ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གི་སྙན་སྒྲོན།
རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་འཕྲད་པའི་ལོ་རྒྱུས་ཀྱི་ལས་འགན་གཞིར་བཟུང་། ཕྱིས་འབྱུང་ལོ་ལྔའི་རིང་གི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་སྤྱིའི་དམིགས་ཡུལ་དུ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་གཙོ་ཐིག་ཏུ་བྱེད་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་འགན་སྲུང་དུ་བྱེད་པ་བཅས་བྱས་ཏེ་བསྒྱུར་འཕེལ་བརྟན་གསུམ་ལ་དམ་པོར་དམིགས་ཤིང་། དཀའ་ངལ་ཁྱད་བསད་ཀྱིས་ཞན་ཆ་གསབ་པ་དང་། གསར་གཏོད་གསར་འབྱེད་ལ་བརྟེན་ནས་འགག་སྒྲོལ་ཐུབ་པ་བྱེད་པ། གནད་འཕིགས་དབུལ་སྐྱོར་ལ་ཕན་འབྲས་དངོས་ཐོན་པ། ཡིད་ཆེས་བརྟན་པོས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ། གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་གང་ལེགས་རྩོམ་དགོས་པ་དེ་ཡིན།
—— བློ་མཐུན་ཝུའུ་དབྱིང་ཅེའི《བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གནང་བའི་སྙན་སྒྲོན》ནས་གནད་བསྡུས་བྱས་པ།
ཟླ་11ཚེས་15ཉིན་གྱི་སྔ་དྲོ། ཝུའུ་དབྱིང་ཅེས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཀྲུང་གུང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོཌ་ཆེན་ཐེངས་དགུ་པའི་ཐོག་སྙན་སྒྲོན་གནང་བ།
བློ་མཐུན་རྣམ་པ།
རྒྱལ་ཁའི་ངང་མཇུག་འགྲིལ་མ་ཐག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མངགས་བཅོལ་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་ཉན་འཇོག་དང་གྲོས་བསྡུར་བྱས་པ་དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྐོང་ཚོགས་བྱེད་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག《ཚད་གཞི(གྲོས་བསྡུར་མ་ཟིན)》དང《སྲོལ་ཡིག(གྲོས་བསྡུར་མ་ཟིན)》གསལ་བཤད་གནང་བ་མ་ཟད། གལ་འགངས་ཤིན་ཏུ་ཆེ་བའི་གསུང་བཤད་ཀྱང་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གནས་བབ་གཏན་འཁེལ་ཁ་གསལ་བྱས་པ་དང་། “བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་པ་དེ་ནི་ཏང་གི་གདམ་ག་ཞིག་དང་། མི་དམངས་ཀྱི་གདམ་ག ལོ་རྒྱུས་ཀྱི་གདམ་ག་བཅས་ཡིན་པ་དང་། ཏང་གི་བློ་ཁ་ཕྱོགས་ས་དང་། དམག་གི་བློ་ཁ་ཕྱོགས་ས། དམངས་ཀྱི་བློ་ཁ་ཕྱོགས་ས་བཅས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བདེ་རྩར་ཐུག་པའི་རྩ་བའི་ཁེ་ཕན་ཡང་ཡིན་པས་དེའི་ཐོག་ནས་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པ་དང་། ཏང་ཡོངས་དང་། དམངས་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རླབས་ཆེན་གྱི་འཐབ་རྩོད་ཀྱི་ལག་ལེན་གསར་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཉིད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་སྟབས་རྒྱལ་ཡོངས་མི་དམངས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དགའ་ཞེན་ཚད་མེད་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“འདུ་ཤེས་བཞི”བརྟན་པོར་བཙུགས་ཏེ། བསམ་བློའི་ཐོག་ནས་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་ནས་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་ནས་སྲོག་ཤིང་ལ་བསམ་པ་རྣམ་དག བྱ་སྤྱོད་ཐོག་ནས་སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱས་ཏེ་བོད་ལྗོངས་འདི་ཉིད་པེ་ཅིང་དང་རྒྱང་ཐག་རིང་ན་ཡང་ང་ཚོའི་སེམས་ནི་སྔ་བར་ཕྱི་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མཉམ་དུ་དམ་པོར་འབྲེལ་ཡོད་པས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་མཐའ་གཅིག་ཏུ་ཡོང་བ་བྱེད་རྒྱུ་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ནན་ཏན་དང་། ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུའི་སྐོར་གྱི་གལ་ཆེའི་ཐབས་ཇུས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ལས་འགན་ཁག་གི་ཐོག་སྟོབས་ཤུགས་གཅིག་སྒྲིལ་ཡོང་བ་བྱེད་དགོས།
བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་གཟབ་རྒྱས་ངང་འཚོགས་ཐུབ་ཡོད། ད་ལྟ་ངས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན།
ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། (པར་ངོས་དང་པོར་མཐུད) འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་རྒྱུན་འཁྱོངས་བཅས་བྱས་ཏེ་གོང་འཕེལ་གྱི་བསམ་གཞི་གསར་པ་བརྟན་པོར་བཙུགས་ཐོག འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་འགོ་འཛུགས་ས་གསར་པའི་ཐོག་ནས་བོད་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན།
གཅིག འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་མིག་ལྟ་བ།
འདས་ཟིན་པའི་ལོ་ལྔའི་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་བ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བའི་ཁར། གལ་ཆེའི་གསུང་བཤད་ཀྱང་གནང་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་ཀའི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་གསལ་པོ་བཟོས་ཤིང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་བཏོན་ཁར། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། དམངས་འཚོ་ལེགས་བཅོས་བྱས་ཏེ་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་བཅས་གཏན་འཁེལ་གནང་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས“ལོ་ལྔ་ཚན་བཅུ་གཉིས་པ”དང་“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀྲུང་དབྱང་གིས་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་གི་ཐོག་ནས་བོད་ལ་རྒྱབ་སྐྱོར་བྱེད་རྒྱུ་གཏན་འཁེལ་གནང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བསམ་བློ་གསར་པ་དང་། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་དེ་དག་གིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ཁྲོད། བོད་ལྗོངས་ཀྱི་འཐབ་ཇུས་གནས་བབ་དེ་སྔར་བྱུང་མྱོང་མེད་པའི་ཚད་གཞི་གསར་པ་ཞིག་གི་ཐོག་མཐོར་འདེགས་བྱས་ནས་ང་ཚོར་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་གནང་ཁར། སྟོབས་ཤུགས་ཆེན་པོ་ཞིག་ཀྱང་སྦྱིན་ཡོད། ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་རིམ་བྱུང་གིས་བཏིང་པའི་ལས་ཀའི་རྨང་གཞི་བཟང་པོའི་ཐོག ང་ཚོས་སྐབས་རེ་རེ་བཞིན་རིམ་མཐུད་ཀྱིས་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་པས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཞིང་། བྱ་གཞག་ཁག་ལ་གཡུར་ཟའི་གྲུབ་འབྲས་གསར་པ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བྱུང་ཡོད། མིག་སྔར་རང་ལྗོངས་ཀྱི་སྤྱིའི་དུས་བབ་ཧ་ཅང་ཡག་པོ་ཡོད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལྷོད་གཡེང་མི་གཏོང་བར་རྟག་ཏུ་དམ་འཛིན་བྱེད་བཞིན་ཡོད་པ། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡིན་པ། དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་བཞིན་ཡོད་པ་བཅས་བོད་ལྗོངས་འདི་ཉིད་བརྟན་ལྷིང་གོང་འཕེལ་ཡོང་རྒྱུ་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་གནས་བཞིན་ཡོད།
སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ། བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ལག་བསྟར་ཤུགས་ཆེ་བྱས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་ཤུགས་བརྒྱབ་ཡོད། ཁྲིམས་འགལ་སྒྲིག་འཛུགས་ལ་ཁྲིམས་བཞིན་རྡུང་རྡེག་བཏང་ཡོད། རང་སྲེག་ལ་ངོ་རྒོལ་བྱེད་པའི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ཡོད། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་རྒྱུན་མཐུད་ངང་སྤེལ་བས་རྨང་གཞི་སྲ་བརྟན་དུ་སོང་བ་དང་། ལས་བྱེད་པར་སྦྱོང་བརྡར་ཐེབས་ཤིང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་སོང་ཡོད། དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་སྤེལ་བཏང་བས་གནས་ཚུལ་ཐོན་མ་ཐག་དེ་མུར་ཐག་གཅོད་བྱེད་པའི་འཕྲལ་སྡོམ་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་ཡོད། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”བཏོད་དེ་དུད་སྦྲེལ་བདེ་འཇགས་ཡོང་བ་དང་དུད་སྦྲེལ་འབབ་འཕར་ཡོང་བ་བྱས་ཡོད། “མཐའ་གཉིས་རྒྱུད་གཅིག”གི་ཞབས་ཞུ་དོ་དམ་བྱེད་རྒྱུ་གསར་གཏོད་བྱས་ཡོད། སྐུད་ཡོད་ཁ་པར་དང་། ལག་ཐོགས་ཁ་པར། དྲ་རྒྱ་སོགས་ཀྱི་ཐད་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱས་པས་སྨྱན་སྦྱོར་གསར་པར་དོ་དམ་བྱེད་རྒྱུ་ཟམ་མི་ཆད་པར་ཚད་ལྡན་དུ་སོང་ཡོད། ཕྱོགས་མིར་དོ་དམ་དང་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགལ་ཟླ་དང་རྩོད་གཞི་གཙང་བཤེར་དང་མེད་པར་བཟོས་པ་དང་། མཉམ་འགོག་མཉམ་བཅོས་བྱེད་རྒྱུ་ལག་བསྟར་བྱས་པ། བདེ་འཇགས་ཐོན་སྐྱེད་བྱེད་རྒྱུར་དམ་འཛིན་ནན་པོ་བཅས་བྱས་པར་བརྟེན་ཕྱོགས་མཐའ་ཀུན་གྱི་སྤྱི་ཚོགས་བདེ་འཇགས་འགོག་ཟོན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་བྱུང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། ཉེན་ཁར་འགོག་ཟོན་བཅས་བྱེད་པའི་ལས་དོན་ཁག་གཅིག་གྱུར་བཀོད་སྒྲིག་ཡག་པོ་བྱས་པས། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དམིགས་ཚད་ཡོངས་སུ་ལེགས་སྒྲུབ་བྱུང་ཡོད། དཔལ་འབྱོར་ལོ་ལྔ་བསྟུད་མར་གྲངས་གནས་གཉིས་འཕར་སྣོན་བྱུང་བས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་དང་། 2015ལོར་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1000ལས་བརྒལ་བ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་2010ལོ་དང་བསྡུར་ན་ལྡབ་3.2འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་བྱས་འབོར་ལྡབ་གཅིག་འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་ཁྱོན་བསྡོམས་སྒོར་དུང་ཕྱུར་4642བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པ”དང་བསྡུར་ན་ལྡབ་1.8འཕར་ཡོད་པས་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་168ཚད་བརྒལ་ལེགས་འགྲུབ་བྱུང་ཡོད། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རྒྱུན་སྲོལ་ལས་འདས་པའི་གོང་འཕེལ་བྱུང་ཞིང་། གཞུང་ལམ་གྱི་སྤྱིའི་ལམ་ཐག་རིང་ཚད་2010ལོ་དང་བསྡུར་ན་33.7%འཕར་བ་དང་། ལྗོངས་ཡོངས་སུ་ཁྱབ་པའི་གཞུང་ལམ་དྲ་རྒྱ་སྤྱིའི་ཆར་བསྐྲུན་ཟིན་པ། མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ། ལྷ་ཉིང་རིམ་མཐོའི་གཞུང་ལམ་རིང་ཚད་སྤྱི་ལེ་300བསྐྲུན་ཟིན་ཡོད། མཚོ་བོད་ལྕགས་ལམ་དེ་གཞིས་རྩེའི་བར་དུ་བསྐྲུན་ཟིན་པ་དང་། ཁྲོན་བོད་ལྕགས་ལམ་སྔ་སྣུར་དུ་ལས་འགོ་བརྩམས་ནས་ལྷ་ཉིང་དུམ་མཚམས་བདེ་བླག་ངང་སྐྲུན་བཞིན་ཡོད། ཕུ་མདོ་ཆུ་བེད་ལྟེ་གནས་ལས་གྲྭ་བསྐྲུན་ཟིན་ནས་གློག་བཏང་བ་དང་། མཚོ་བོད་དང་ཁྲོན་བོད་དབར་གྱི་གློག་ཤུགས་དྲ་སྦྲེལ་ལས་གཞིའི་གློག་ཤུགས་ཀྱི“མཁའ་ལམ”བསྐྲུན་ཟིན། ཁྱད་ལྡན་བཟང་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་སོང་ཞིང་། ལོ་ལྔའི་རིང་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6700ལྷག་ཙམ་ལ་སྣེ་ལེན་བྱས་པར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་870ལྷག་ཙམ་ཟིན་ཡོད། “བོད་ཀྱི་ཆུ་བཟང”ཞེས་པའི་གྲགས་རྟགས་མངོན་ཆེར་བཟུང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ལ་ཐོག་མའི་གཞི་ཁྱོན་ཆགས་པ། གློག་ཤུགས་འདོན་ཚད་2010ལོ་དང་བསྡུར་ན་ལྡབ་1.4འཕར་བ། བོད་གློག་ཕྱིར་འཁྲིད་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བརྩམས་ཡོད། ཞིང་འབྲོག་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཤུགས་ཆེར་སོང་ཞིང་། འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ལས་བརྒལ་ཡོད། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒྲིལ་སྤྱོད་དང་ཡིད་རྟོན་དངུལ་བུན་ཐོག་ནས་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་དབུལ་སྐྱོར་གནས་སྤོས་བྱེད་ཤུགས་ཆེ་རུ་བཏང་ཐོག་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་བྱེད་རྒྱུར་སྐུལ་སྤེལ་གང་མགྱོགས་བཏང་ཡོད། ལོ་ལྔའི་རིང་ཁྱོན་བསྡོམས་མི་ཁྲི་58དབུལ་སྒྲོལ་ཐུབ་པ་དང་དབུལ་པོའི་མི་འབོར་དེ་2010ལོ་དང་བསྡུར་ན་ཕྱེད་ཀ་ཙམ་ཉུང་དུ་སོང་ཡོད། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་སྤེལ་བཏང་ཞིང་། གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་2010ལོ་ལས་བརྒྱ་ཆའི་གྲངས་5མཐོ་རུ་སོང་བ་དང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་ས་གནས་ནས་གྲོང་ཁྱེར་དུ་བསྒྱུར་བ། ཞིང་འབྲོག་མང་ཚོགས་ཁྲི་230ལ་ཕན་པའི་བདེ་སྡོད་ལས་གཞི་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ། “4·25”ཡི་ཡོམ་འགོག་གེགས་སེལ་ལས་དོན་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་གཞི་རྩའི་ཆར་ལེགས་འགྲུབ་ཟིན་པ་བཅས་བྱུང་ཡོད།
