དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་མིག་སྔའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-11-24

    ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། མིག་སྔའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་བཀོད་སྒྲིག་གནང་བ་དང་། བོད་གློག་དྲ་སྦྲེལ་དང་། ཞིང་དྲ་སྒྱུར་བཀོད་རིམ་སྤོར། གསང་སྤྱོད་གསར་བརྗེ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་ཞིབ་འཇུག་གནང་བ། བསྡོམས་རྩིས་དང་། ཤེས་བྱའི་བདག་དབང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་བྱམས་སྐྱོང་དང་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་བཀོད་སྒྲིག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་ཡོད་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའུ་ཧའོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་གྲུབ་ཆའི་ཁོངས་མི་ཡོངས་དང་། སྲིད་གཞུང་གི་སྡེ་ཚན་ཁག ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་བཅས་ཀྱིས་ངེས་པར་དུ་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པ་དང་།རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སྤྱི་འདོམས་སུ་བྱས་ནས་མིག་སྔའི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས་པ། ལོ་མཇུག་ཏུ་སླེབས་ཉེར་ཡོད་པའི་སྐབས་སུ་ལས་དོན་ཁག་ལ་དེ་བས་ལྷོད་གཡེང་དུ་གཏོང་མི་རུང་བ་སྟེ། གཅིག་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱ་རྒྱུར་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ལོ་འགོའི་ལས་འགན་ཁག་བགོས་ལ་ཞིབ་བསྡུར་བྱ་རྒྱུ་དུས་དང་རྣམ་པ་ཀུན་ཏུ་མ་བརྗེད་པ་བྱེད་པ་དང་། རྣམ་གྲངས་རེ་རེ་བཞིན་རང་བཤེར་བྱེད་པ། འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་དང་མཚམས་འཇོག་མེད་པར་སྔོན་དུ་སྐྱོད་དགོས་པ། གཉིས་ནས་ཚོགས་འདུ་གལ་ཆེན་གྱི་གྲ་སྒྲིག་ཐད་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་ནན་ཏན་ངང་འགོད་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་བྱ་ཚུལ་ལ་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་སྡེ་ཚན་གྱི་ལོ་འཁོར་ཚོགས་འདུ་ཡག་པོ་འཚོགས་དགོས་པ། གསུམ་ནས་ལོ་མཇུག་དང་ལོ་འགོའི་དམངས་འཚོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་པོ་དེ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཟའ་སྡོད་སྐྱོད་གསུམ་ལ་སེམས་ཁྲལ་མེད་པའི་འགན་ལེན་བྱེད་པ། དགུན་དུས་ཀྱི་གེགས་འགོག་གེགས་སེལ་དང་ཕྱུགས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲོམ་རའི་མཁོ་སྤྲོད་དང་དངོས་ཟོག་གི་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། བཞི་ནས་སྤྱི་ཚོགས་བརྟན་ལྷིང་དང་། སྣོད་བཅུད་ཁོར་ཡུག བདེ་འཇགས་ཐོན་སྐྱེད་བཅས“མཐའ་ཚད་གསུམ”ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ་བ་་དམ་ར་འན་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། རང་འགུལ་ངང་བྱས་རྗེས་བཞག་སྟེ་མཐའ་ཚད་སྲུང་བ་བཅས་བྱས་ནས་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱ་རྒྱུར་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ། ལྔ་ནས་ལས་ཀའི་སྤྱོད་ཚུལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གཞི་རིམ་དང་འཐབ་ཕྱོགས་དང་པོར་བསྐྱོད་དེ་གཙོ་གནད་ལས་དོན་ལ་དམིགས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་བྱེད་པ། ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ། དྲུག་ནས་སྒྲིག་ཁྲིམས་དོན་འཁྱོལ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ནས་སྔོན་ལ་མིག་དཔེ་སྟོན་པ་དང་རང་དཔེ་གཞན་སྟོན་བྱེད་དགོས་པ་བཅས་སོ།

