ཚེས་21ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྲིད་གཞུང་སྡེ་ཚན་གྱི་འགན་དབང་གི་གསལ་ཐོ་ཞིབ་བཤེར་གཏན་འབེབས་དང་སྲིད་གཞུང་ནས་ཞབས་ཞུ་ཉོ་སྒྲུབ་དང་གཞུང་ཁོངས་ཁེ་ལས་དང་རིན་གོང་ལམ་སྲོལ་སོགས་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུར་ཞིབ་འཇུག་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེང་ཞའོ་ཀང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུན་ཧའོ་བཅས་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག་འགན་དབང་གསལ་ཐོའི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་གནང་བའི་སྒྱུར་བཅོས་ལས་འགན་གལ་ཆེན་ཞིག་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་ཞིག་ཡིན་ལ། སྲིད་གཞུང་གི་འགན་ནུས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་མ་གཏོང་བ། ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་སྐྲུན་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་རིམ་པའི་འགན་དབང་གསལ་ཐོ་དང་། སྲིད་འཛིན་དབང་ཆ་འཁོར་སྐྱོད་ཀྱི་ལས་རིམ། ཞབས་ཞུའི་ཕྱོགས་སྟོན་བཅས་བཟོ་རྒྱུ་ནི“ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་སྒྲུབ་དགོས་པ་དང་། ཁྲིམས་ཀྱིས་དབང་བསྐུར་མེད་ན་བྱེད་མི་རུང་བ”དོན་འཁྱོལ་ནན་ཏན་བྱས་ཏེ་དབང་ཆ་གང་བྱུང་དུ་སྤྱོད་རྒྱུ་བཀག་འགོག་བྱེད་པ་དང་། ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་ཀྱི་ཆེད་དུ་ཡིན་པ་བསྟན་ཡོད། ཚོགས་འདུའི་ཐོག་ཁྲིམས་ཀྱིས་དབང་ཆ་གཏན་འཁེལ་དང་། ལམ་ལུགས་ཀྱིས་དབང་ཆར་དོ་དམ། འགན་དབང་འདྲ་མཚུངས་ཡོང་བ་བཅས་མཐའ་འཁྱོངས་བྱེད་པར་དབང་ཆ་དང་འགན་འཁྲི་གོ་འཛོལ་མ་ཤོར་བར་རང་འགན་གཙང་སྒྲུབ་དང་རང་འགན་རང་འཁུར་བྱེད་དགོས་ལ། དབང་ཆ་དང་འགན་འཁྲི་ཁག་དོ་དམ་ཚོད་འཛིན་ནན་པོ་དེ་བས་ཀྱང་བྱས་ཏེ་སྲིད་གཞུང་གི་སྲིད་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་གཅུན་སྡོམ་ནན་པོ་བྱེད་པ་དང་། རང་འགུལ་ངང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། དབང་ཆ་ཡོངས་བསྒྲགས་ངང་སྤྱོད་པ་བཅས་བྱས་ནས་ཚན་རིག་དང་མཐུན་ལ་གོ་ཆོད་པའི་དབང་ཆ་འཁོར་སྐྱོད་ལམ་སྲོལ་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་དོ་དམ་བྱ་ཐབས》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཁྱབ་གདལ་བཏང་ན་སྲིད་གཞུང་གི་འགན་ནུས་སྔར་ལས་ལྷག་པའི་སྒོ་ནས་སྒྱུར་རྒྱུ་དང་། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་ལ་ཕན་པ་ཡོད། རང་ལྗོངས་ཀྱིས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཚོད་ལྟའི་ལས་ཀ་རིམ་པས་སྤེལ་ཏེ་ཉམས་མྱོང་ཁག་གཅིག་འཚོལ་ཞིབ་དང་གསོག་འཇོག་བྱས་ཡོད། དུས་བབ་གསར་པའི་འོག་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལས་ཀར་མཐོང་ཆེན་པོ་བྱས་ཏེ་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་གང་ལེགས་འདོན་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞབས་ཞུ་མཁོ་སྤྲོད་ལ་ཞུགས་པར་ཁྲིད་སྟོན་ནུས་ལྡན་བྱས་ནས་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