དམངས་གཙོ་ཁྲིམས་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་བ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་བཏང་སྟེ་དུས་བབ་གསར་པའི་འོག་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན་བྱས་པས་མི་དམངས་འཐུས་ཚོགས་ཀྱི་ས་གནས་ཁྲིམས་བཟོ་དང་། ཁྲིམས་ལྟར་ལྟ་སྐུལ། དོན་གནད་ཆེ་རིགས་སོགས་ཐག་གཅོད་བྱེད་པའི་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“ནུས་པ་གཉིས”འདོན་སྤེལ་གང་ལེགས་བྱས་ཤིང་། ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འགག་རྩ་དེར་དམིགས་ཏེ་ཁྲིམས་བཟོ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། གཙོ་གནད་ཁུལ་ཁོངས་ཀྱི་ཁྲིམས་བཟོ་རྒྱུར་སྐུལ་སྤེལ་རྒྱུན་ཆད་མེད་པར་བཏང་སྟེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་61གཏན་འབེབས་བྱས་པ་དང་། བཟོ་བཅོས་བརྒྱབ་ནས་ཆོག་མཆན་སྤྲད་ཡོད། དེ་བཞིན་ལྟ་སྐུལ་གྱི་ལས་དོན་ལ་ལེགས་བཅོས་དང་ཤུགས་སྣོན་ཧུར་ཐག་བརྒྱབ་ཤིང་། ཁྲིམས་འཛིན་ཞིབ་བཤེར་གཏིང་ཟབ་སྤེལ་བས་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་འགན་ལེན་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་གྲོས་ཀྱི་ལམ་ལུགས་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྫོང་རིམ་པའི་སྲིད་གྲོས་ལས་ཚན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས་ཆབ་སྲིད་གྲོས་མོལ་བྱེད་རྒྱུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཉིས་མཐའ་འཁྱོངས་ཀྱིས་གོང་འཕེལ་དང་བརྟན་ལྷིང་སོགས་ཀྱི་གལ་ཆེའི་གནད་དོན་ལ་དམ་པོར་དམིགས་ཏེ་རྒྱ་ཁྱབ་ཏུ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་དབར་གྲོས་མོལ། གྲོས་གཞི་གཉེར་སྒྲུབ་ཐད་ཀྱི་གྲོས་མོལ་བཅས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་གྲོས་མོལ་དང་སྲིད་གླེང་གི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་སོང་ཡོད། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད། མི་དམངས་སྲིད་གྲོས་ཀྱིས་ལེགས་སྐྱེས་གསར་པ་ཧུར་ཐག་ཕུལ་ཡོད། ཁྲིམས་བཞིན་བོད་སྐྱོང་བའི་འཐབ་ཇུས་དོན་འཁྱོལ་བྱས་པ་དང“གཞུང་གཅིག་ཁང་གཉིས”ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱས་པས་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་སོང་ཡོད་པ་དང་། བཟོ་གཞོན་བུད་མེད་སོགས་མི་དམངས་ཚོགས་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་ཡོད། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་དང་། རྒྱལ་སྲུང་སློབ་གསོ། གཉིས་བཀུར་མཉམ་སྐྲུན་བཅས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རང་སྐྱོང་ལྗོངས་དབུ་བཪྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་བླ་ན་མེད་པའི་དགེ་མཚན་གང་ལེགས་མངོན་པར་བྱས་ཡོད།
འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ཆེ་རུ་སོང་བ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་མི་སེམས་གཅིག་འགྲིལ་དང་སྟོབས་ཤུགས་གཅིག་བསྡུས་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་བརྒྱབ་ནས་ཚད་གཞི་མཐོ་ཤོས་ཀྱིས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཡོད། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་ཚགས་ཚུད་དང་འཐུས་ལེགས་སུ་བཏང་ཐོག རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་རིམ་པ་གསུམ་གྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དེ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་འགན་འཁུར་བའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་བས་འཐབ་ཕྱོགས་གཅིག་གྱུར་ཆེ་མོའི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད། རིམ་ཁག་ཏང་ཨུད་ཀྱི་ཏང་ཕྱིའི་མི་སྣ་དང་འབྲེལ་བ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ཞིང་། ཏང་ཕྱིའི་ཤེས་ཡོན་ཅན་དང་། “གསར་གཉིས”རྩ་འཛུགས་དང་སྨྱན་སྦྱོར་གསར་པའི་ལས་ཀ་བྱེད་མཁན། ཕྱི་འགྲིམ་སློབ་གཉེར་མི་སྣ་བཅས་ཀྱི་འཐབ་ཕྱོགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པས། ཏང་ཕྱིའི་ཚབ་མཚོན་མི་སྣ་གསོ་སྐྱོང་དང་བདམས་གསེས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་སོང་ཡོད། རྒྱལ་ཁོངས་ཕྱིའི་བོད་རིགས་སྤུན་ཟླའི་ལས་དོན་གཏིང་ཟབ་ཏུ་སྤེལ་ཡོད།
དྲིལ་བསྒྲགས་དང་རིག་གནས་ཀྱི་ལས་དོན་ལ་ཕན་འབྲས་ཐོན་པ། ཏང་ཨུད(ཏང་ཙུའུ)ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་འཐབ་སར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གཙོ་གནད་དུ་དྲིལ་བསྒྲགས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ལྷག་པར་དུ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་ཀྱི་འཕེལ་རིམ་གྲུབ་འབྲས་གཙོ་གནད་དུ་དྲིལ་བསྒྲགས་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་གཙོ་གནད་དུ་དྲིལ་བསྒྲགས་བྱས་པ། ཏང་བཙུགས་ནས་ལོ་95འཁོར་བ་དང་། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་དྲན་གསོ། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བ། སྐུ་ཞབས་སུན་ཁྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བ་སོགས་ཀྱི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གཙོ་གནད་དུ་དྲིལ་བསྒྲགས་བྱས་པས། བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ཐུབ་པ་དང་དྲང་ནུས་ཁྱབ་སྤེལ་བཏང་ཐུབ་པ་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྤེལ་དང་ལག་ལེན་བསྟར་རྒྱུ་དེ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་བའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་བྱེད་པའི་སློབ་གསོ་དང་། “ལྟ་བ་བཞི”དང་“སྨྲ་བ་གཉིས”ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བཅས་རྒྱ་ཁྱབ་ཏུ་སྤེལ་བ་དང་། དེ་བཞིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། མི་རིགས་ཁག་གི་མང་ཚོགས་ལ་དེང་རབས་ཀྱི་ཡ་རབས་འཚོ་བ་སྐྱེལ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པས། ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་རིམ་བཞིན་ཆུང་དུ་སོང་ཡོད། ཕྱི་དོན་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ཀྲུང་གོའི་བོད་ལྗོངས་གོང་འཕེལ་གྱི་གླེང་སྟེགས་བདེ་བླག་ངང་གཉེར་སྒྲུབ་ཐུབ་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རིམ་མཐོའི་བོད་སྐྱོད་འཚམས་འདྲི་ཚོགས་པ་ཁག་མང་པོར་སྣེ་ལེན་ཞུས་པ་དང་། རིགས་གཅིག་མཁས་དབང་དང་ཆོས་ཕྱོགས་ཀྱི་རྒྱལ་གཅེས་མི་སྣ་སྒྲིག་འཛུགས་ཀྱིས་ཕྱི་ཕྱོགས་སུ་བང་རིམ་མང་ལ་ཁྱབ་རྒྱ་ཆེ་བའི་ཕྱི་ཕྱོགས་སྤེལ་རེས་བྱེད་སྒོ་སྤེལ་ནས། ཡར་ངོའི་ཟླ་བཞིན་གོང་འཕེལ་འགྲོ་བ་དང་ཞི་མཐུན་བརྟན་ལྷིང་གི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡོངས་ལ་མངོན་པར་བྱས་ཡོད། རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ལེགས་སུ་བཏང་བ་དང་། རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་རིག་རྩལ་གྱི་བརྩམ་བྱ་རྩེ་གྲ་འབོར་ཆེན་ཞིག་བཏོན་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཐུབ་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག གསར་འགྱུར་དཔེ་སྐྲུན། རྩོམ་རིག་སྒྱུ་རྩལ། ཚན་རྩལ། ལུས་རྩལ་སོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་ཡོད།
འབྱུང་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ། འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་པའི་འཆར་འགོད་གང་མགྱོགས་ལག་བསྟར་བྱས་ཤིང་། “གཙང་གཉིས་ཆུ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་ལས་གཞིར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཡོད། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་སྲིད་གཞུང་གིས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར“སྤ་སེ་གཅིག་གིས་ཕྲུ་སློག”གཏོང་བའི་ལམ་ལུགས་ལག་བསྟར་བྱས་པ་དང་། “མཐོ་གསུམ”ཁེ་ལས་དང་རྣམ་གྲངས་རིགས་ལ་ཞིབ་མཆན་གཅིག་ཀྱང་བཀོད་མེད་ལ་ནང་འདྲེན་གཅིག་ཀྱང་བྱས་མེད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། རིགས་འདྲ་མིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་ཞིང་། གཙོ་གནད་སྤྱི་ཕན་ནགས་གླིང་གི་རྒྱ་ཁྱོན་དང་། རང་བྱུང་ནགས་གླིང་གི་གསོག་འབོར། སྡོང་ཤིང་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་འབོར། མི་རེའི་ཆ་སྙོམས་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་འབོར་བཅས་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གཙང་པོའི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། མཚེའུ། གཤེར་ས། རང་བྱུང་ནགས་ཚལ། ཆུའི་འབྱུང་ཁམས། ས་གཤིས་རྗེས་ཤུལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ནས“འཛམ་གླིང་ཐོག་གི་ས་གཙང་མཐའ་མ”ཡི་ནམ་མཁའ་སྔོ་ལ་ཆུ་མོ་དྭངས་བ་དང་རི་ཀླུང་སྔོ་ལྗང་ལྡན་པ་བཅས་བརྟན་སྲུང་ཐུབ་ཡོད།
སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་3911བཏང་བ་དེ་ལོ་རེར་ཆ་སྙོམས་18%འཕར་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་ལས་ཞུགས་བྱེད་རྒྱ་མུ་མཐུད་ཆེ་རུ་སོང་ནས། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་པ་ཁྱོན་བསྡོམས་མི་ཁྲི་16.9མང་དུ་ཕྱིན་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་467གནས་སྒྱུར་ལས་ཞུགས་ཐུབ་ཡོད། ཡུལ་མིའི་ཡོང་འབབ་འཕར་སྣོན་མགྱོགས་ཙམ་བྱུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ལག་ཐོག་ཡོང་འབབ་ཁག་སོ་སོར་2010ལོ་དང་བསྡུར་ན་ལྡབ་1.7དང་ལྡབ་2འཕར་ཡོད། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་སྤེལ་ཐུབ་ཅིང་། “འགན་ལེན་གསུམ”གྱི་ཚད་གཞི་སྒོར་3240སྤར་བ་དང་། རྨང་གཞིའི་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་པ། རྫོང་ཁག་36ལ་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོའི་དོ་སྙོམས་གོང་འཕེལ་གྱི་ཞིབ་བཤེར་རྩིས་ལེན་བྱས་པ། མཐོ་རིམ་སློབ་གསོའི་འབུམ་རམས་པའི་གསོ་སྐྱོང་བྱེད་གནས་འཛུགས་རྒྱུར་འགག་སྒྲོལ་གསར་པ་བྱུང་བ། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། ནང་སའི་སློབ་གཉེར་སྤུས་ཚད་བརྟན་པོའི་ངང་གོང་མཐོར་སོང་བ་བཅས་བྱུང་ཡོད། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་གཞི་རྩའི་སྨན་བཅོས་ཀྱི་ཞབས་ཞུར་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་བས་རྩ་བའི་ཆར་ནད་ཆེན་རང་སྐྱོང་ལྗོངས་སུ་བཅོས་ཐུབ་པ་དང་། ནད་འབྲིང་གྲོང་ཁྱེར(ས་གནས)དུ་བཅོས་ཐུབ་པ། ནད་ཆུང་རྫོང་(ཆུད)དུ་བཅོས་ཐུབ་པ་བཅས་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་སྨན་ཡོན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་རྒྱུ་ཡོངས་སུ་ཁྱབ་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་གཉིས་ཀ་ཆག་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5000ལྷག་ཙམ་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ། མིའི་ཆ་སྙོམས་ཚེ་ཚད་དེ་སྔོན་དཔག་ལྟར་ན་ལོ་68.2ལ་སླེབས་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆར་བསྐྲུན་ཟིན་པ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ལོ་རེ་བཞིན་མཐོ་རུ་སོང་བ། གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་དགོས་རིགས་ཚང་མར་འགན་སྲུང་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་སྨན་བཅོས་འགན་བཅོལ་བྱེད་རྒྱུ་ཡོངས་སུ་ཁྱབ་ཐུབ་པ། དྭ་ཕྲུག་དང་འདོད་མོས་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་ཐོག་འཚོ་སྐྱོང་ཐུབ་པ་བཅས་བྱས་ཡོད། གྲོང་གསེབ་ཀྱི་མི་ཁྲི་74ཡི་འཐུང་ཆུའི་བདེ་འཇགས་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། ལྷ་ས་དང་། ནག་ཆུ། མངའ་རིས་བཅས་ཀྱི་གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིར་དྲོད་རླངས་སྤྱོད་ཐུབ་པ་བྱུང་ཡོད། མི་འབོར་དང་འཆར་ལྡན་བུ་བཙའ་དང་། མི་རབས་རྗེས་མ་དང་རྒན་རྒོན་ལ་སེམས་འཁུར་བྱེད་པའི་ལས་དོན། དབང་པོ་སྐྱོན་ཅན་གྱི་བྱ་གཞག་བཅས་ཟམ་མི་ཆད་པར་གོང་འཕེལ་བྱུང་ཡོད།
མི་རིགས་མཐུན་སྒྲིལ་མུ་མཐུད་སྲ་བརྟན་དུ་བཏང་བ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡང་དག་བྱས་ཤིང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོར་སྐུལ་སྤེལ་གཏིང་ཟབ་བཏང་ནས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པས། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་སེམས་ལ་ཟབ་མོ་ཟུག་ཡོད་ལ། མི་རིགས་ཁག་གི་མི་དམངས་དབར་སྤུན་ཟླའི་བརྩེ་སེམས་བཅངས་ཏེ་ལྟ་སྐྱོང་རོགས་རེས་དང་། ཞི་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་བྱུང་ཡོད། མཐའ་དར་དམངས་ཕྱུག་གི་བྱེད་སྒོར་སྐུལ་སྤེལ་ཏན་ཏིག་བཏང་ཞིང་། མི་འབོར་ཅུང་ཉུང་བའི་མི་རིགས་དང་མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད། བོད་རྒྱ་སྐད་གཉིས་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ་དང་། ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)ཁག་ལ་སློབ་མ་མཉམ་བསྲེས་ཀྱིས་འཛིན་གྲྭ་བཙུགས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། སློབ་གྲྭའི“གསུམ་འབྲེལ་གསུམ་དར་གཅིག་འགྲོགས”བྱེད་སྒོར་སྐུལ་སྤེལ་གཏིང་ཟབ་བཏང་ཡོད། ལྗོངས་ནང་ཁུལ་གྱི་མང་ཚོགས་ནང་སར་ལས་ཞུགས་དང་ལས་གཏོད་བྱེད་པར་འགྲོ་རྒྱུར་སྐུལ་ལྕག་ཁྲིད་སྟོན་བྱས་པ་དང་། ནང་སའི་མི་སྣས་བོད་དུ་མ་འཇོག་ལས་གཏོད་བྱེད་རྒྱུ་འདྲེན་འགུགས་བྱས་པར་བརྟེན། ནང་སའི་མང་ཚོགས་ཁག་གཅིག་དང་ས་གནས་དེ་གའི་མང་ཚོགས་དབར་སྤུན་གྲོགས་བསྒྲིགས་པ་དང་ཁྱིམ་ཚང་བཙུགས་པས་ཡུལ་དེ་གའི་མང་ཚོགས་ཕྱུག་པོ་ཆགས་པ་དང་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་བྱུང་ཁར། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་ཐེབས་ནས་དུས་སྐབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
