྔོག་བཙལ་བཤེར་ནན་པོ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་བྱེད་སྤྱོད་མཚམས་འཇོག་མི་བྱེད་པ་དང་། སྐུམ་འཐེན་མི་བྱེད་པ། ཡ་མེད་སྒྲིག་འགལ་བྱེད་པ་བཅས་ཀྱི་གནད་དོན་རིགས་ཚང་མ་ཐག་གཅོད་ནན་པོ་དང་མིང་དངོས་སུ་བཏོན་ནས་ཁྱབ་བསྒྲགས་བྱེད་རྒྱུ།

    (བདུན)ཆབ་སྲིད་ཀྱི་སྐོར་ཞིབ་བྱེད་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་ནས་ཏང་ནན་པོས་སྐྱོང་རྒྱུའི་ཤུགས་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས་པ། སྐོར་ཞིབ་བྱེད་རྒྱུ་ནི་ཏང་ནང་ཁུལ་ལ་ལྟ་སྐུལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ཀྱིས་བཀོད་སྒྲིག་བྱས་པ་ཞིག་ཡིན། ཆབ་སྲིད་ཀྱི་སྐོར་ཞིབ་མུ་མཐུད་ཚད་ལྡན་གཏིང་ཟབ་ཏུ་བཏང་ནས་ཆབ་སྲིད་ཀྱི་སྐོར་ཞིབ་བྱེད་པའི་ངོ་བོ་ཡང་དག་པ་དམ་འཛིན་བྱས་ཏེ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཚད་གཞིར་བཟུང་ནས་ཏང་གི་འགོ་ཁྲིད་བྱེད་རྒྱུའི་རྩ་བ་དེ་མངོན་ཆེར་བཟུང་བ་དང་། ཏང་འཛུགས་སྐྱོང་བྱེད་རྒྱུའི་འགག་རྩ་དེ་དམ་བཟུང་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གཙོ་གནད་འདིའི་ཐོག་གཅིག་སྡུད་བྱེད་པ། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་འགག་གཉིས་ལ་ལྡིར་ནས་གཙོ་གནད་མི་སྣ་དང་། གཙོ་གནད་བྱ་བ། གནད་དོན་གཙོ་གྲས་བཅས་ལ་དམ་པོར་དམིགས་ཏེ་གནད་དོན་མི་འདྲ་བའི་རིགས་ཤེས་རྟོགས་དང་། འགག་རྩའི་གནད་དོན་ཡང་དག་རྩད་འཚོལ། རྩ་བའི་གནད་དོན་གཏིང་ནས་བསྔོག་པ་བཅས་བྱས་ཏེ་སྐོར་ཞིབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གཟི་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་རྒྱུ། སྐོར་ཞིབ་བྱེད་རྒྱུ་དེ་ཁྱོན་ཡོངས་ལ་ཁྱབ་ཐུབ་པའི་ནུས་པ་མུ་མཐུད་འདོན་སྤེལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ལས་དོན་གྱི་ལོ་ལྔའི་འཆར་འགོད་བཟོས་ཐོག སྐོར་ཞིབ་བྱ་ཡུལ་ཁ་གསལ་བཟོས་ཏེ་སྡེ་ཚན་དང་ཚན་པའི་ངོ་བོར་གཞིགས་ནས་སྐོར་ཞིབ་བྱེད་ཁོངས་ལུགས་མཐུན་དབྱེ་གསེས་ཀྱིས་རིམ་པ་སྟར་ཆགས་བཞིན་སྤེལ་བ་དང་མུ་ལ་སྟར་འཁྱུད་ཀྱིས་སྐུལ་སྤེལ་བཏང་ནས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་ཡུན་ནང་སྐོར་ཞིབ་བྱེད་རྒྱུ་ཁྱོན་ཡོངས་སུ་ཁྱབ་ཐུབ་པའི་འགན་ལེན་བྱེད་རྒྱུ། སྐོར་ཞིབ་བྱེད་ཁོངས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྣུར་བསྲིང་བྱས་ཏེ་ས་ཨུད་དང་གྲོང་ཨུད་ཀྱི་སྐོར་བཤེར་ལས་དོན་སྔར་བས་ཚད་ལྡན་ཡོང་བ་བྱས་ཏེ་རྫོང་(ཆུས)ཨུད་ཀྱི་སྐོར་བཤེར་ལམ་ལུགས་བཟོས་ཏེ་སྐོར་བཤེར་ལས་དོན་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་སུ་སྐུལ་འདེད་བཏང་ནས་འཕྲེད་ཕྱོགས་སུ་ཁྱོན་ཡོངས་ལ་ཁྱབ་པ་དང་གཞུང་ཕྱོགས་སུ་ཆ་ཚང་འབྲེལ་མཐུད་ཐུབ་པ། ལྗོངས་ཡོངས་གཅིག་གྱུར་ཐུབ་པ་བཅས་ཀྱི་སྐོར་ཞིབ་སྐོར་བཤེར་གྱི་ལྟ་སྐུལ་རྣམ་པ་ཞིག་ཆགས་པ་བྱེད་རྒྱུ།