། སྤྱི་པའི་རང་བཞིན་དང་སྤྱི་ཕན་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་སྲིད་གཞུང་གི་འགན་ནུས་སྒྱུར་བར་ཕན་པ་ཡོད་པའི་ཁྱབ་ཁོངས་དང་རྣམ་གྲངས་ལ་གཙོ་གནད་ཐོག་བསམ་བློ་གཏོང་བ་དང་སྔོན་ལ་བཀོད་སྒྲིག་བྱེད་དགོས། འདྲ་མཉམ་འགྲན་རྩོད་བྱས་ཏེ་ལེགས་གྲས་གདམ་ག་བྱེད་པ་དང་བབ་བསྟུན་སྙོམས་སྒྲིག་ལམ་སྲོལ་འཛུགས་དགོས། སྲིད་འཛིན་དང་བྱ་གཞག་སྡེ་ཚན་ཐ་དད་དང་སྲིད་གཞུང་དང་སྤྱི་ཚོགས་རྩ་འཛུགས་ཐ་དད་དུ་དབྱེ་བར་སྐུལ་མ་གཏོང་དགོས། ཁྲོམ་རའི་འཇུག་འཐུས་ཆ་རྐྱེན་ལྷུག་ཏུ་བཏང་སྟེ་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་བློ་བརྟན་འགྱུར་མེད་ངང་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་སྐབས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་སྒུལ་ཤུགས་སུ་བྱེད་པ་དང་། གཞུང་ཁོངས་མ་དངུལ་གྱི་ཕན་འབྲས་དང་གཞུང་ཁོངས་ཁེ་ལས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱེད་པ། ཁྲིམས་ལྟར་ཁེ་ལས་སྐྱོང་བ་རྨང་གཞིར་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་རྩ་བའི་འགན་ལེན་དུ་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། ཕན་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པ་བྱེད་པ། གཞུང་ཁོངས་ཁེ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་གལ་ཆེན་སྒྱུར་བཅོས་ལ་མུ་མཐུད་སྐུལ་མ་གཏོང་བ། ལམ་སྲོལ་དང་སྒྲིག་སྲོལ་གྱི་འགོག་རྐྱེན་མེད་པ་ཧུར་ཐག་བཟོ་བ་བཅས་བྱས་ཏེ་གཞུང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་དང་། ཚོད་འཛིན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། ཉེན་ཁ་འགོག་པའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མ་དངུལ་བཏང་བའི་ཁེ་ལས་སྒྱུར་བཅོས་བསྐྱར་སྒྲིག་ལ་སྐུལ་མ་ཧུར་ཐག་བཏང་སྟེ་དེང་རབས་ཀྱི་ཁེ་ལས་ལམ་ལུགས་དང་ཁྲོམ་རའི་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་བ་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་པ། མ་རྩ་འཇོག་ཁྱོན་ཆེ་བ། ཏང་འཛུགས་སྐྱོང་གི་རྨང་གཞི་ཡག་པ་བཅས་ཀྱི་གཞུང་ཁོངས་རྐང་འཛིན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་རིན་གོང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ་དམངས་འཚོ་ལེགས་གཏོང་དང་འབྲེལ་བ་དམ་ཟབ་ཡོད་པས། ཀྲུང་དབྱང་གི་དགོངས་དོན་ལ་ནན་པོར་གཞིགས་པ་དང་རང་ལྗོངས་ཀྱི་དོན་དངོས་དང་ཁྱད་ཆོས་དང་དམ་དུ་འབྲེལ་ཏེ་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་ཧུར་ཐག་འཚམ་པ་དང་། ཁྲོམ་ར་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས། རིན་གོང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་མ་བརྟན་པོ་གཏོང་བ་བཅས་བྱེད་དགོས། སྲིད་གཞུང་གི་ཟོག་གོང་སྡེ་ཚན་གྱི་ནུས་པ་ཡག་པོ་བཏོན་ཏེ་ཟོག་གོང་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཟོག་གོང་འཕར་ཆག་གི་གནས་ཚུལ་ལ་ལྟ་སྐུལ་ནན་པོ་བྱས་ཏེ་ཟོག་གོང་ལུགས་དང་མཐུན་པ་ཞིག་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།