ཆོས་ལུགས་འཆམ་མཐུན་དང་ཞི་མཐུན་བྱུང་བ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། དགོན་སྡེའི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། སྒྲིག་ཚུད་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བ་འགན་སྲུང་། མི་ལུས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་འགན་བཅོལ། དེ་བཞིན་གཟུགས་པོ་བརྟག་དཔྱད་བཅས་བྱེད་རྒྱུ་ཡོངས་སུ་ཁྱབ་ཐུབ་པ་བྱུང་ནས། དགོན་སྡེ་དང་གྲྭ་བཙུན་གྱིས་སྒྲིག་བཀུར་ཁྲིམས་སྲུང་བྱེད་རྒྱུར་དགེ་མཚན་ལྡན་པའི་འགྱུར་བ་བྱུང་ཡོད། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁྲི་འདོན་གནང་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་། དུས་འཁོར་དབང་ཆེན་གྱི་དབང་བསྐུར་སྨོན་ལམ་ཆེ་མོ། དར་ཆེན་རྟ་ལོའི་རི་སྐོར། ལུག་ལོའི་ཁ་བ་དཀར་པོའི་རི་སྐོར་དང་གནམ་མཚོའི་མཚོ་སྐོར། སྤྲེལ་ལོའི་འབྲི་གུང་འཕོ་བ་ཆེན་པོའི་སྨོན་ལམ། འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་600འཁོར་བར་དྲན་གསོ་ཞུ་བ་སོགས་རིགས་འདྲ་མིན་གྱི་དམངས་སྲོལ་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་གོ་རིམ་ལྡན་པ་དང་བདེ་འཇགས་བརྟན་ལྷིང་བྱུང་ཡོད། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་བྱེད་སྒོ རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་བཅས་གཏིང་ཟབ་སྤེལ་བ་དང་། བོད་བརྒྱུད་ནང་བསྟན་སློབ་གླིང་དང་དེ་བཞིན་ཡན་ལག་སློབ་གླིང་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ། སྐྱེས་ཆེན་དམ་པ་བརྒྱ་གྲངས་གསོ་སྐྱོང་བྱེད་པའི་ལས་གཞིར་སྐུལ་སྤེལ་གཏིང་ཟབ་བཏང་བ། ཁྲིམས་དང་སྒྲིག་སྲོལ་བཞིན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་གཏོང་དགོས། བསྒྱུར་བཅོས་སྒོ་དབྱེ་རིམ་བཞིན་གཏིང་ཟབ་ཏུ་སོང་བ། ཀྲུང་དབྱང་གི་བསྒྱུར་བཅོས་ཀྱི་སྤྱི་ཡོངས་འཆར་འགོད་དང་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བཅོས་སྐྱོང་དང་། སྲིད་འཛིན་ཞིབ་མཆན། ཁྲིམས་འཛིན་སྒྲིག་སྲོལ། ཞིང་ལས་དང་གྲོང་གསེབ། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས། ནོར་ཁྲལ་དང་དངུལ་རྩ། ཐོན་ཁུངས་ཁོར་ཡུག ས་ཆ་དོ་དམ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་བསྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་སྐུལ་སྤེལ་བཏང་བས་གཙོ་གནད་བསྒྱུར་བཅོས་ཀྱི་ལས་འགན་ཁག་98གཞི་རྩའི་ཆར་ལེགས་སྒྲུབ་ཟིན་ནས་བསྒྱུར་བཅོས་ཀྱི་གྲུབ་འབྲས་ཁག་600ལྷག་ཙམ་ཟིན་ཡོད། དངུལ་རྩས་རྒྱབ་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཤིང་། རིགས་ཁག་གི་དངུལ་བུན་ལྷག་གྲངས་2010ལོ་དང་བསྡུར་ན་ལྡབ་6འཕར་ཡོད། སྒྲིག་སྲོལ་དང་ལམ་སྲོལ་ཐོག་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་རྒྱུར་མཐོང་ཆེན་བྱས་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཁྲིམས་ཚན་བཅོས་སྐྱོང་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་བ། རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་སྤེལ་བཏང་བ། ཐོན་ཁུངས་ཀྱི་དཔྱ་ཁྲལ་སོགས་རིན་གོང་ལམ་སྲོལ་ལ་བསྒྱུར་བཅོས་བྱ་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་བཏང་བ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་ལ་སྐུལ་སྤེལ་བཏང་བ། ཚོང་དོན་ལམ་ལུགས་བསྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ལས་ཁྲལ་ནས་འཕར་ཁྲལ་དུ་བསྒྱུར་རྒྱུ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཡོད། དབུལ་སྒྲོལ་གྱི་ལམ་སྲོལ་བཙུགས་པ་དང་། ཐེམ་ཐོའི་ལམ་ལུགས་ཀྱི་བསྒྱུར་བཅོས་བསམ་འཆར་དང་སྡོད་ཁང་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་གྲོང་ཁྱེར་གྲོང་རྡལ་དུ་དོན་འཁྱོལ་ཐུབ་པ། གློག་རིན་དང་འབུད་རླངས་ཀྱི་རིན་གོང་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཡོད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་གཞུང་གི་དབང་ཆའི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་དང་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་གནད་ཁག་630ལྷག་ཙམ་ཉུང་དུ་བཏང་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་ནས་དེས་ཁྲོམ་ར་གཉེར་མཁན་གྱི་97%བཟུང་ཡོད། སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་བདེ་བླག་ངང་གཉེར་ནས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གྲགས་རྟགས་སྐད་གྲགས་ཆོད་པ་བྱས་ཡོད། ལོ་ལྔའི་རིང་ཁྱོན་བསྡོམས་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་1048བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པ”དང་བསྡུར་ན་ལྡབ་3ཟིན་ཡོད། ཀླུ་ནང་གི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་ཟིན་ནས་ལས་གཉེར་འགོ་ཚུགས་པ་དང་། བོད་མཚོ་བཟོ་ལས་གླིང་དང་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་གླིང་ཁུལ་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་བ་དང་མཐའ་མཚམས་ཚོང་དོན་གོང་འཕེལ་ཇེ་མགྱོགས་སུ་སོང་ཡོད།
བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ། ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་འགུལ་ངང་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དབར་སྤེལ་རེས་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། བོད་སྐྱོར་ལས་བྱེད་པ་རྗེས་རེས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ། བོད་སྐྱོར་ལས་དོན་གྱི་འཆར་འགོད་ཡག་པོ་བཟོ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ། ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་རྒྱུར་གཞོགས་སྐྱོར་བྱས་པ། ཁ་གཏད་རོགས་སྐྱོར་མ་དངུལ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་འཕར་གཟིགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཁར། 80%ཡི་མ་དངུལ་གཞི་རིམ་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་དབར་གྲོས་མོལ་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་བྱས་པ་བཅས་ལ་བརྟེན་ནས་བོད་སྐྱོར་རྣམ་གྲངས་འབོར་ཆེན་ཞིག་བསྐྲུན་ཟིན་ཏེ་ཕན་འབྲས་དངོས་ཐོན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་བསམ་གཞིགས་བྱས་ནས་འགོ་ཁྲིད་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་བོད་སྐྱོར་ལས་དོན་སྤེལ་ཕྱོགས་ཐད་བོད་དུ་བརྟག་ཞིབ་བྱེད་པར་ཕེབས་ནས་བོད་སྐྱོར་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟབས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ཐེབས་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་ས་མཐོར་གཞི་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་ཕུལ་ནས་བོད་སྐྱོར་ལས་གཞི་གཅིག་རྗེས་གཉིས་མཐུད་སྤེལ་ཏེ་བོད་ཀྱི་གོང་འཕེལ་ལ་འདེགས་སྐྱོར་བྱེད་བཞིན་ཡོད་པ་དང་། བོད་སྐྱོར་ལས་བྱེད་པའི་རྗེས་ཤུལ་རེ་རེས་བོད་ཀྱི་མཐུན་སྒྲིལ་དང་འབད་འཐབ་ཀྱི་ལོ་རྒྱུས་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད་པ། བོད་སྐྱོར་གྱི་མཛད་རྗེས་མང་དག་ཅིག་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་བརྟན་པོར་གནས་བཞིན་ཡོད།
ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ཐོག ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”མངོན་གསལ་དོད་པོས་ཟབ་ཏུ་སོང་ཡོད། ལས་བྱེད་པ་གསོ་སྦྱོང་བྱེད་རྒྱ་ཆེ་རུ་བཏང་བ་དང་། ལག་ལེན་ཁྲོད་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་བས་རྒྱ་ཆེའི་ལས་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། ལས་བྱེད་པ་གསོ་སྐྱོང་དང་། བདམས་གསེས་བཀོལ་སྤྱོད། ལྟ་སྐུལ་དོ་དམ། དེ་བཞིན་གཞི་རིམ་རྩ་འཛུགས་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཀྱི་ཁྲིམས་སྲོལ་ལམ་ལུགས་བཟོས་པས་ཏང་འཛུགས་སྐྱོང་གི་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་གང་ཐུབ་བརྒྱབ་པ་དང་། ལས་བྱེད་པ་ཡག་པོའི་ཚད་གཞི་དང“དམིགས་བསལ་གསུམ”གྱི་བླང་བྱ་མངོན་ཆེར་བཟུང་སྟེ་ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་བཟང་པོ་བདམས་གསེས་བྱེད་རྒྱུར་ཤུགས་བརྒྱབ་ཡོད། འོས་སྦྱོར་རྟོག་ཞིབ་བྱེད་སྟངས་གསར་གཏོད་བྱས་པ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པ་དང་འགག་སྒོ་ནན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་བྱས་པར་བརྟེན་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ཡོངས་སུ་ལེགས་སྒྲུབ་བྱུང་བ་དང་ལས་བྱེད་པའི་དཔུང་ཁག་གི་མི་རིགས་གྲུབ་ཆ་སྔར་བས་ལུགས་མཐུན་བྱུང་ཡོད། ཏང་གི་གཞི་རིམ་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ལས་བྱེད་པ་གྲོང་ཚོར་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་བྱེད་པར་གཏོང་རྒྱུ་ཡོངས་སུ་ཁྱབ་པ་དང་། ཏང་ཡོན་ལས་བྱེད་པས་མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་བས་ཏང་ཡོན་གྱི་དཔུང་ཁག་མུ་མཐུད་སྟོབས་ཆེར་སོང་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་བདེ་བླག་ངང་སྤེལ་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཨུ་ཡོན་གྱི་འགན་མང་ཆེ་བ་གུང་ཁྲན་ཏང་མིས་འཁུར་གྱི་ཡོད། ཤང་དང་གྲོང་རྡལ་ལས་ཁུངས་ཀྱི་ལས་བྱེད་པའི་ལས་ཤག་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ཤེས་ལྡན་པ་གཞི་རིམ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་བསྐྱོད་རྒྱུར་སྐུལ་སྤེལ་བཏང་བ་དང་། མཁས་རམས་པའི་ཞབས་ཞུ་ཚོགས་པའི་མི་གྲངས་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བོད་དུ་གཞིས་སྡོད་བྱས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལས་བྱེད་ལས་བཟོའི་གླ་ཕོགས་དང་། ཕན་བདེ། གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་ཤུགས་ཆེ་སྤར་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། “འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་ནན་པོ་བྱས་པ། “སྤྱོད་ཚུལ་བཞི”རྒྱུན་མཐུད་ཡོ་བསྲང་བྱས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྐོར་ཞིབ་ཀྱི“རལ་གྲི”ཡག་པོ་སྤྱད་པ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་གཅོད་བྱས་པ། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་ཀྱི་རྣམ་པ་བརྟན་སྲུང་བྱས་པ། “སྟག་སྦྲང་”མཉམ་རྡུང་མཐའ་འཁྱོངས་བཅས་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཁག་གཅིག་རྩད་ཞིབ་དང་ཐག་གཅོད་ནན་པོ་ཐུབ་ནས་ཟིལ་གནོན་ཆེན་པོ་ཞིག་ཆགས་པ་དང་། གངས་ལྗོངས་ས་མཐོར་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་འབྱུང་ཁམས་བཟང་པོ་ཞིག་བཏོད་ཐུབ་ཡོད།
ལོ་ལྔའི་རིང་གི་ལོ་རྒྱུས་འཕེལ་རིམ་ནི་རྒྱུན་ལྡན་གཏན་ནས་མིན་ཞིང་། ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཐོབ་པའི་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མཁས་མཛངས་ལྡན་པའི་ཇུས་བཀོད་གནང་བའི་འབྲས་བུ་ཡིན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ལྷག་བསམ་ཟོལ་མེད་ངང་ཐུགས་ཁུར་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་རྣམས་ཀྱིས་ཐེ་ཞུགས་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེ་བྱས་པའི་འབྲས་བུ་ཡིན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ། མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱལ་གཅེས་འཐབ་ཕྱོགས་མི་སྣས་གཅིག་སེམས་གཅིག་གཏད་དང་ཡུན་རིང་མཉམ་ལས་བྱས་པའི་འབྲས་བུ་བཅས་ཡིན། འདིར་ངས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས། བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་ཐད་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