    (བརྒྱད)སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་འགྱུར་བ་མི་གཏོང་བར་ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པའི“རྣམ་པ་མི་འདྲ་བ་བཞི”བེད་སྤྱོད་བྱེད་དགོས་པ། སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་རྒྱུ་ནི་སྒྲིག་བཤེར་ལས་ཁུངས་ཀྱི་ལས་འགན་གཙོ་བོའི་ནང་གི་གཙོ་བོ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། སྔ་ཕྱི་བར་གསུམ་དུ་དམ་འཛིན་ཡག་པོ་བྱེད་དགོས། སྒྲིག་ཁྲིམས་དོན་ཚན་དྲུག་པོ་དེ་དག་ལ་དམིགས་ནས་སྔ་ཙམ་དང་ཆུང་ས་ནས་དམ་འཛིན་བྱེད་པ་དང་། སྒྲིག་ཁྲིམས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པའི་བྱ་སྤྱོད་ཚད་འཛིན་དང་ཐག་གཅོད་བྱས་ཏེ། དེས་ཆེས་ཉུང་ཤས་ལ་ཆད་གཅོད་དང་མང་ཆེ་བར་སློབ་གསོ་ཐེབས་པའི་ཆབ་སྲིད་ཀྱི་ནུས་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་པ་བྱེད་རྒྱུ། གྱོད་གཞི་ཡོད་ཕྱིན་ངེས་པར་དུ་རྩད་བཤེར་དང་། རུལ་སུངས་ཡོད་ཕྱིན་ངེས་པར་དུ་ཆད་གཅོད་བྱེད་རྒྱུ་མཐའ་འཁྱོངས་དང་། བཀག་ཁུལ་མེད་པ་དང་། ཡོངས་སུ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས། “སྟག་སྦྲང”མཉམ་རྡུང་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རང་ཚོད་མ་ཟིན་པ་དང་། མཚམས་མི་འཇོག་པ་དང་གནད་དོན་གྱི་ཁུངས་སྣེ་གོང་ཞུ་བྱེད་མང་བ། མང་ཚོགས་ཀྱི་གླེང་ཆ་ཆེ་བ། ད་ལྟ་གལ་ཆེའི་ལས་གནས་ཐོག་ཡོད་ཁར། ད་དུང་གནས་སྤར་བསྐོ་སྤྱོད་བྱེད་སྲིད་པའི་འགོ་ཁྲིད་ལས་བྱེད་པར་གཙོ་གནད་ཞིབ་བཤེར་བྱེད་དགོས་པ་དང་། གནས་ཚུལ་ཁག་གསུམ་པོ་མཉམ་དུ་གནས་ཡོད་པ་དེར་ཞིབ་བཤེར་དེ་བས་ཀྱང་གཙོ་གནད་དུ་བྱེད་དགོས་ཤིང་། མི་སུ་ཞིག་དང་འབྲེལ་བ་ཡོད་པ་དང་། གནས་རིམ་གང་ཡིན་པ། གནས་བབ་གང་ཡིན་པ། མི་རིགས་གང་ཡིན་པ་བཅས་ལ་མི་་བལྟོས་པར་ཏང་ཁྲིམས་རྒྱལ་ཁྲིམས་ལས་འགལ་ནས་རུལ་སུངས་བྱས་ཕྱིན་ཚང་མར་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་ཏེ་རུལ་སུངས་བ་དེ་རིགས་ཏང་ནང་གནས་ས་རྩ་བ་ནས་མེད་པ་བཟོ་རྒྱུ་དང་། རྒྱལ་སྤྱིའི་ཐོག་གི་མི་རྒྱུ་གཉིས་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་བ་ཉེས་གཡོལ་དང་ཁྲིམས་རྒྱ་ལས་ཐར་ས་རྩ་བ་ནས་མེད་པ་བཟོ་རྒྱུ། གཞི་རིམ་གྱི་རུལ་སུངས་ཆུང་ངུའི་རིགས་ཐག་གཅོད་ནན་པོ་བྱེད་པ་དང་དབུལ་སྐྱོར་གསར་སྤེལ་དང་། ཡོམ་འགོག་གེགས་སེལ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན། དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཁྱབ་ཁོངས་ནང་གི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རིགས་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་ནས་མང་ཚོགས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་ལ་ཐོབ་པའི་གྲུབ་འབྲས་དངོས་དེ་བས་མང་བ་མྱོང་ཚོར་ཐུབ་པ་བྱེད་རྒྱུ།