    ཚོགས་འདུའི་ཐོག་བསྟན་དོན། བོད་དབུས་དྲ་སྦྲེལ་ལས་གྲྭ་ནི་གློག་དྲ་གཙོ་བོ་ཁྱོན་ཡོངས་ལ་ཁྱབ་རྒྱུ་དང་། ལྗོངས་ཡོངས་སུ་གཅིག་གྱུར་གློག་དྲ་བསྐྲུན་རྒྱུ། ཕྱོགས་བསྡུས་ནུས་རྒྱུའི་མ་ལག་གཏོད་རྒྱུ། དྭངས་གཙང་ནུས་རྒྱུའི་སྦྲེལ་མཐུད་རྟེན་གཞི་བསྐྲུན་རྒྱུ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། རེས་སྐོར་གསར་པའི་ཞིང་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ནི་དོན་སྙིང་ཆེན་པོ་ལྡན་པའི་དམངས་གཙོའི་འདུ་འགོད་གལ་ཆེན་ཞིག་ཡིན་པ་དེར་གང་མགྱོགས་སྐུལ་འདེད་གཏོང་དགོས། ཚད་མཐོའི་མཐོང་ཆེན་དང་། ཤུགས་ཚད་ཆེར་གཏོང་། མ་འཇོག་དོན་འཁྱོལ་ལ་སྐུལ་འདེད། མ་དངུལ་གཅིག་གྱུར་བཀོད་སྒྲིག མ་རྩ་མཉམ་འདྲེས་བྱེད་སྟངས་གསར་གཏོད། ལས་གྲྭ་ལག་བསྟར་མགྱོགས་པོ། བོད་གློག་དྲ་སྦྲེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་ཁར། གློག་དྲ་ཨ་མ་ཤར་བགྲོད་དང་ཡན་ལག་གློག་དྲ་ཤར་གཏོང་ཐུབ་པ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་ནུས་རྒྱུ་འགན་ལེན་བྱེད་པའི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གསང་སྤྱོད་གསར་བརྗེ་ཤུགས་ཆེན་བྱ་རྒྱུ་ནི་རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཐོ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུག་ཅིག་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་བོད་ཀྱི་ཡུལ་སྐོར་རིམ་པ་སྤོར་བའི་དོན་དངོས་དགོས་མཁོ་ཞིག་རེད། ཚོགས་འདུའི་ཐོག་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་ལམ་སྲོལ་གསར་གཏོད་བྱེད་པ། འཛུགས་སྐྲུན་དང་དོ་དམ་གྱི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ནས་2017ལོར་ཁག་དང་པོའི་གསང་སྤྱོད་2000གསར་སྐྲུན་དང་རྒྱས་སྐྲུན་གྱི་ལས་འགན་ལེགས་གྲུབ་ཡོང་བ་བྱས་ནས་ཡུལ་སྐོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། དབུལ་སྐྱོར་དབུལ་སྒྲོལ་ལ་ཞབས་འདེགས་ཞུ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བསྡོམས་རྩིས་ནི་སྤྱི་ཁོག་དོ་དམ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། རང་ལྗོངས་ཀྱི་བསྡོམས་རྩིས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག བསྡོམས་རྩིས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། དེང་རབས་བསྡོམས་རྩིས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། བསྡོམས་རྩིས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། བསྡོམས་རྩིས་ཀྱི་འབྲས་བུ་ཡག་པོ་སྤྱོད་པ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཤེས་བྱའི་བདག་དབང་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཤེས་བྱའི་བདག་དབང་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་འཐབ་ཇུས་ཀྱི་སྣེ་ཁྲིད་དང་། སྒྱུར་བཅོས་གསར་གཏོད། སྲིད་གཞུང་གི་ཁྲིད་སྟོན། ཁྲོམ་རའི་ཕྱོགས་སྟོན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རང་ལྗོངས་ཀྱི་ཤེས་བྱའི་བདག་དབང་གི་ལེགས་ཆ་སྐྱེད་སྲིང་མགྱོགས་པོ་བྱེད་པ་བཅས་བྱས་ནས་ཤེས་བྱའི་བདག་དབང་སྔར་བས་མང་བ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐོན་སྐྱེད་ནུས་ཤུགས་དངོས་སུ་འགྱུར་བ་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད།

    ཚོགས་འདུའི་ཐོག《གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་བྱམས་སྐྱོང་དང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་མཐིལ་རྟོགས་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཡིག་ཚགས་དང་རོགས་སྐྱོར་རྩིས་ཐོ་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁྱིམ་ཚང་སྲུང་སྐྱོང་དང་། ཁོངས་གཏོགས་ས་ཆ་སྲུང་སྐྱོང་། རོགས་སྐྱོར་སྲུང་སྐྱོང་། སྨན་བཅོས་སྲུང་སྐྱོང་བཅས་ཤུགས་ཆེར་བཏང་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་བྱམས་སྐྱོང་སྲུང་སྐྱོང་ལམ་ལུགས་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་སློབ་ཞུགས་དོ་དམ་དང་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་ཕྱོགས་མིའི་བུ་ཕྲུག་ཚོར་འོས་འགན་སློབ་གསོ་འདྲ་མཉམ་ངང་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་ཐབས》དང་། 《བོད་རང་སྐྱོང་ལྗོངས་སྦྲག་སྲིད་ཡོངས་ཁྱབ་ཀྱི་ཞབས་ཞུ་འགན་ལེན་ལྟ་སྐུལ་བྱ་ཐབས》 《བོད་རང་སྐྱོང་ལྗོངས་མ་དངུལ་བསྡུ་སྒྲིལ་རང་བཞིན་ཁག་ཐེག་ཀུང་སིའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཅས་ལ་གྲོས་བསྡུར་བྱས་པ་མ་ཟད། རྩ་དོན་ཐོག་ནས་གྲོས་འཆམ་ཡང་བྱུང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།