ལོ་ལྔའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་མིག་ལྟ་སྐབས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་ནི། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླར་སྟངས་འཛིན་ནན་པོ་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩིས་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཕྱོགས་སྲིད་ཇུས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་འབྱུང་ཁམས་སྲུང་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་འབྱུང་ཁམས་ཀྱི་དམར་ཐིག་དང་མཐའ་ཚད་ནན་སྲུང་ཐོག“འཛམ་གླིང་ཡང་རྩེ”དང་“ས་གོ་ལའི་གླིང་སྣེ་གསུམ་པར”སྲུང་སྐྱོབ་ཡག་པོ་བྱེད་དགོས། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཐོག མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་སྐྱེས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་དོན་ཆེན་གཉིས་ལ་གཅིག་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་བ། རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་ཏང་གིས་སྲིད་སྐྱོང་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྩ་ཆེའི་ཉམས་མྱོང་དེ་དག་རེ་རེ་བཞིན་ལག་བསྟར་ཐུབ་པ་དང་། ཡུན་རིང་མཐའ་འཁྱོངས་ཐུབ་པ། ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བ་བཅས་བྱེད་དགོས།
གཉིས། ཕྱིས་འབྱུང་ལོ་ལྔའི་རིང་གི་ལས་ཀའི་བསམ་གཞི།
མིག་སྔ་དང་ཕྱིས་འབྱུང་གི་དུས་སྐབས་ཤིག་རིང་ནི་རང་ལྗོངས་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཡུན་རིང་བདེ་འཁོད་ཡོང་བའི་འགག་རྩའི་དུས་མཚམས་ཤིག་དང་། དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་ཤིག འབྱུང་ཁམས་སྙོམས་ཁུལ་འཛུགས་སྐྲུན་གང་ཐུབ་བྱས་ཏེ་རང་ངོས་གོང་འཕེལ་གྱི་ནུས་པ་ཆེ་རུ་གཏོང་བའི་གལ་ཆེའི་དུས་མཚམས་ཤིག ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ནུས་པ་སྲ་བརྟན་དང་མཐོ་རུ་ཟམ་མི་ཆད་པ་གཏོང་བའི་དུས་མཚམས་ཤིག་བཅས་ཡིན། ང་ཚོར་འཕྲད་པའི་འགལ་རྐྱེན་ཆེ་ཤོས་ནི་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་དེ་ཡིན་པ་དང་། ཞན་ཆ་ཆེ་ཤོས་ནི་གོང་འཕེལ་གཏོང་ཤུགས་མི་འདང་བ་དེ་ཡིན་པ། འགུལ་ཤུགས་ཆེ་ཤོས་ནི་བསྒྱུར་བཅོས་སྒོ་མོ་འབྱེད་རྒྱུ་དེ་ཡིན་པ། འགན་འཁྲི་ཆེ་ཤོས་ནི་མཐའ་སྐྱོང་བོད་བརྟན་ཡོང་བ་བྱེད་རྒྱུ་དེ་ཡིན་པ། གོ་སྐབས་བཟང་ཤོས་ནི་ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བ་དེ་ཡིན་པ། ཤེད་ཤུགས་ཆེ་ཤོས་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དེ་བཞིན་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་རེ་སྒུག་བྱེད་པ་དེ་ཡིན་པ། འགན་སྲུང་ཆེ་ཤོས་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཡིན་པས་ངེས་པར་དུ་ཛ་དྲག་གི་འགྲན་རྩོད་ལ་ཁ་གཏད་གང་ལེགས་གཅོག་རྒྱུ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ཆོས་ཉིད་སྟངས་འཛིན་བྱེད་རྒྱུ། སྲིད་ཇུས་ཀྱི་གོ་སྐབས་ལེགས་སུ་ནུས་ལྡན་གཏོང་རྒྱུ། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་རྒྱུ་བཅས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་དགོས་པ་དེ་ཡིན།
ཕྱོགས་བསྡུས་དབྱེ་ཞིབ་དང་ཚོད་དཔག་བྱས་པར་གཞིགས་ན། མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐད་ཁྱད་ཆོས་དང་འགྱུར་བ་གསར་པ་འཕྲད་ཡོད་པ་སྟེ། དེ་ཡང་གཅིག་ནི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་དུས་བབ་སྤྱིའི་ཆར་བརྟན་ལྷིང་ཡིན་པ་དང་སྟངས་འཛིན་བྱེད་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་བརྟན་ལྷིང་ཁྲོད་འགྱུར་བ་ཡོད་པ་དང་། བརྟན་ལྷིང་ཁྲོད་ཉེན་ཁ་ཡོད་པ། བརྟན་ལྷིང་ཁྲོད་མངོན་མེད་ཀྱི་རྐྱེན་ངན་ཡོད། གཉིས་ནི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་མགྱོགས་བགྲོད་ཀྱི་ལམ་བུའི་ཐོག་སླེབས་ཡོད་ནའང་། སྤྱིའི་བང་རིམ་དམའ་བ་དང་། སྤྱི་འབོར་ཉུང་བ། སྤུས་ཚད་ཞན་པ་གཞན་རྟེན་རང་བཞིན་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། གསུམ་ནི་དམངས་འཚོ་ལེགས་བཅོས་བྱེད་ཤུགས་ཆེ་ནའང་། མང་ཚོགས་ལ་དཀའ་ངལ་མང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་མང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་པོ་མེད་པ་དང་ཆུ་ཚད་དམའ་པོ་ཡོད། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ཀྱང་། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་བུ་ལོན་མང་བ་དང་ཧེ་བག་ཆེན་པོ་ཡོད། ལྔ་ནི་མང་ཚོགས་ཀྱི་འཚོ་བའི་ཁྲོད་དེང་རབས་ཀྱི་ཤེས་དཔལ་དར་བཞིན་ཡོད་ཀྱང་། ཆོས་ལུགས་ཐད་ཀྱི་ཤུགས་རྐྱེན་ངན་པ་སྔར་བཞིན་གནས་ཡོད་པར་བརྟེན། རྒྱ་ཆེའི་མང་ཚོགས་ཀྱི་རྗེས་ལུས་ལྟ་བར་འགྱུར་ལྡོག་གཏོང་རྒྱུ་དང་། ལུགས་རྙིང་སྲོལ་རྙིང་ཁྱད་བསད་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། དྲུག་ནི་འབྱུང་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡང་། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་རྒྱུ་དང་རང་བྱུང་གནོད་འཚེ་འགོག་ནུས་ད་དུང་ཞན་པོ་ཡོད། བདུན་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་ཡོད་ཀྱང་། “སྤྱོད་ཚུལ་བཞིའི”གནད་དོན་ཚད་གཞི་མི་འདྲ་བར་ལྷག་ཡོད་པ་དང་། ཏང་ནན་པོས་དོ་དམ་དང་ཏང་ནན་པོས་སྐྱོང་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད། བརྒྱད་ནི་མི་རིགས་ཁག་གི་ལས་བྱེད་པས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་དང་ལས་དོན་ཧུར་ཐག་བསྒྲུབས་ཀྱི་ཡོད་ཀྱང་། གཞི་རིམ་རྩ་འཛུགས་དང་ལས་བྱེད་པའི་ཤེས་ལྡན་དཔུང་ཁག་འཛུགས་སྐྱོང་ཐད་ད་དུང་ཐག་གཅོད་བྱེད་དགོས་ངེས་ཀྱི་དཀའ་གནད་ཁག་གཅིག་ཡོད། དེ་དག་གིས་རང་ལྗོངས་འདི་ཉིད་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་སྐུལ་སྤེལ་གཏོང་བའི་ཁྲོད་ད་དུང་མངོན་གསལ་ཆེ་བའི་འགལ་ཟླ་དང་གནད་དོན་འགའ་ཞིག་ལྷག་མུས་ཡིན་པ་མཚོན་ཡོད་པས་ངེས་པར་དུ་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་དགོས་ཀྱི་ཡོད།
རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་འཕྲད་པའི་ལོ་རྒྱུས་ཀྱི་ལས་འགན་གཞིར་བཟུང་། ཕྱིས་འབྱུང་ལོ་ལྔའི་རིང་གི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་སྤྱིའི་དམིགས་ཡུལ་དུ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་གཙོ་ཐིག་ཏུ་བྱེད་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་འགན་སྲུང་དུ་བྱེད་པ་བཅས་བྱས་ཏེ་བསྒྱུར་འཕེལ་བརྟན་གསུམ་ལ་དམ་པོར་དམིགས་ཤིང་། དཀའ་ངལ་ཁྱད་བསད་ཀྱིས་ཞན་ཆ་གསབ་པ་དང་། གསར་གཏོད་གསར་འབྱེད་ལ་བརྟེན་ནས་འགག་སྒྲོལ་ཐུབ་པ་བྱེད་པ། གནད་འཕིགས་དབུལ་སྐྱོར་ལ་ཕན་འབྲས་དངོས་ཐོན་པ། ཡིད་ཆེས་བརྟན་པོས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ། གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་གང་ལེགས་རྩོམ་དགོས་པ་དེ་ཡིན།
ཕྱིས་འབྱུང་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཚད་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་10%ཡན་འཕར་བ་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་ལོ་རེར་ཆ་སྙོམས་20%ཡན་འཕར་བ་བྱེད་རྒྱུ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་12%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་བྱས་འབོར་ལོ་རེར་ཆ་སྙོམས་12%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ལག་ཐོག་ཡོང་འབབ་དེ་ཁག་སོ་སོར་ལོ་རེར་ཆ་སྙོམས་10%དང་13%ཡན་འཕར་ཐུབ་པ་བྱས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གཙོ་གནད་དཔལ་འབྱོར་གྱི་དམིགས་ཚད་འཕར་སྣོན་འགྲོ་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཐུབ་པ་བྱེད་རྒྱུ། དབུལ་པོའི་མི་འབོར་ཡོངས་རྫོགས་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཀྱི་དམིགས་ཚད་དེ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་ཡང་ན་དེར་སླེབས་ཐུབ་པ་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་རྒྱུ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱེད་རྒྱུ། རང་ངོས་གོང་འཕེལ་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་ཐུབ་པ་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་ཐུབ་པ་བྱེད་རྒྱུ། ཏང་འཛུགས་སྐྱོང་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་བརྟེན་ནས་བདེ་འཁོད་ལས་བརྩོན་དང་། ནུས་ལྡན་འགན་སྲུང་། ཕ་ཡུལ་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ལྡན་པའི་འབྱོར་འབྲིང་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིན།
སྤྱིའི་བླང་བྱ་ལག་བསྟར་བྱས་ཏེ་འབད་འཐབ་དམིགས་ཚད་མངོན་གྱུར་ཡོང་བ་བྱེད་པར་ངེས་པར་དུ“ལྟེ་བ་གཅིག”ལ་ལྷག་བསམ་རྣམ་དག་བྱེད་དགོས་ཤིང་། དེ་ནི“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྔར་བས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། དེ་བས་རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དེ་ཡིན། “འཐབ་ཇུས་གཅིག”ལག་བསྟར་བྱེད་དགོས་ཤིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་། དེ་བཞིན་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་དོན་འཁྱོལ་བྱས་ཏེ་དུས་གང་ཞིག་དང་གནས་ཚུལ་གང་འདྲ་ཞིག་འོག་ཏུའང་གཡོ་འགུལ་རྩ་བ་ནས་གཏོང་རྒྱུ་མེད་པ་དེ་ཡིན། “ཕྱོགས་སྟོན་གཅིག”མཐའ་འཁྱོངས་བྱེད་དགོས་ཤིང་། དེ་ནི་མི་དམངས་མཆོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་མངོན་ཆེའི་གནས་བབ་ཐོག་འཇོག་རྒྱུ་དང་། དམངས་ཉེ་དམངས་གཅེས་དམངས་ཕན་གྱི་ལག་ལེན་གསར་པའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས་པ་དེ་ཡིན། “འདུ་ཤེས་གཅིག”འགྱུར་བ་གཏོང་དགོས་ཤིང་། དེ་ནི་བསམ་བློར་བཅིངས་འགྲོལ་བཏང་ནས་ལམ་བཤངས་གསར་གཏོད་བྱེད་པ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གོ་སྐབས་དམ་འཛིན་བྱེད་པ། བསམ་བློའི་ལྟ་བར་འགྱུར་ལྡོག་ཆེན་པོ་ཡོང་བ་བཅས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་པ་དང་། བསྒྱུར་བཅོས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས་པ་དེ་ཡིན། “ཞན་ཆ་ཁག་གཅིག”གསབ་དགོས་ཤིང་། དེ་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ། འབྱུང་ཁམས་སྲུང་སྐྱོང་། གསར་གཏོད་ལ་བརྟེན་ནས་སྐུལ་སྤེལ་གཏོང་བ། འབྱུང་འཕྲོད་གོང་འཕེལ། ཤེས་ལྡན་པར་བརྟེན་ནས་འདེགས་སྐྱོར་བྱེད་པ། ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཡོང་བ་བྱེད་པ་སོགས་ཐད་ཀྱི་མངོན་ཆེའི་ཞན་ཆར་དམིགས་ཏེ་ཕྱོགས་བསྡུས་ནུས་ཤུགས་སྤྱད་དེ་གལ་ཆེའི་རྣམ་གྲངས་ཁག་གཅིག་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ་དང་། གོ་ཆོད་མ་འཇོག་ལ་བརྟེན་ནས་འཕར་སྣོན་བརྟན་པོ་ཡོང་བ་དང་གྲུབ་ཆ་ལེགས་སྒྲིག་གི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཐོག དཔལ་འབྱོར་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས་པ་དེ་ཡིན། “སྙིང་སྟོབས་ཤིག”དར་སྤེལ་གཏོང་དགོས་ཤིང་། དེ་ནི“རྒྱང་སྐྱོད་ཀྱི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་དེ་དང་“བོད་སྐྱོད་རྒན་རབས་པའི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན། བསམ་བློ་གཅིག་ཏུ་གཏོང་བ་དང་ནུས་ཤུགས་གཅིག་ཏུ་འདོན་པ་བཅས་བྱས་ཏེ་ལས་དོན་ལ་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་དེ་ཡིན།
གསུམ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐོག་འཇོག་དགོས་པ་དང་། དེ་ཡང་གཙོ་གནད་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྤེལ་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དེ་ཡིན”ཞེས་བཏོན་གནང་ཡོད། བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་མུ་མཐུད་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་གཏིང་ཟབ་བྱེད་རྒྱུ་དེ་ལས་འགན་གཙོ་བོ་ཞིག་ལ་བརྩིས་ནས་གཙོ་གནད་དམ་འཛིན་དང་། འགག་རྩར་དམ་འཛིན། ཞན་ཆའི་ལྷུ་ཚིགས་ལ་དམ་འཛིན་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས།
(གཅིག)ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་མིན་པར་སྲིད་དབང་ལ་སྲུང་སྐྱོང་དང་། དར་ཆར་སྲུང་སྐྱོང་། འགྲོ་ལམ་ལ་སྲུང་སྐྱོང་བཅས་བྱེད་པའི་སྒམ་ནན་གྱི་ཆབ་སྲིད་འཐབ་རྩོད་ཅིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་གཏོར་བཤིག་གཏོང་མི་རུང་ལ། བོད་ཀྱི་བདག་དབང་གཏོགས་ཁོངས་ལ་ཐེ་ཚོམ་བྱེད་མི་རུང་བ་དང་། བོད་ཀྱི་གོང་འཕེལ་ལ་འགོག་རྐྱེན་བཟོ་མི་རུང་། ང་ཚོས་མི་སུ་འདྲ་ཞིག་ཡིན་རུང་དུས་གང་ཞིག་ཏུ་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་བོད་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མེས་རྒྱལ་ནས་ཁ་ཕྲལ་དུ་འཇུག་གི་མིན། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཀྲུང་དབྱང་གི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཇུས་གཞི་སྔོན་ལ་འདོན་པ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་འཐབ་རྩོད་ཀྱི་རང་བདག་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུན་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་འགུལ་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