    (དགུ)རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་སྟེ་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་སྲུང་རགས་བརྟན་པོ་འཛུགས་དགོས་པ། སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་དང་། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་འགན་ལེན་ཞིག་ཡིན། སྲིད་གཙང་གི་དྲན་སྐུལ་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་སྤེལ་རྒྱུ་དེ་ཏང་ཡོན་ལས་བྱེད་པར་སློབ་གསོ་སྦྱོང་བརྡར་སྤྲོས་པའི་སྤྱིའི་འཆར་འགོད་ནང་བཅུག་ཐོག རིམ་ཁག་ཏང་སློབ(སྲིད་འཛིན་སློབ་གླིང)ཀྱི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བཞག་སྟེ་ཏང་གི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་ནས་དུས་བགོས་ཁག་བགོས་བྱས་ཏེ་སྦྱོང་བརྡར་སྤྲོས་རྒྱུ་དང་། གཞི་རྟེན་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་སྲིད་གཙང་སློབ་གསོའི་དྲན་སྐུལ་གཏོང་བའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རུལ་སུངས་ཀྱི་གྱོད་གཞིའི་རིགས་བརྡ་ཁྱབ་དང་གསལ་བསྒྲགས་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ། རང་གི་ཉེ་འགྲམ་གྱི་མི་དང་བྱ་བའི་ཐོག་ནས་སློབ་གསོ་དང་དྲན་སྐུལ་བཏང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དྲན་སྐུལ་ཐེབས་པ་དང་། མཐའ་ཚད་གསལ་རྟོགས་ཐུབ་པ། གུས་སྐྲག་ཤེས་པ་བཅས་བྱེད་རྒྱུ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་ལས་ཀའི་ཁོངས་སུ་བཅུག་ནས་ལྗོངས་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་གྱི་གལ་ཆེའི་ནུས་པ་འདོན་སྤེལ་ཐུབ་པ་བྱས་ཐོག གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བར་སྐུལ་སྤེལ་གཏོང་རྒྱུ། དྲ་ཐོག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གླེང་ཕྱོགས་ཀྱི་འཐབ་ས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་དྲིལ་བསྒྲགས་སློབ་གསོ་དང་། སྲིད་ཇུས་གསལ་འགྲེལ། ཆ་འཕྲིན་སྤེལ་བསྒྲགས། གླེང་ཕྱོགས་ཀྱི་ཁྲིད་སྟོན་སོགས་ཀྱི་འགན་ནུས་ཆེ་རུ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་དྲ་བའི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ། བོད་ཀྱི་ཁྱད་ཆོས་ལྡན་པའི་དྭངས་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དྭངས་གཙང་རིག་གནས“བདུན་ལ་སྤེལ་བའི”བྱེད་སྒོ་ཤུགས་ཆེན་སྤེལ་རྒྱུ། “བོད་སྐྱོད་པ་རྒན་གྲས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ཐོག ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་སྤྱོད་གཙང་གི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ།