(གཉིས)སྤྱི་ཚོགས་བཅོས་སྐྱོང་བྱེད་རྒྱུ་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་དེ་མ་ལག་བཅོས་སྒྲིག་དང་། ཕྱོགས་བསྡུས་བཅོས་སྒྲིག ཁྲིམས་བཞིན་བཅོས་སྒྲིག འབྱུང་གཞི་བཅོས་སྒྲིག་བཅས་བྱེད་རྒྱུ་དང་ཟུང་འབྲེལ་གྱིས་ཁྲིམས་སྲོལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དམག་ཉེན་དམངས་གསུམ་མཉམ་འགོག་མཉམ་སྡོམ་བྱེད་པའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་། བདེ་འཇགས་ཐད་ཀྱི་འགུལ་ཕྱོགས། གླེང་ཆ་ཆེ་བ་དང་ཚོར་བ་སྐྱེན་པའི་གནད་དོན་བཅས་ལ་དབྱེ་ཞིབ་ཐག་གཅོད་བྱེད་དགོས། གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་དང་། གལ་ཆེའི་བྱེད་སྒོ་སྤེལ་བ། གལ་ཆེའི་སྲིད་ཇུས་ལེགས་སྒྲིག་བྱེད་པ་བཅས་ཐད་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཇི་ཡོང་ཚོད་སྐོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁའི་རིགས་ནུས་ལྡན་འགོག་ཟོན་དང་། མེད་པར་བཟོ་བ། ལྟ་སྡོམ་བཅས་བྱེད་དགོས། གསར་གཏོད་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། གྲངས་གཞི་ཆེ་མོ་དང་སྤྲིན་རྩིས་རྒྱག་ཐབས་སྤྱོད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་བྱེད་རྒྱུ་དེ་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཕྱོགས་མཐའ་ཀུན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་ཉེན་ཁ་འགོག་ཟོན་མ་ལག་གང་མགྱོགས་བཙུགས་ཏེ་རིགས་མི་འདྲ་བའི་ཉེན་ཁར་སྔོན་དཔག་དང་། སྔོན་བརྡ། སྔོན་འགོག་བཅས་བྱེད་ནུས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་བཅོས་སྐྱོང་བྱེད་རྒྱུ་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པ་དང་། གྲོང་ཁྱེར་གྲོང་རྡལ་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་པ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པ་དང་དཔྱད་འདེམས་བྱེད་པ། གཞི་རིམ་གྱི་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་ཆ་ཚང་དུ་གཏོང་བ། རྨང་གཞིའི་ཆ་འཕྲིན་མཉམ་སྤྱོད་བྱེད་སྲོལ་འཛུགས་པ་བཅས་བྱེད་དགོས། མཉམ་འགོག་མཉམ་བཅོས་བྱེད་དགོས་པ་སྟེ། མང་ཚོགས་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་བྱས་ཏེ་བདེ་འཇགས་འཛུགས་སྐྱོང་གང་ལེགས་བྱེད་རྒྱུ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་རྒྱུ་དེ“རང་གིས་བརྟན་ལྷིང་སྲུང་བ”ནས“རང་ལ་བརྟན་ལྷིང་དགོས་པའི”ཐད་འགྱུར་རྒྱུར་སྐུལ་སྤེལ་གཏོང་དགོས། དོ་དམ་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ཉེན་ཆེའི་འབར་རྫས་དངོས་རིགས་ལ་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་མིར་དོ་དམ་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་མངོན་ཆེའི་གནད་དོན་རིགས་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་རྒྱུ་དང་། དྲ་ཐོག་ནས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགོག་ཟོན་ཧུར་ཐག་དང་རང་འགུལ་ངང་དྲ་ཐོག་གི་ཉེས་གསོག་པ་གསར་པ་ཐོན་རིགས་ལ་རྡུང་རྡེག་གཏོང་དགོས། འགལ་ཟླ་དང་རྩོད་གཞིའི་རིགས་མེད་པ་བཟོ་དགོས་པ་སྟེ། འདུམ་འགྲིག་མཉམ་འགུལ་གྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་འགོག་ཟོན། ཆུང་ངུ་ནས་ཐག་གཅོད་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་མེད་རྐྱེན་ངན་རྩད་བཤེར་དང་འགན་འཁྲི་དོན་འཁྱོལ་བྱེད་པར་དམ་འཛིན་བྱེད་རྒྱུ་དང་། ལམ་ལུགས་དང་ལྟ་སྡོམ་བྱེད་རྒྱུ་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་སྔར་ལས་ལྷག་པ་བྱེད་དགོས།
(གསུམ)ཁྲིམས་བཞིན་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས། ཆོས་ལུགས་ཀྱི་ཡུན་རིང་རང་བཞིན་དང་། མང་ཚོགས་རང་བཞིན། མི་རིགས་རང་བཞིན། རྒྱལ་སྤྱིའི་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་མཛད་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱིས་ཁ་སྒྱུར་ཚོད་འཛིན་མ་ཐེབས་པ་བྱེད་རྒྱུ་དེ་དགོན་སྡེར་དོ་དམ་བྱེད་པའི་མཐའ་ཚད་དུ་བཟུང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ“ཁྲིད་སྟོན”བྱེད་ཕྱོགས་ཐད་ཤུགས་བརྒྱབ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་བྱ་བར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། དགོན་སྡེའི་དོ་དམ་ཨུ་ལྷན་དང་མངགས་གཏོང་པའི་ལས་ཀའི་ལམ་ལུགས་མཐའ་འཁྱོངས་དང་། ཁྲིམས་བཞིན་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཀྱི་དོ་དམ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག དགོན་སྡེར་དོ་དམ་བྱེད་དབང་དེ་ཏང་དང་སྲིད་གཞུང་གི་ལག་ཏུ་དམ་པོར་བཟུང་ཐུབ་པ་བྱེད་དགོས། རིམ་དབྱེ་འགན་འཁུར་དང་གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་ཆོས་ལུགས་ཀྱིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་རིགས་ནན་འགོག་བྱེད་དགོས། ཆོས་ལུགས་བྱེད་སྒོར་ཁྲིམས་བཞིན་དོ་དམ་བྱེད་པ། གཞོན་ནུ་ལོ་ཆུང་ཚོར་ཚན་རིག་ཤེས་བྱ་དང་ཡང་དག་པའི་ཆོས་ལུགས་ཀྱི་ཤེས་བྱའི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། དགོན་སྡེའི་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་དགོས་པ་སྟེ། གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲྭ་བཙུན་གྱི་སྒོམ་སྒྲུབ་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གིས་སེམས་ཁུར་དང་གཅེས་སྐྱོང་གནང་བ་དངོས་འབྲེལ་མྱོང་ཚོར་ཐུབ་པ་བྱེད་དགོས། སློབ་གསོ་དང་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། རིམ་ཁག་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་སློབ་གསོ་རྒྱག་དགོས། ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྱི་སྡོམ་ཁྲིམས་དང་བསྟན་དོན་ཁྲོད་ནས་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་རྒྱས། བདེ་ཐང་ཤེས་དཔལ་བཅས་ལ་ཕན་ཐོགས་ཡོད་པའི་ནང་དོན་སྔོག་འཚོལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཆོས་ལུགས་ཀྱི་སྡོམ་ཁྲིམས་དང་བསྟན་དོན་ཐད་དེང་རབས་ཀྲུང་གོའི་གོང་འཕེལ་ཡར་ཐོན་གྱི་བླང་བྱ་དང་འཚམ་ལ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཡང་འཚམ་པའི་འཆད་འགྲེལ་རྒྱག་དགོས། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། བོད་ལྗོངས་ནང་བསྟན་སློབ་གླིང་ཡག་པོ་གཉེར་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་རྟོགས་པ་མཐོ་བ། ཀུན་སྤྱོད་ཐད་ཀུན་གྱིས་དད་མོས་བྱེད་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས།
(བཞི)མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་དེ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་རྒྱུ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་གོང་འཕེལ་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་སྟེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཏེ། མི་རིགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་ཀྱི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་རྒྱུ་དང་། མི་རིགས་ཁག་གི་མི་དམངས་ཚོས་ཁྲིམས་བཞིན་རང་ཐག་རང་གཅོད་དང་། ཁྲིམས་བཞིན་སྲིད་ཞུགས་སྲིད་གླེང་། ཁྲིམས་བཞིན་རང་ཚུགས་ངང་མི་རིགས་བྱ་བར་དོ་དམ་བྱེད་པ་བཅས་ལ་འགན་སྲུང་བྱེད་དགོས། མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས་པ་སྟེ། ནང་སའི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་དང་ཕན་ཚུན་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ནང་ཁུལ་གྱི་མང་ཚོགས་ནང་སར་ལས་ཞུགས་བྱེད་པར་འགྲོ་རྒྱུ་དང་། ནང་སའི་མང་ཚོགས་རང་ལྗོངས་སུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་དུ་ཡོང་རྒྱུར་སྐུལ་མ་གཏོང་དགོས་ལ། མི་རིགས་ཁག་གི་སློབ་མ་རྣམས་སློབ་གྲྭ་གཅིག་དང་འཛིན་གྲྭ་གཅིག་ཏུ་སློབ་སྦྱོང་བྱེད་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ཚོར་མཉམ་འབྲེལ་ཐོག་ལས་གཏོད་བྱེད་རྒྱུའི་སྐུལ་མ་བཏང་སྟེ་ཕན་ཚུན་བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་རྒྱ་ཆེར་གཏོང་དགོས་པ་དང་། བོད་རྒྱ་སྐད་ཡིག་གཉིས་ཕན་ཚུན་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་དུ་འཚོ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་སྒྲུབ། མཉམ་དུ་དགའ་རོལ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་དགོས་པ་སྟེ། དུས་སྟོན་ཆེ་གྲས་ཁག་ལ་དམིགས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་གྲས་གང་ལེགས་སྤྱད་དེ་དང་ལེན་ཐུབ་མཁན་མི་འདྲ་བར་དམིགས་ནས“ཐིགས་ཆུ་གཏོང་བ”ལྟ་བུའི་སློབ་གསོ་སྤེལ་དགོས། བྱིས་པའི་དུས་ནས་དམ་འཛིན་དང་བུ་བཅོལ་ཁང་ནས་དམ་འཛིན་བྱེད་རྒྱུར་དོ་སྣང་བྱས་ཏེ་མི་རིགས་མཐུན་སྒྲིལ་བྱེད་རྒྱུ་དེ་ཕྲུ་གུ་ཚང་མའི་སྙིང་དབུས་སུ་ཟུག་ཐུབ་པ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཤུགས་ཆེ་སྤེལ་དགོས་པ་སྟེ། རྔ་རྡུང་དར་འཕྱར་གྱིས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས་ནས་མི་ཚང་མས་མི་རིགས་མཐུན་སྒྲིལ་ཆེད་དུ་ལེགས་སྐྱེས་འབུལ་བའི་ཁ་ཕྱོགས་སྟོན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་དང་ཆུས(སྡེ་གླིང)འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་དང་། དཔེ་སྟོན་སྡེ་ཁུལ། དཔེ་སྟོན་སློབ་གྲྭ དཔེ་སྟོན་ཁེ་ལས། དཔེ་སྟོན་དགོན་སྡེ། དཔེ་སྟོན་ཚན་པ་བཅས་ཁག་གཅིག་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
(ལྔ)འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། ཆབ་སྲིད་རང་བཞིན་དང་། རྩ་དོན་རང་བཞིན། ཕྱོགས་སྟོན་རང་བཞིན་བཅས་ཀྱི་གནད་དོན་རིགས་ལ་དམ་འཛིན་དང་དོ་དམ་བྱེད་ཕོད་པ་བྱེད་དགོས་པ་དང་། ནོར་འཁྲུལ་གྱི་བསམ་བློའི་རིགས་ལ་ཐེར་འདོན་བྱེད་ཕོད་པ་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་དབང་དང་། དོ་དམ་བྱེད་དབང་། སྐད་ཆ་ཤོད་དབང་བཅས་སྟངས་འཛིན་ནན་པོ་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཙོ་རྒྱུན་གྱི་སྐད་སྒྲ་ཤུགས་ཆེར་བཏང་ནས་ཀྲུང་གོའི་ཕུགས་འདུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། “ལྟ་བ་བཞི”དང“སྨྲ་བ་གཉིས” བོད་གསར་རྙིང་བསྡུར་བའི་སློབ་གསོ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་བཅས་གཏིང་ཟབ་སྤེལ་ཐོག ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་དང་སློབ་གྲྭ་ཆེ་འབྲིང་ཁག་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས། མང་ཚོགས་ཁྲོད་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་དང་གསལ་འགྲེལ་ཡག་པོ་བྱས་ཏེ་ཉེ་འགྲམ་གྱི་མི་བཟང་ལས་བཟང་ལ་བརྟེན་ནས་མང་ཚོགས་ཚོར་བདེ་ཐང་ཤེས་དཔལ་ལྡན་པའི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུའི་ཁྲིད་སྟོན་བྱེད་དགོས། སིམ་འཛུལ་ལ་ངོ་རྒོལ་དང་འགོག་ཟོན་བྱེད་པའི་མ་ལག་འཛུགས་དགོས་པ་སྟེ། དྲ་རྒྱའི་ཐོག་ནས་སྤྱི་ཚོགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་འབྲེལ་སྐོར་གྱི་དྲ་ཐོག་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས། གཏན་འཇགས་ཁ་པར་དང་། ལག་ཐོགས་ཁ་པར། དྲ་རྒྱ་སོགས་ལ་རང་མིང་འགོད་ལམ་ལག་བསྟར་ནན་པོ་བྱེད་རྒྱུ་དང་། “བོད་རང་བཙན”གྱི་ལོག་སྤྱོད་དྲིལ་བསྒྲགས་དངོས་རིགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་གཙང་བཤེར་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་དགོས། དེ་བཞིན་ཏང་གི་དུས་དེབ་དང་། ཏང་གི་ཚགས་པར། རླུང་འཕྲིན་བརྙན་འཕྲིན་བཅས་གྲོང་ཚོ་དང་དུད་ཚང་ཀུན་ལ་ཁྱབ་པ་བྱས་ཏེ་ཕྱོགས་ཡོངས་ནས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་སིམ་འཛུལ་བྱེད་པར་བཀག་འགོག་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། ཏང་གིས་གླེང་ཕྱོགས་ལ་དོ་དམ་བྱེད་པ་དང་། ཏང་གིས་གསར་འགྱུར་ལ་དོ་དམ་བྱེད་པ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་གཙོ་གནད་གསར་འགྱུར་དྲ་ཚིགས་སྟོབས་ཆེར་གཏོང་རྒྱུ་དང་། ཀྲུང་དབྱང་གི་བོད་དུ་བཅའ་སྡོད་གསར་འགྱུར་སྨྱན་སྦྱོར་དང་ལྗོངས་ནང་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་གནས་ཚུལ་ཡག་པོ་ཤོད་ཐུབ་པ་དང་བརྗོད་དོན་གཙོ་བོ་ཡག་པོ་མཚོན་ཐུབ་པ་བྱེད་དགོས། བོད་དང་འབྲེལ་བའི་ཕྱི་དོན་དང་། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་ལས་དོན་ཏན་ཏིག་སྤེལ་དགོས་པ་སྟེ། མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ་སྤེལ་རེས་དང་མཉམ་ལས་ཤུགས་ཆེ་བྱས་ནས་བོད་འབྲེལ་སྐོར་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་འཐབ་ས་འཛུགས་རྒྱུ་དང་སྐད་ཆ་ཤོད་དབང་ཤུགས་ཆེར་གཏོང་དགོས། ནང་དུ་གདན་འདྲེན་དང་ཕྱིར་སྐྱོད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་བོད་ལྗོངས་གོང་འཕེལ་གྱི་གྲུབ་འབྲས་དང་གཟུགས་སྙན་བཟང་པོ་གང་ལེགས་མངོན་པར་བྱེད་དགོས།
(དྲུག)དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་པ། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གསུམ་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས། དམངས་གཙོ་ཆབ་སྲིད་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་འགན་ནུས་བསྒྲུབ་རྒྱུར་རྒྱབ་སྐྱོར་དང“སྲིད་གཞུང་གཅིག་དང་ཁང་གཉིས”ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་དབང་སྤྱོད་རྒྱུར་འགན་སྲུང་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་སྲིད་གྲོས་ཀྱིས་སྒྲིག་སྲོལ་བཞིན་འགན་ནུས་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་(ཡུལ)མིའི་རང་སྐྱོང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་གཞི་རྩའི་རྣམ་པ་བྱས་པའི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ་དང་། གྲོང་ཁྱེར་མངའ་ཁོངས་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་རྒྱུའི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱ་ཁྱབ་ངང་གོང་འཕེལ་གཏོང་དགོས་པ་སྟེ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་བརྗོད་དོན་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ནས་ཏང་ཕྱིའི་ཤེས་ཡོན་ཅན་དང་། “གསར་གཉིས”རྩ་འཛུགས་དང་སྨྱན་སྦྱོར་གསར་པའི་ལས་བྱ། ཕྱི་འགྲིམ་སློབ་མ། སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་དགོས། ཏང་ཕྱིའི་ཚབ་མཚོན་མི་སྣ་གསོ་སྐྱོང་དང་འདེམས་སྤྱོད་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་དུས་ཡུན་རིང་པོའི་ནང་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་གཅིག་སེམས་གཅིག་གཏད་དང་བློ་གཅིག་སེམས་གཅིག་བྱེད་མཁན་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་དེའི་མི་རབས་རྗེས་མ་དང་། དེ་བཞིན་བོད་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར་སོགས་ལོ་རྒྱུས་ཐོག་གི་དོན་ཆེན་ཁྲོད་ང་ཚོར་སྒེར་སེམས་མེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེ་བྱེད་མཁན་དང་། ཐ་ན་ཚེ་སྲོག་ཀྱང་བློས་གཏོང་བྱེད་མཁན་གྱི་མང་ཚོགས་དང་དེའི་མི་རབས་རྗེས་མ་བཅས་ལ་གང་ཐུབ་ཅི་ཐུབ་ཀྱིས་བཀོད་སྒྲིག་འོས་ཤིང་འཚམ་པ་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྱོང་བྱེད་རྒྱུར་མུ་མཐུད་སྐུལ་སྤེལ་གཏོང་དགོས་པ་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་གཞུང་བཅས་བསྒྱུར་འཕེལ་བརྟན་གསུམ་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་ཐུབ་པ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་མ་ལག་ཆ་ཚང་བ་དང་། ཕྱོད་ཆེའི་ཁྲིམས་སྐྱོང་ལག་བསྟར་མ་ལག དམ་ནན་གྱི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག ཆ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་བཅས་རིམ་བཞིན་ཆགས་པ་བྱས་ཐོག ཚན་རིག་དང་མཐུན་པའི་ཁྲིམས་བཟོ་བ་དང་། ཁྲིམས་འཛིན་ནན་པོ་བྱེད་པ། ཁྲིམས་འཛིན་དྲང་གཞག་བྱེད་པ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་བྱེད་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས་པ་སྟེ། རྒྱལ་སྲུང་སྐུལ་སློང་མ་ལག་ཚགས་ཚུད་དུ་གཏོང་རྒྱུ་དང་། རྒྱལ་སྲུང་གི་རྗེས་གྲབས་སྟོབས་ཤུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཉིས་བཀུར་མཉམ་གཏོད་ལས་དོན་ཡག་པོ་སྤེལ་དགོས་པ་དང་། དམག་དམངས་མཉམ་འདྲེས་ཐོག་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས།
བཞི། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“གོང་འཕེལ་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན”ཞེས་བཏོན་གནང་ཡོད། གོང་འཕེལ་གྱི་བསམ་གཞི་གསར་པའི་ཐོག་ནས་གོང་འཕེལ་གྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་རྒྱུས་གཙོ་ཐིག་བྱས་ཐོག མཁོ་སྤྲོད་ཕྱོགས་དང་མཁོ་དགོས་ཕྱོགས་གཉིས་ཀ་ནས་གནད་ལ་འཕིགས་པའི་ཤུགས་བརྒྱབ་སྟེ་སྐབས་བསྟུན་སྙོམས་སྒྲིག་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཞན་ཆ་གསབ་རྒྱུར་ཤུགས་རྒྱག་པ་དང་། སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་སེལ་རྒྱུར་ཤུགས་རྒྱག་པ། ཐོན་ལས་ཀྱི་གྲུབ་ཆའི་ཁྱབ་བཀོད་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་པ། ནང་ངོས་གོང་འཕེལ་གཏོང་ནུས་སྐྱེད་སྲིང་བྱེད་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་སྤེལ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུ་མཉམ་དུ་གང་ལེགས་སྤྱོད་ཐུབ་པ་བྱེད་དགོས།
(གཅིག)དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་པར་བརྟེན་ནས་གོང་འཕེལ་ལ་སྣེ་ཁྲིད་བྱེད་དགོས་པ་སྟེ། གཙོ་རྒྱུ་འཁོར་སྐྱོད་དང་བགོ་སྒྲིག་བྱེད་ལམ་ལེགས་སུ་བཏང་ནས་ནུས་ལྡན་གྱིས་མཁོ་དགོས་རྒྱ་ཆེར་གཏོང་རྒྱུ་དང་། ནུས་ལྡན་གྱིས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཁར། མཁོ་སྤྲོད་ཀྱི་གྲུབ་ཆར་བརྟེན་ནས་མཁོ་དགོས་ཀྱི་འགྱུར་བའི་འཚམ་མཐུན་རང་བཞིན་དང་། སྟབས་བསྟུན་རང་བཞིན་ཤུགས་ཆེར་གཏོང་རྒྱུ་དང་། ཁྱོན་ཡོངས་རང་བཞིན་དང་། རྨང་གཞིའི་རང་བཞིན། རྩ་བའི་རང་བཞིན་བཅས་ཐད་ཀྱི་མངོན་ཆེའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚད་དང་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ཀྲུང་དབྱང་ནས་གཏན་འཁེལ་བྱས་པའི་ནོར་སྲིད་དང་། ཁྲལ་འབབ། དངུལ་རྩ། མ་འཇོག་སོགས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཆད་ལུས་མེད་པར་བེད་སྤྱོད་ཡག་པོ་བྱེད་རྒྱུ་དང་། དཔལ་འབྱོར་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། སྨན་བཅོས་བོད་སྐྱོར། ལས་ཞུགས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ལས་བྱེད་པའི་ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་དམངས་ལ་བདེ་སྐྱིད་སྐྲུན་དགོས། ཀྲུང་དབྱང་དང་ས་གནས་དབར་གྱི་ནོར་སྲིད་དོན་དབང་དང་གཏོང་སྤྲོད་འགན་འཁྲི་དབྱེ་འབྱེད་དང་། གཙོ་ནུས་སྙོམས་ཁུལ། འབྱུང་ཁམས་སྲུང་སྐྱོབ། སྤྱི་པའི་ཞབས་ཞུ་དྲང་སྙོམས་ཅན། མཐའ་བརྟན་དམངས་བདེ་སོགས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་དང་། རང་འགུལ་ངང་ཀྲུང་དབྱང་པུའུ་ཨུད་ཁག་ལ་སྙན་སེང་ཞུ་རྒྱུ་དང་། མཐུན་སྦྱོར་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོང་འཕེལ་གཏོང་རྒྱུར་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་སྟེ། སྲིད་གཞུང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱིས་གཙོ་རྐང་བྱེད་པ་དང་། ཁྲོམ་རས་ཕྱོགས་སྟོན་བྱེད་པ། སྲིད་ཐོན་སློབ་ཞིབ་བཅས་བཞི་ཟུང་འབྲེལ་བྱེད་པའི་ཚན་རྩལ་གསར་གཏོད་མ་ལག་གང་མགྱོགས་འཛུགས་རྒྱུ་དང་། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཁུལ་ཁོངས་སུ་ཐོག་མའི་གསར་གཏོད་དང་། འདུས་གྲུབ་གསར་གཏོད། མཐུན་སྦྱོར་གསར་གཏོད་བཅས་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། སྔོན་ཐོན་གོ་ཆོད་ཀྱི་ལག་རྩལ་ནང་འདྲེན་དང་། ཁོང་དུ་ཆུད་པ་བསྡུ་ལེན་བཅས་བྱེད་རྒྱུར་མཐོང་ཆེན་བྱས་ནས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་ཆེ་རིགས་ཁག་གཅིག་ལག་བསྟར་བྱེད་རྒྱུ་དང་། ཚན་རྩལ་གྱི་འབྲས་བུ་དངོས་སྒྱུར་དང་སྤྱོད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་གཏོང་བར་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མ་དངུལ་བསྡུ་གཏོང་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་ཁྲིད་བྱེད་དགོས་པ་སྟེ། མ་རྩ་འཇོག་རྒྱུ་དེ་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ཐབས་ཇུས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མ་དངུལ་བསྡུ་གཏོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དང་། ཐོན་ལས་གོང་འཕེལ་གཏོང་རྒྱུ། དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུ་བཅས་ཀྱི་ཐད་མ་དངུལ་འདང་ངེས་བཞིན་གཏོང་རྒྱུར་འགན་སྲུང་བྱེད་དགོས། སྲིད་གཞུང་གི་གོ་ཆོད་མ་འཇོག་མང་དུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བའི་དམ་འཛིན་བྱེད་ས་ཨང་དང་པོར་བརྩིས་ནས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཏན་ཏིག་བསྒྲུབ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ནས་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཆེད་སྤྱོད་མ་འཇོག་གི་གཞི་རྒྱ་ཆེ་རུ་གཏོང་རྒྱུར་བརྩོན་ལེན་ཧུར་ཐག་བྱེད་དགོས། སྤྱི་ཚོགས་ནས་མ་རྩ་འཇོག་རྒྱུ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྲིད་གཞུང་ནས་མ་རྩ་འཇོག་པའི་ཁྲིད་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྲོམ་རར་འཛུལ་ཞུགས་བྱེད་རྒྱུ་ལྷུག་ཏུ་གཏོང་བ། སྤྱི་ཚོགས་ཀྱི་མ་རྩས་གཙོ་གནད་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། PPPཡི་བྱེད་ཐབས་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེ་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་སྤྱོད་རྒྱུར་འདེགས་སྐྱོར་བཅས་བྱེད་དགོས། མ་དངུལ་བསྡུ་ཐབས་གསར་གཏོད་བྱས་ཏེ་མ་དངུལ་བསྡུ་ལམ་རྒྱ་སྐྱེད་གཏོང་བ་དང་། ཉེན་ཁར་འགོག་ཟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཁོངས་རང་བཞིན་དང་། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པ་བྱེད་དགོས། འཛད་སྤྱོད་ལ་བརྟེན་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། འཛད་སྤྱོད་ཀྱི་དར་ཁྱབ་ཆེ་ས་ཁྱབ་གདལ་གཏོང་བ། ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཡུལ་མིའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གང་ཐུབ་གཏོང་བ། ཆ་འཕྲིན་དང་། འབྱུང་འཕྲོད། སྤྲོ་གསེང་སོགས་ཀྱི་འཛད་སྤྱོད་གསར་རིགས་ལ་རྒྱབ་སྐྱོར་བྱེད་པ། སྡོད་ཁང་དང་རླངས་འཁོར། དེ་བཞིན་བདེ་ཐང་གི་རྒན་གསོ་སོགས་འཛད་སྤྱོད་ཆེ་རིགས་བརྟན་པོའི་ངང་སྐུལ་འདེད་གཏོང་བ། དྲ་ཐོག་དང་དྲ་ཐོག་མིན་པ་མཉམ་འདྲེས་བྱེད་པ་སོགས་འཛད་སྤྱོད་བྱེད་སྟངས་གསར་པ་གོང་འཕེལ་ཤུགས་ཆེ་གཏོང་བ་བཅས་ལ་བརྟེན་ནས་འཛད་སྤྱོད་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས།
(གཉིས)རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་ནི་སྔར་བཞིན་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་བཟོ་བའི་བཅུར་འགག་གཙོ་བོ་ཡིན་ཞིང་། ལྷག་པར་དུ་ཞིང་འབྲོག་ཁུལ་དུ་མངོན་གསལ་དོད་པོ་ཡོད། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”སྤྱིའི་འཆར་འགོད་གཞིར་བཟུང་། གལ་ཆེའི་རྣམ་གྲངས་ཁག་གི་ལས་འགོ་གང་མགྱོགས་འཛུགས་རྒྱུ་དང་། སྔོན་ཚུད་ནས་འཆར་གཞི་བཏིང་སྟེ་ཨར་སྐྲུན་རྒྱུ་ཆར་འགན་སྲུང་ཤུགས་ཆེ་བྱས་ཐོག ལས་གྲྭ་བདེ་བླག་ངང་སྐྲུན་ཐུབ་པ་བྱེད་དགོས། ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷ་ས་ནས་ཉིང་ཁྲི་བར་དང་། གཞིས་རྩེ་ནས་གཞིས་རྩེ་གནམ་ཐང་བར། ལྷ་ས་ནས་ནག་ཆུ་བར། རྩེད་ཐང་ནས་གོང་དཀར་བར། ཆབ་མདོ་ནས་སྤང་མདའ་བར། ཆབ་མདོ་ནས་སྡེ་དགེ་བར་སོགས་ཀྱི་རིམ་མཐོའི་གཞུང་ལམ་བཟོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ལྷ་ས་ལྟེ་བར་བྱེད་པའི་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་སུ་ཆུ་ཚོད་3ནང་སླེབས་ཐུབ་པའི་འགྲིམ་འགྲུལ་སྐོར་ལམ་བསྐྲུན་རྒྱུར་ཤུགས་གང་ཡོད་རྒྱག་རྒྱུ། རྫོང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ། ཆ་རྐྱེན་འཛོམས་པའི་ཤང་དང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ་བཅས་སུ་མཁྲེགས་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ། ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་དང་དགོན་སྡེ་ཁག་ལ་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱེད་དགོས། ལྕགས་ལམ་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་དུམ་བུ་དང་ཉིང་ཁྲི་ནས་དར་རྩེ་མདོའི་བར་གྱི་དུམ་བུ་བསྐྲུན་རྒྱུ། འགག་སྒོའི་ལྕགས་ལམ་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཡུན་བོད་ལྕགས་ལམ་དང་། ཡུལ་ཤུལ་ནས་ཆབ་མདོ་བར་གྱི་ལྕགས་ལམ་སོགས་ཀྱི་སྔོན་གྲབས་ལས་དོན་སྤེལ་དགོས། མཁའ་འགྲུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མཁའ་ལམ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གོང་དཀར་དང་། སྤང་མདའ། སྨན་གླིང་བཅས་ཀྱི་གནམ་ཐང་སྒྱུར་བཀོད་རྒྱ་སྐྱེད་ལས་གྲྭར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། མངའ་རིས་དང་གཞིས་རྩེའི་གནམ་ཐང་གི་ཞབས་ཞུའི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྷ་སའི་གནམ་ཐང་གསར་པ་དང་། སྤུ་ཧྲེང་དང་ལྷུན་རྩེ་སོགས་ཀྱི་ཡན་ལག་གནམ་ཐང་གི་སྔོན་གྲབས་ལས་དོན་གང་མགྱོགས་སྤེལ་ནས་ལས་འགོ་སྔ་ཙམ་འཛུགས་ཐུབ་པ་བྱས་ཐོག ཀུན་འཐུས་མཁའ་འགྲུལ་དང་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། ཕྱོགས་བསྡུས་ནུས་རྒྱུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། ཆུ་ཤུགས་གློག་ཁང་དང་གཙོ་རྐང་གློག་ཁུངས་ས་ཚིཌ་འཛུཌ་སྐྲུན་གང་མགྱོཌ་བྱེད་རྒྱུ་དང་། ཉི་ནུས་དང་། ས་འོག་ཚ་ནུས། རླུང་ནུས་བཅས་གསར་སྤེལ་དང་བེད་སྤྱོད་ཤུཌ་ཆེ་བྱས་ཏེ་ལྗོངས་ནང་ཁོངས་ཀྱི་གཅིག་གྱུར་གློག་དྲ་གང་མགྱོཌ་བསྐྲུན་ཐུབ་པ་བྱེད་རྒྱུ། བོད་ལྗོངས་ལ་ཁྱབ་ཅིང་ལྷོ་ནུབ་དང་ནུབ་བྱང་གི་གློག་དྲ་དང་སྦྲེལ་བའི་དམིགས་བསལ་མཐོ་གནོན་གློག་དྲ་བསྐྲུན་རྒྱུ། བོད་ལྗོངས་དང་ནེ་པ་ལ་སོགས་མཐའ་འཁོར་རྒྱལ་ཁབ་ཀྱི་གློག་ཤུགས་སྦྲེལ་མཐུད་བྱེད་པའི་ལས་གྲྭར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། གོར་མོ་ནས་ལྷ་སའི་བར་གྱི་རླངས་འདྲེན་སྦུག་ལམ་བསྐྲུན་རྒྱུའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་དང་། གོར་མོ་ནས་ལྷ་སའི་བར་གྱི་སྣུམ་འདྲེན་སྦུག་ལམ་བསྒྱུར་བཀོད་དང་རྒྱ་སྐྱེད་གཏོང་རྒྱུ། ཆུ་བེད་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་སྔོན་དུ་བྱེད་པ་དང་འཆར་འགོད་སྔོན་དུ་བཟོ་བའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆུའི་འབྱུང་ཁམས་སྲུང་སྐྱོབ་བྱེད་ལམ་ཧུར་ཐག་འཛུགས་རྒྱུ་དང་། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་དགོས། ཆུའི་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཆུ་ལོག་སྔོན་འགོག་དང་། ཞིང་ཆུ་འདྲེན་གཏོང་། བཅོས་སྐྱོང་། ཆུ་རྩ། འཐུང་ཆུ་སོགས་ཀྱི་གཙོ་གནད་ལས་གྲྭ་བསྐྲུན་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས། འཕྲིན་གཏོང་དྲ་རྒྱའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་གློག་རྡུལ་སྲིད་དོན་ལས་གཞི་དང་འོད་དྲའི་དྲ་ཆེན་ཤང་དང་གྲོང་རྡལ་དུ་འཁྲིད་པའི་ལས་གཞིར་སྐུལ་སྤེལ་གཏོང་བ་དང་། རིག་ལྡན་གྲོང་ཁྱེར་གྲོང་རྡལ་དང་། རིག་ལྡན་ཡུལ་སྐོར། རིག་ལྡན་ཁྱིམ་ཚང་བཅས་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་བ། ཤང་དང་གྲོང་རྡལ་གྱི་སྦྲག་སྲིད་ཞབས་ཞུའི་དྲ་ཚིགས་བསྐྲུན་ཐུབ་པ་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་ཚང་མར་སྒུལ་འཕྲིན་དྲ་རྒྱ་ཡོངས་སུ་ཁྱབ་ཐུབ་པ་བཅས་བྱེད་དགོས།