    (བཅུ) “འགྱུར་ལྡོག་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ལྷག་བསམ་དག་པ་དང་། སྤྱོད་ལམ་གཙང་བ། འགན་འཁུར་ཕོད་པ་བཅས་ཡིན་པའི་སྒྲིག་བཤེར་ལྟ་ཞིབ་པའི་དཔུང་ཁག་ཅིག་སྐྱོང་དགོས་པ། ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་ཞེས་པ་ལྟར། རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་བཤེར་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་མངག་སྡོད་ཚན་པ་དང་འོག་རིམ་སྒྲིག་ཨུད་ཀྱི་འགོ་ཁྲིད། ལས་ཀ་བཅས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱི་རྩ་འཛུགས་ཀྱི་སྒྲིག་གཞི་དང་། འགོ་ཁྲིད་ཚན་ཁག ལས་བྱེད་པའི་དཔུང་ཁག་བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྐོར་ཞིབ་ཚོགས་ཆུང་དང་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་ཚོགས་ཆུང་གི་གནས་སྐབས་ཏང་ཀྲི་པུའུ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་ལས་དོན་གྱིས་ལས་སྒོ་ཁག་ལ་སྤྱི་འདོམས་བྱེད་རྒྱུ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་གསོ་སྦྱོང་བརྡར་གྱི་ཐོན་ཁུངས་དེ་མངག་སྡོད་ཚན་པ་དང་གཞི་རིམ་སྒྲིག་བཤེར་ལས་ཁུངས་ལ་ཁ་ཕྱོགས་ཏེ་ལས་སྒོའི་སྦྱོང་བརྡར་དང་ལག་ལེན་དངོས་ཀྱི་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ལོ་ལྔའི་ནང་ཚུན་དུ་སྒྲིག་བཤེར་ལས་བྱེད་པ་ཚང་མར་སྦྱོང་བརྡར་ཐེངས་རེ་སྤྲོས་ཐུབ་པ་བྱེད་རྒྱུ། སྒྲིག་ཨུད་ཀྱི་ཨུ་ཡོན་ཚང་སྒྲིག་ཧྲག་སྒྲིག་བྱས་ཏེ་སྒྲིག་ཨུད་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་རྒྱུ། དོ་དམ་ནན་པོ་དང་གཅེས་སྐྱོང་གང་ལེགས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་བྱེད་རྒྱུ། ནང་ཁུལ་གྱི་ཚོད་འཛིན་བྱེད་ལམ་ཆ་ཚང་པོ་བཟོས་ཏེ་གལ་ཆེའི་ལས་གནས་དང་འགག་རྩའི་ལྷུ་ཚིགས་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཐོག ལས་བྱེད་པའི་ལས་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་དབང་ཆ་གང་བྱུང་དུ་སྤྱོད་རིགས་ནན་འགོག་གིས་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཐད་སྒྲིག་འགལ་དང་གྱོད་གཞིར་ཁ་གཡར་ནས་རང་གི་ཁེ་ཕན་སྒྲུབ་རིགས་ཤེས་རྟོགས་བྱུང་འཕྲལ་ཐག་གཅོད་བྱས་ནས་རང་ཁོངས་སུ་གནད་དོན་མི་ལྷག་པ་བྱས་ཏེ་ཏང་ལ་ལྷག་བསམ་དག་པ་དང་མི་དམངས་ཀྱིས་བློ་འགེལ་ཆོག་པའི་སྒྲིག་བཤེར་ལས་བྱེད་དཔུང་ཁག་ཅིག་ཧུར་ཐག་གཏོད་རྒྱུ། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན་ཞིང་། ཏང་དང་མི་དམངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་རེ་བ་ཟབ་མོ་བཅོལ་ཡོད་པས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། འབད་འབུངས་ཡར་བརྩོན། རེ་བ་ཆུད་ཟོས་སུ་མི་གཏོང་བ། ལས་སྐལ་ལ་ངོ་གནོང་མི་དགོས་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཀྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་བཏོད་ཐོག བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཞིག་ཧུར་ཐག་རྩོམ་དགོས།

    (ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།