(གསུམ)ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་རིམ་སྤོར་གང་མགྱོགས་བྱེད་དགོས། རང་སྟོབས་འཕེལ་ནུས་ཆེ་རུ་གཏོང་རྒྱུ་དང་། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ། མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་བཅས་ལ་དམིགས་ནས། ཁྲོམ་རས་གཙོ་ཁྲིད་དང་སྲིད་གཞུང་གིས་སྣེ་ཁྲིད། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད། ལུགས་མཐུན་ཁྱབ་བཀོད་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག རྫོང་རེར་ཁྱད་ལྡན་ཐོན་རྫས་རེ་ཡོད་པ་དང་ཚང་མར་གཙོ་ཕལ་ཡོད་དགོས་ཤིང་། མང་ཚོགས་ཀྱིས་རྒྱུས་མངའ་ཡོད་པ་དང་། ཐག་ཉེ་ལ་སྟབས་བདེ་བ། བསྒྲུབ་ཐུབ་ལ་སྒྲུབ་ཤེས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཐོན་ལས་འཛུགས་སྐྲུན་གང་མགྱོགས་བྱས་ནས་མང་ཚོགས་ཚོས་རང་ཁྱིམ་དང་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་གོང་འཕེལ་གཏོང་བའི་ནང་ཞུགས་ཐུབ་པ་བྱས་ཏེ་ཐོན་ལས་ལ་བརྟེན་ནས་ཡུལ་དེའི་གོང་འཕེལ་ལ་སྐུལ་ཁྲིད་དང་ཡུལ་དེའི་མང་ཚོགས་ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གང་མགྱོགས་བྱེད་དགོས་པ་སྟེ། ཁྲོམ་རས་གཙོ་ཁྲིད་བྱེད་རྒྱུ་དང་ཁྲོམ་རའི་ཆོས་ཉིད་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པ་བྱེད་རྒྱུ་དང་། སྲིད་གཞུང་ནས་འཆར་འགོད་ཁྲིད་སྟོན་དང་སྲིད་ཇུས་ཀྱི་ཕྱོགས་སྟོན་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ལེགས་སྒྱུར་བྱེད་རྒྱུ། འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོབ་དང་། ཁྱད་ཆོས་འབུར་དུ་ཐོན་པ། ལེགས་ཆ་མངོན་གསལ་དོད་པ། རྒྱུན་མཐུད་གོང་འཕེལ་གཏོང་ཐུབ་པ་བཅས་ཀྱི་དེང་རབས་ཐོན་ལས་ཀྱི་མ་ལག་གང་མགྱོགས་འཛུགས་དགོས། ཐོན་ལས་ཀྱི་བར་སྟོང་ཁྱབ་བཀོད་ལེགས་སུ་གཏོང་དགོས་པ་སྟེ། གླིང་ཁུལ་དང་གསར་སྤེལ་ཁུལ་གྱིས་གཞི་རྟེན་བྱེད་པ་དང་། གཙོ་རྐང་ཁེ་ལས་ཀྱིས་རྟེན་གཞི་བྱེད་པ། གཙོ་གནད་རྣམ་གྲངས་ཀྱིས་འདེགས་སྐྱོར་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས། ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱིས་གཙོ་བོར་བྱེད་པ་དང་། རིགས་ཁག་གི་གསར་སྤེལ་ཁུལ་དང་ཐོན་ལས་སྡེ་གླིང་དེ་གཙང་འགྲམ་དང་། ཆུ་འགྲམ། ལམ་རྒྱུད། གྲོང་འདབས་བཅས་ཀྱི་ཐོན་ལས་དར་ཁུལ་དང་ཕན་ཚུན་ཟུང་འབྲེལ་བྱེད་པའི་གནས་རྒྱུད་གླིང་གསུམ་སྤེལ་མའི་ཐོན་ལས་གོང་འཕེལ་གྱི་རྣམ་པ་ཞིག་གང་མགྱོགས་ཆགས་ཐུབ་པ་བྱེད་དགོས། སྣེ་འདྲེན་ཐོན་ལས་ཁག་གཅིག་གོང་འཕེལ་དང་སྟོབས་ཆེར་བཏང་སྟེ་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་དགོས། གཙོ་རྟེན་ཐོན་ལས་གཙོ་གནད་དུ་གཏོད་དགོས་པ་སྟེ། ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ་བོད་གློག་ཕྱིར་འཁྲིད་ལ་སྐུལ་སྤེལ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང་། “ནུབ་གློག་ཤར་འཁྲིད”ཀྱི་མཇུག་མཐུད་རྟེན་གཞི། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཁུལ་བཅས་གཏོད་རྒྱུ། ཐོན་ནུས་དང་ཕན་འབྲས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཕྱི་ཕྱོགས་སུ་གློག་ཤུགས་འཛད་སྤྱོད་ཀྱི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ་དང་ནང་ཁོངས་སུ་མང་ཚོགས་ཀྱི་གློག་སྤྱོད་དགོས་མཁོ་བསྐོང་ཐུབ་པ་བྱས་ནས་གློག་ཤུགས་ཕྱིར་འཚོང་མི་ཐུབ་པ་དང་མང་ཚོགས་ཀྱིས་བེད་སྤྱོད་གཏོང་མི་ཐུབ་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཡུལ་སྐོར་རིག་གནས་ཀྱི་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་ཁུལ་ཁོངས་ཡོངས་ཀྱི་རྩ་ཆེའི་ཡུལ་སྐོར་འགྲོ་ལམ་དང་འགོག་མེད་ཡུལ་སྐོར་ཁུལ་གཏོད་རྒྱུ་དང་། ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། རིག་གནས་ཐོན་ལས་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་གཙོ་རྐང་རིག་གནས་ཀྱི་ཁེ་ལས་ཚོགས་པ་སྐྱེད་སྲིང་དང་གསར་གཏོད་བྱེད་རྒྱུ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་གསར་འཛུགས་བྱེད་དགོས། རང་བྱུང་འཐུང་ཆུའི་ཐོན་ལས་སྟོབས་ཆེར་བཏང་ཐོག ནུས་ཤུགས་ཡོད་རྒུས“བོད་ཀྱི་ཆུ་བཟང་”གི་མིང་བྱང་གང་ཐུབ་གཏོད་པ་དང་། དེའི་ཚོང་གཉེར་ཇུས་འགོད་དང་དྲིལ་བསྒྲགས་འོས་སྦྱོར་ཡག་པོ་བྱས་ནས་ཁྲོམ་རའི་ཐོག་འདོན་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་རང་བྱུང་འཐུང་ཆུ་གཙོ་གནད་མཁོ་འདོན་བྱེད་གནས་འཛུགས་པར་ཤུགས་རྒྱག་དགོས། གཞི་ཁྱོན་ཅན་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་དགོས་པ་སྟེ། གངས་ལྗོངས་ས་མཐོའི་ཁྱད་ལྡན་བཏུང་བྱའི་ལས་རིགས་དང་། ཁྱད་ལྡན་བཟའ་བཅའི་ལས་རིགས། ཁྱད་ལྡན་སྨན་རྫས་ལས་རིགས། ཁྱད་ལྡན་རྒྱན་ཆའི་ལས་རིགས་བཅས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་དར་ཁུལ་བསྐྲུན་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས། ཐོན་རྫས་དེ་དག་གི་སྣ་རིགས་མང་དུ་གཏོང་རྒྱུ་དང་། གཞི་ཁྱོན་ཆགས་པ་བྱེད་པ། སྤུས་རིམ་ཡག་ཏུ་གཏོང་བ། གྲགས་རྟགས་གཏོད་པ་བཅས་བྱེད་དགོས། འབྲུ་རིགས་དང་ལྷག་པར་དུ་ནས་འབྲུའི་ཐོན་སྐྱེད་ལ་མཐོང་ཆེན་བྱས་ཏེ་མུའུ་རེ་ནས་འབྲུའི་ཐོན་འབོར་རིམ་གྱིས་མང་དུ་འགྲོ་བ་བྱེད་དགོས། འདེབས་རྩྭ་ཁྱབ་གདལ་ཤུགས་ཆེ་བཏང་ནས་གཟན་ཆག་མཁོ་སྤྲོད་ལ་འགན་སྲུང་བྱས་ཏེ་ཤ་དང་འོ་མའི་ཐོན་འབོར་མང་དུ་གཏོང་དགོས། བོད་ཀྱི་གསོ་རིག་སྨན་རྫས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཤུགས་བརྒྱབ་ཏེ་ལྗོངས་ཕྱི་ནང་གི་ཁྲོམ་རའི་ཐོག་འདོན་རྒྱ་ཆེ་རུ་གཏོང་རྒྱུ། བོད་རུམ་དང་། ཐང་ག བོད་སྤོས་སོགས་མི་རིགས་ལག་ཤེས་ཐོན་རྫས་གོང་འཕེལ་ཧུར་ཐག་གཏོང་དགོས། དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་གང་མགྱོགས་གཏོང་དགོས་པ་སྟེ། དངུལ་རྩའི་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས་དངུལ་རྩའི་རྩ་འཛུགས་མ་ལག་དང་ཁྲོམ་རའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དངུལ་རྩའི་འདེགས་སྐྱོར་ནུས་པ་ཤུགས་ཆེར་བཏང་ཐོག ལྷ་ས་དེ་ཉིད་ལྷོ་ཨེ་ཤེ་ཡ་ལྷོ་མར་ཁྱབ་འགྱེད་ཐུབ་པ་དང་ལྗོངས་ཡོངས་ལ་ཞབས་ཞུ་བྱེད་པའི་དེང་རབས་ཀྱི་དངུལ་རྩའི་ལྟེ་གནས་ཤིག་ཏུ་གཏོད་རྒྱུར་ཤུགས་རྒྱག་དགོས། ཚོང་དོན་ཟོག་འདྲེན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ལས་དྲ་ཚིགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཚོང་དོན་གྱི་ཁྲོམ་རའི་དྲ་རྒྱའི་མ་ལག་དང་རིམ་པ་གསུམ་གྱི་ཚོང་ཟོག་བགོ་འགྲེམས་མ་ལག་འཛུགས་རྒྱུར་ཤུགས་རྒྱག་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དང་། གློག་རྡུལ་ཚོང་དོན། རིག་གནས་བློ་གསལ། སྤྱི་ཡོངས་དཔལ་འབྱོར། འགྲེམས་ཚོཌ་དཔལ་འབྱོར། སྨན་བཅོས་བདེ་ཐང་། ས་མཐོར་མྱོང་རོལ། ཚོང་དོན་ཞབས་ཞུ། ལས་གྲྭ་འདྲི་རྩད། ཚན་རྩལ་ཞབས་ཞུ་སོཌ་དེང་རབས་ཞབས་ཞུའི་ལས་རིཌ་གོང་འཕེལ་ཇེ་མགྱོཌ་སུ་བཏང་ནས་ཞབས་ཞུའི་ལས་རིཌ་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་རིམ་སྤོར་བྱེད་དགོས་པ་སྟེ། ལྗོངས་ནང་ཁུལ་གྱི་གཞི་རྩའི་འཛུཌ་སྐྲུན་གྱི་དགོས་མཁོ་བསྐོང་ཐུབ་པ་བྱེད་རྒྱུ་དམིཌ་ཡུལ་དུ་བྱས་ཏེ་ཚན་རིག་ལུགས་མཐུན་གྱི་ཐོན་ནུས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཨར་སྐྲུན་རྒྱུ་ཆའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་དགོས། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་སྟེ། སྤྱི་འདོམས་འཆར་འགོད་དང་མ་དངུལ་བསྡུ་སྒྲིལ་བྱས་ནས་མ་ལག་ཕྱོགས་བསྡུས་དང་ལག་རྩལ་གྱི་ཚད་གཞིར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་གཅིག་གྱུར་གྱི་ཕན་ཚུན་སྦྲེལ་མཐུད་དང་། མཉམ་སྤྱོད་མཉམ་རོལ། སྤྱོད་གོ་ཆེན་པོ། བདེ་འཇགས་དོ་དམ་བཅས་ཀྱི་ཆ་འཕྲིན་ཅན་གྱི་མ་ལག་དང་གྲངས་གཞི་ཆེན་མོའི་ལས་སྟེགས་སྐྲུན་དགོས། བཟོ་ལས་ཅན་དང་ཆ་འཕྲིན་ཅན་ཟུང་འབྲེལ་དམ་ཟབ་བྱས་ཏེ“དྲ་སྦྲེལ+”ཀྱི་ལས་འགུལ་སྤེལ་རྒྱུར་ཤུགས་རྒྱག་རྒྱུ་དང་། མཉམ་སྦྲེལ་དྲ་རྒྱ་དང་ཐོན་ལས་མཉམ་འདྲེས་ཐོག་གོང་འཕེལ་བཏང་སྟེ་ཐོན་ལས་ཀྱི་ལས་རྣམ་གསར་པ་གཏོད་རྒྱུ་དང་། གྲངས་གཞི་ཆེ་མོ་དང་། སྤྲིན་རྩིས། ཟོག་སྦྲེལ་དྲ་རྒྱ་བཅས་ཀྱིས་མཚོན་པའི་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དང་། དངུལ་རྩའི་ཚན་རྩལ། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ལག་རྩལ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་མཐོ་གསར་ལག་རྩལ་གྱི་ཐོན་ལས་ཁྱབ་བཀོད་དང་གོང་སྤེལ་ཧུར་ཐག་བཏང་སྟེ་ཐོན་ལས་ཀྱི་འཕར་གཞི་གསར་པ་གཏོད་རྒྱུ་དང་འགུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས།
(བཞི)གྲོང་ཁྱེར་གྲོང་གསེབ་དང་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་དགོས། རང་ལྗོངས་ཀྱི་ས་ཁོངས་ཀྱི་ཧེ་བག་ཧ་ཅང་ཆེ་བ་དང་ས་གནས་ཁག་གི་ཐོན་ཁུངས་ཀྱི་རང་སྤུས་ཀྱང་ཧ་ཅང་འདྲ་པོ་མེད་པས། ས་གནས་ཁག་གིས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ཧེ་བག་ཅན་གྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་ཏེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་སྐུལ་སྤེལ་གཏོང་དགོས་པ་སྟེ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་སྤྱིའི་ཁྱབ་བཀོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་རྒྱུ་བརྟན་པོའི་ངང་སྐུལ་སྤེལ་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱིས་གོང་འཕེལ་གཏོང་བར་སྐུལ་ཁྲིད་དང་། ལྟེ་བའི་གྲོང་ཁྱེར་གྲོང་རྡལ་ཁག་དྲུག་སྔོན་དུ་གོང་འཕེལ་གཏོང་བ། གཙོ་གནད་རྫོང་གྲོང་དང་ཁྱད་ལྡན་གྲོང་ཁྱེར་གྲོང་རྡལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ། ལེ་ལག་ཚང་སྒྲིག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་འབོར་འདུས་ཚད་རྒྱ་ཆེར་གཏོང་རྒྱུ་དང་ཕྱོགས་བསྡུས་ཀྱི་ཐེག་ནུས་ཆེ་རུ་གཏོང་དགོས། གནས་སྤོས་དབུལ་སྐྱོར་བྱེད་རྒྱུ་དང་དུས་གཅིག་ཏུ་གནས་སྤོ་བྱེད་རྒྱུ་དེ་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་རྒྱུ་དང་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་ཁད་མཐོ་བ་དང་། “ཡུལ་དེ་གའི་ས་ཆུས་ཡུལ་དེའི་མང་ཚོགས་འཚོ་སྐྱོང་བྱེད་མི་ཐུབ་པའི”དབུལ་ཕོངས་མང་ཚོགས་རྣམས་གྲོང་ཁྱེར་གྲོང་རྡལ་དང་འགྲིམ་འགྲུལ་ལམ་རྒྱུད་དུ་རུབ་འདུས་ཐུབ་པ་བྱེད་དགོས། ཐོན་སྐྱེད་ཀྱི་གཙོ་རྒྱུ་གཅིག་བསྡུས་འོས་འཚམ་བྱེད་པའི་འཐབ་ཇུས་ལག་བསྟར་གང་ཐུབ་བྱས་ཏེ་ཐོན་ཁུངས་བགོ་སྒྲིག་གང་ལེགས་བྱེད་རྒྱུ་དང་། ཐོན་སྐྱེད་བྱེད་ཐབས་གསར་གཏོད་བྱས་ནས་གྲོང་འདབས་དང་། ལམ་རྒྱུད། གླིང་རྒྱུད། ལྗོངས་ཁུལ་བཅས་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་གང་ཐུབ་བསྐྲུན་དགོས། མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་འབྲོག་ཁུལ་ལ་འཕར་གཟིགས་བྱེད་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་གང་མགྱོགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས་པ་སྟེ། བོད་ཀྱི་དབུས་ལྷོའི་རྒྱུད་དང་། ཤར་རྒྱུད། བྱང་རྒྱུད། ནུབ་རྒྱུད་བཅས་ཀྱི་དཔལ་འབྱོར་ཁུལ་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་ཀྱི་ལྟེ་བའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་དགོས། མཐའ་དར་དམངས་ཕྱུག་བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་དཔུང་གཞིས་སྡོད་དང་མང་ཚོགས་བདེ་འཁོད་མཉམ་སྤེལ་དང་། མཐའ་མཚམས་བརྟན་སྲུང་དང་མཐའ་མཚམས་དར་སྤེལ་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོ་ཧུར་ཐག་བསྐྲུན་ཐོག སྒྲིག་བཀོད་ཆ་ཚང་བ་དང་། ཐོན་ལས་དར་རྒྱས། འབྱུང་ཁམས་ལེགས་པ། ཁོར་ཡུག་མཛེས་པ། ཡིད་དབང་འགུགས་པ་བཅས་ཀྱི་འཚོ་སྡོད་དང་། ལས་གཉེར། ཡུལ་སྐོར་བཅས་དང་འཚམ་པའི་མཐའ་མཚམས་ཀྱི་ཤང་དང་གྲོང་ཚོ་ཁག་གཅིག་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས།
(ལྔ)བསྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ་སྟེ། གལ་ཆེའི་ཁྱབ་ཁོངས་དང་། གལ་ཆེའི་ལས་འགན། གལ་ཆེའི་ཚོད་ལྟ་བཅས་ལ་དམ་འཛིན་བྱེད་དགོས་པ་མ་ཟད། འགག་རྩའི་གཙོ་རྐང་དང་། འགག་རྩའི་ལྷུ་ཚིགས། འགག་རྩའི་སྦྲེལ་ཚིགས་བཅས་ལའང་དམ་འཛིན་བྱེད་དགོས། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་བསྒྱུར་བཅོས་དང་། ལྷག་པར་དུ་གལ་ཆེའི་ལམ་ལུགས་གསར་གཏོད་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་བསྒྱུར་བཅོས་བྱེད་རྒྱུ་དེ་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་གཅིག་གྱུར་ཐོག་བྱ་སྤྱོད་སྤེལ་བ་དང་སྐུལ་སྤེལ་བརྟན་པོ་གཏོང་དགོས། དེ་ཡང་ཞིབ་ཕྲ་ནི་ཁུལ་ཁོངས་ཁག་དང་ཕྱོགས་ཁག་གི་ཐད་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་འགལ་ཟླ་དང་གནད་དོན་གང་ཞིག་མངོན་གསལ་ཆེ་བ་དང་དཀའ་གནད་གང་ཞིག་སེལ་དཀའ་ན་དེར་བསྒྱུར་བཅོས་བྱེད་རྒྱུར་དམ་འཛིན་བྱེད་དགོས། བསྒྱུར་བཅོས་བྱེད་ཐབས་ཀྱི་ངོ་བོའི་རིགས་དབྱེ་རྒྱུར་ཡིད་གཟབ་བྱས་ཏེ་རིགས་དབྱེ་ཇུས་འགོད་དང་གནད་འཕིགས་ཇུས་འགོད་བྱེད་དགོས། གནད་དོན་ཐག་གཅོད་བྱེད་པའི་བསམ་གཞི་ཁ་གསལ་བཟོ་བ་དང་། གཙོ་བོའི་འགན་འཁྲི་ཁ་གསལ་བཟོ་བ། འགག་རྩའི་ལྷུ་ཚིགས་ཁ་གསལ་བཟོ་བ། དུས་ཚོད་ཀྱི་སྦྲེལ་ཚིགས་ཁ་གསལ་བཟོ་བ་བཅས་བྱེད་དགོས། རྨང་གཞི་འདིང་རྒྱུ་དང་ཕུགས་ལ་ཕན་པའི་ལམ་ལུགས་རང་བཞིན་གྱི་བསྒྱུར་བཅོས་བྱེད་པར་དམ་འཛིན་དང་དོན་འཁྱོལ་ཡག་པོ་བྱེད་དགོས། བང་རིམ་ཉུང་ཞིང་ཕན་འབྲས་ཐོན་མགྱོགས་པའི་ཞིབ་ཕྲའི་བསྒྱུར་བཅོས་བྱེད་པར་དམ་འཛིན་ལྷོད་མེད་བྱས་ཁར། དོན་ཚན་རེ་རེ་བཞིན་རྗེས་འདེད་དང་དོན་འཁྱོལ་ཐུབ་པ་བྱེད་དགོས། སྤྱི་ཡོངས་ཀྱི་རྩ་དོན་རང་བཞིན་གྱི་བླང་བྱ་འདོན་རྒྱུ་དང་། ཁྲིད་སྟོན་རང་བཞིན་གྱི་བསྒྱུར་བཅོས་བྱེད་ཐབས་སྐུལ་སློང་བཏང་ནས་སྤྱི་ཚོགས་ངོས་ཀྱི་ཁྲིད་སྟོན་བྱེད་པར་མཐོང་ཆེན་བྱས་ཐོག ལུགས་མཐུན་བསྒྱུར་བཅོས་བྱེད་པའི་སྔོན་དཔག་བྱེད་ཚུལ་ཆགས་པ་བྱེད་དགོས། ལམ་བུ་འཚོལ་ཞིབ་ཀྱི་ངོ་བོ་ལྡན་པའི་བསྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་པར་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས། གནད་དོན་ཤེས་རྟོགས་བྱེད་པར་དོ་སྣང་བཅས་བྱས་ཏེ། འཐུས་ཚང་གཏོང་དགོས་སར་འཐུས་ཚང་དུ་གཏོང་བ་དང་། དཔེར་བླངས་ནས་ཁྱབ་གདལ་གཏོང་ཆོག་རིགས་དུས་ཐོག་ཏུ་ཁྱབ་གདལ་གཏོང་དགོས། འགལ་ཟླ་དང་གནད་དོན་མང་ལ་འགག་སྒྲོལ་དཀའ་བའི་བསྒྱུར་བཅོས་བྱ་རྒྱུ་ཁག་གཅིག་རིམ་ཁག་གཙོ་འགན་འཁུར་མཁན་བློ་མཐུན་སྐུ་ངོ་མས་སྣེ་ཁྲིད་དེ་ཁྱོན་ཡོངས་ལ་ལྟ་རྟོག་དང་། དམ་འཛིན་ནན་པོ། ནུས་ཤུཌ་མཉམ་འདོན་བཅས་བྱེད་དགོས། སྒོ་མོ་དབྱེ་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས་པ་སྟེ། ཁ་གཏད་རོགས་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་། ཀྲུང་དབྱང་ཁེ་ལས་དང་དཔལ་འབྱོར་ལག་རྩལ་ཐད་མཉམ་ལས་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་ཐོན་ལས་མཉམ་ལས་ཀྱི་དཔེ་སྟོན་གླིང་ཁུལ་བསྐྲུན་ནས་མ་རྩ་མཉམ་འཇོག་དང་མཉམ་ལས་བྱས་ཐོག ཕྱོགས་རྐྱང་པའི་རོགས་སྐྱོར་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་ཐུབ་པ་བྱེད་དགོས། ནང་སའི་ཞིང་ཆེན་དང་། ལྗོངས། གྲོང་ཁྱེར་བཅས་ཀྱི་འཐབ་ཇུས་ཀྱི་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་འགུལ་ངང་ཁྲོན་ཡུས་དཔལ་འབྱོར་དར་ཁུལ་དང་། ཧྲན་ཀན་མཚོ་ཉིང་བཞིའི་དཔལ་འབྱོར་དར་ཁུལ། ཤམ་བྷ་ལ་ཆེ་མོའི་དཔལ་འབྱོར་དར་ཁུལ་བཅས་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས། ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་དང་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་དབྱང་ཁེ་ལས་དང་ཁེ་ལས་གཞན་ས་ཁོངས་ཅན་ལ་འགྱུར་རྒྱུར་སྐུལ་མ་གཏོང་དགོས། ས་བབ་ཀྱི་བཟང་ཆ་གང་ལེགས་སྤྱད་དེ། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་ཧུར་ཐག་ཞུགས་པ་དང་། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པ། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་གྱི་དཔལ་འབྱོར་དང་ཉོ་ཚོང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་མཚམས་བརྒལ་བའི་ཉོ་ཚོང་དང་། འབོར་ཉུང་ཉོ་ཚོང་། མཐའ་མཚམས་ཡུལ་མིའི་ཁྲོམ་རའི་ཉོ་ཚོང་བཅས་གོང་འཕེལ་གང་མགྱོགས་གཏོང་བ། བྷང་ཀྲུང་ཧིན་འབར་བཅས་རྒྱལ་ཁབ་བཞིའི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་ཞུགས་པ། ཀྲུང་ནེའི་ས་མཚམས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཧི་མ་ལ་ཡའི་སྐོར་རྒྱུད་དཔལ་འབྱོར་མཉམ་ལས་ཁུལ་གཏོད་པ་བཅས་བྱས་ནས་རང་ལྗོངས་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཉོ་ཚོང་དང་ཟོག་འགྲེམས་ཀྱི་ལྟེ་གནས་ཤིག་ཏུ་བསྐྲུན་གང་ཐུབ་བྱེད་དགོས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་སྔར་བས་དོན་འཁྱོལ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཆེན་པོ་དང་གོང་འཕེལ་མྱུར་པོ་འགྲོ་བར་སྐུལ་སྤེལ་གཏོང་དགོས།
(དྲུག)གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། རང་ལྗོངས་ནི་ས་ཁད་མཐོ་ཞིང་རང་བྱུང་གི་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་མི་ལྡང་བས། ཁེ་ལས་ནང་འདྲེན་དང་གཞིས་ཆགས་པར་ཞབས་ཞུ་འགན་སྲུང་བྱེད་དཀའ་བར་བརྟེན། གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་རེད། ནུས་ཤུགས་ཡོད་རྒུས་ལས་ཕྱོད་ཆེ་བའི་ཞབས་ཞུའི་ཁོར་ཡུག་གཏོད་དགོས་པ་སྟེ། ཁྲིམས་ཀྱི་དབང་བསྐུར་མེད་ན་བྱེད་མི་རུང་བ་དང་། ཁྲིམས་བཅད་ཀྱི་འགན་འཁྲི་ཡོད་ཚད་ངེས་པར་དུ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་ཐོག སྲིད་འཛིན་དང་ཁེ་ལས་ལོགས་སུ་དབྱེ་བ་དང་། སྲིད་འཛིན་དང་གཞུང་ཁོངས་དངུལ་རྩའི་སྡེ་ཚན་ལོགས་སུ་དབྱེ་བ། སྲིད་འཛིན་དང་བྱ་གཞག་ཚན་པ་ལོགས་སུ་དབྱེ་བ། སྲིད་འཛིན་དང་སྤྱི་ཚོགས་ཚོགས་པ་ལོགས་སུ་དབྱེ་བ་བཅས་བྱེད་རྒྱུར་སྐུལ་འདེད་ཟབ་གཏོང་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། ལྷུག་གློད་དང་དམ་ནན་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་བྱེད་པའི་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ། འཆར་འགོད་དང་ཞིབ་བཤེར་མཆན་འགོད། སྤྱི་འབོར་དང་གྲུབ་ཆ། དམིགས་ཚད་དང་རྣམ་གྲངས། ལྟ་སྐུལ་དང་ལག་བསྟར་བཅས་ཀྱི་འབྲེལ་བར་ཐག་གཅོད་ཡང་དག་བྱེད་རྒྱུ། “འཁྲོལ་ལྔ་གཅིག་སྒྲིལ”གྱི་ཐོ་འགོད་ལམ་ལུགས་ཁྱབ་གདལ་བཏང་ནས་གཙོ་ཆེའི་རྣམ་གྲངས་རིགས་ལ་སྟབས་བདེ་ཡོང་བ་བྱེད་རྒྱུ། ཞབས་ཞུའི་ཁས་ལེན་ལམ་ལུགས་སོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ཀྱི་བཀག་རྒྱ་མེད་ཕྱིན་ཁྲོམ་ར་གཉེར་མཁན་ལ་གོང་འཕེལ་གཏོང་བའི་ཆ་རྐྱེན་བཟང་པོ་ཞིག་གཏོད་དགོས། ནུས་ཤུགས་ཡོད་རྒུས་འདྲ་མཉམ་ཐོག་འགྲན་རྩོད་བྱེད་པའི་ཁོར་ཡུག་གཏོད་དགོས་པ་སྟེ། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཛུགས་པ་དང་། གཞུང་དྲང་དང་། སྒོ་དབྱེ། ཁ་གསལ་བཅས་ཀྱི་ཁྲོམ་རའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལེགས་སྤེལ་ཞན་དོར་གྱི་ཁྲོམ་རའི་ཕྱིར་འཐེན་བྱེད་ལམ་ཚགས་ཚུད་དུ་བཏང་ནས་ཁྲོམ་རར་ལྟ་སྡོམ་དང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཁེ་ལས་ཀྱིས་རང་བརྟེན་གཉེར་སྐྱོང་དང་འདྲ་མཉམ་ཐོག་འགྲན་རྩོད་བྱེད་པར་སྐུལ་སྤེལ་གཏོང་དགོས། ནུས་ཤུགས་ཡོད་རྒུས་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་གཏོད་དགོས་པ་སྟེ། ཁྲིམས་སྒྱུར་དང་ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་ནན་པོ་བཟོ་བ་དང་། ཁེ་ལས་ཀྱི་འགལ་ཟླ་དང་རྩོད་གཞི་ཁྲིམས་ལྟར་འདུམ་འགྲིག་ཐག་གཅོད་བྱེད་པ། གཙོ་ཆེའི་ལས་གྲྭ་འཛུཌ་སྐྲུན་དང་ཐོན་ཁུངས་གསར་སྤེལ་བྱེད་པའི་རྣམ་གྲངས་ཁྲོད་འགོག་རྐྱེན་དང་དཀའ་ཁག་བཟོ་བ། རྒྱལ་ཁབ་ལ་སྙད་འདོཌ་འཇིགས་སྐུལ་བྱེད་པ་སོགས་ཐ་ཤལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པར་འགན་སྲུང་བྱེད་དགོས། ཞིང་པ་ལས་མིའི་གླ་ཕོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དང་། གླ་ཕོགས་འགྱངས་ཆད་བྱས་པ་ལས་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་དང་། ཚབས་ཆེའི་དོན་རྐྱེན། མི་སྒེར་གྱི་ཐལ་དྲགས་པའི་དོན་རྐྱེན་བཅས་ཐོན་ཚེ་ངེས་པར་དུ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཚོང་པ་དང་འབྲེལ་བ་ཉེ་པོ་བྱེད་པའི་མི་ཆོས་ཀྱི་ཁོར་ཡུག་གཏོད་དགོས་པ་སྟེ། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་ལ་འབྲེལ་བ་བྱེད་པའི་ལམ་ལུགས་བཙུགས་ཤིང་། ཁེ་ཕན་སྤྲོད་ལེན་དང་རྒྱུ་དབང་བརྗེ་རེས་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ“ཉེ་པོ”དང“སྤྱོད་གཙང”གི་སྲིད་གཞུང་དང་ཚོང་པའི་འབྲེལ་བ་གསར་པ་འཛུགས་དགོས།
(བདུན)དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དོན་ཆེན་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་བཏང་ཐོག ལྟ་བ་བརྗེ་སྒྱུར་དང་། བསམ་གཞི་གསར་གཏོད། སྲིད་ཇུས་ལེགས་སྤྱོད། མཁྲེགས་སར་གཏུག་ཕོད་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་དབུལ་པོའི་མི་འབོར་རྣམས་དུས་བཀག་ལྟར་དབུལ་གྲོལ་ཐུབ་པ་དང་། དབུལ་པོའི་རྫོང་གི་ཞྭ་མོ་དུས་བཀག་ལྟར་ཕུད་ཐུབ་པ། དབུལ་པོའི་གྲོང་ཚོ་དུས་བཀག་ལྟར་དབུལ་པོ་ནས་སྒྲོལ་ཐུབ་པ་བཅས་བྱེད་དགོས། དབུལ་སྒྲོལ་བྱེད་ཐབས་ཤུགས་ཆེར་གཏོང་དགོས་པ་སྟེ། རོགས་སྐྱོར་བྱ་ཡུལ་གནད་ལ་འཕིགས་པ་དང་། རྣམ་གྲངས་བཀོད་སྒྲིག་གནད་ལ་འཕིགས་པ། མ་དངུལ་བེད་སྤྱོད་གནད་ལ་འཕིགས་པ། བྱ་ཐབས་དུད་ཚང་ལ་སྤེལ་རྒྱུ་གནད་ལ་འཕིགས་པ། གྲོང་ཚོར་མི་སྣ་མངག་གཏོང་བྱེད་རྒྱུ་གནད་ལ་འཕིགས་པ། དབུལ་སྒྲོལ་གྲུབ་འབྲས་གནད་ལ་འཕིགས་པ་བཅས་ཡོང་བ་བྱེད་རྒྱུ་མཐའ་འཁྱོངས་དང་། དབུལ་སྐྱོར་གསར་སྤེལ་བྱེད་རྒྱུ་དེ་མཐའ་མཚམས་བརྟན་སྲུང་དང་། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་བསྐྲུན་རྒྱུ། གྲོང་གསེབ་གསར་པ་བསྐྲུན་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ། གནོད་འགོག་ཉེན་སེལ་དང་ཐོན་ལས་གོང་འཕེལ་གཏོང་རྒྱུ་བཅས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག ཐོན་སྐྱེད་གོང་འཕེལ་བཏང་བ་ལས་ཁག་གཅིག་དབུལ་སྒྲོལ་ཐུབ་པ་དང་། གནས་སྤོས་དབུལ་སྐྱོར་བྱས་པ་ལས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། འབྱུང་ཁམས་སྐྱོང་གསབ་བྱས་པ་ལས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། སློབ་གསོ་གོང་འཕེལ་བཏང་བ་ལས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། སྤྱི་ཚོགས་འགན་སྲུང་བྱས་པ་ལས་ཁག་གཅིག་མཐའ་སྐྱོང་ཐུབ་པ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཡུན་རིང་འགྱུར་བ་མི་གཏོང་བ་གསུམ”མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག གནས་སྤོས་བྱས་པའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་དང་ཐུན་མོང་ཐོག་མཉམ་ལས་བྱེད་པའི་བྱེད་ཐབས་སྤྱད་དེ་གནས་སྤོས་བྱེད་སའི་ཐོན་སྐྱེད་རྒྱུ་ཆར་བརྟེན་ནས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུ་དང་སྔོ་ཁེབས་སླར་གསོ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱེད་དགོས།དབུལ་ཕོངས་རྫོང་ཁག་རྒྱལ་ཁབ་ཀྱི་དབུལ་ཁོངས་ས་ཁུལ་གྱི་ཆུ་དང་། གློག གཏེར་ཁ་བཅས་ཀྱི་ཐོན་ཁུངས་གསར་སྤེལ་དང་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་བསྒྱུར་བཅོས་ཚོད་ལྟ་བྱེད་ཁོངས་སུ་འཇུག་པའི་ལས་དོན་ཡག་པོ་སྒྲུབ་དགོས། བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་གཙོ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་ཡུལ་དེ་གའི་དབུལ་པོའི་མི་འབོར་ལ་བསྡུར་ཚད་ངེས་ཅན་གྱི་མགོ་འབྲེལ་རོགས་སྐྱོར་བྱེད་པར་གྲོས་མོལ་བྱེད་དགོས། ཐོན་ཁུངས་ཀྱི་སྟོབས་ཤུགས་སྒྲིལ་བཅོས་བྱེད་དགོས་པ་སྟེ། ལས་དོན་ཁག་དབུལ་སྒྲོལ་འགག་སྒྲོལ་ཐད་དམིགས་པ་དང་། ཐོན་ཁུངས་ཁག་དབུལ་སྒྲོལ་འགག་སྒྲོལ་ཐོག་རུབ་བསྡུས་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུའི་ཐད་གཅིག་སྒྲིལ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། སྲིད་ཇུས་ཀྱི་འགན་སྲུང་གནད་སྨིན་ཐུབ་པ་དང་། མ་དངུལ་གནད་སྨིན་ཐུབ་པ། ཐོན་ལས་ཀྱི་སྐུལ་ཁྲིད་གནད་སྨིན་ཐུབ་པ། རྣམ་གྲངས་བཀོད་སྒྲིག་གནད་སྨིན་ཐུབ་པ། དམངས་འཚོར་ཞབས་ཞུ་བསྒྲུབ་རྒྱུ་གནད་སྨིན་ཐུབ་པ། སྤྱི་ཚོགས་ཀྱི་རོགས་སྐྱོར་གནད་སྨིན་ཐུབ་པ། བོད་སྐྱོར་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ་གནད་སྨིན་ཐུབ་པ། མང་ཚོགས་ཐེ་ཞུགས་བྱེད་རྒྱུ་གནད་སྨིན་ཐུབ་པ་བཅས་བྱེད་དགོས། སྤྱི་པའི་ཐོན་རྫས་དང་། སྤྱི་པའི་ཞབས་ཞུའི་ཆུ་དང་། གློག ལམ། ཆ་འཕྲིན། དྲ་རྒྱ། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། འགན་བཅོལ་བཅས་ཁག་བཅུའི་རིམ་པ་མཐོར་འདེགས་ལས་གཞི་ཤུགས་ཆེར་སྤེལ་དགོས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གྲོང་ཁྱེར་དང་དབུལ་སྐྱོར་མཉམ་ལས་བྱེད་རྒྱུར་སྐུལ་སྤེལ་གང་མགྱོགས་བཏང་ནས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”དབུལ་སྐྱོར་བྱེད་སྒོ་ཡག་པོ་སྤེལ་དགོས། ཕྱིར་འཐེན་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། དབུལ་སྐྱོར་བྱ་ཡུལ་གྱི་ཕྱིར་འཐེན་ཚད་གཞི་དང་ཕྱིར་འཐེན་གོ་རིམ་ཁ་གསལ་བཟོ་བ་དང་། དབུལ་སྒྲོལ་རྩིས་ལེན་བྱ་ཐབས་ནན་སྲུང་བྱས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་སྤྱི་ཚོགས་ནས་ལྟ་སྐུལ་བྱེད་པ། ས་ཆ་དེ་གའི་མང་ཚོགས་ལ་གདེང་འཇོག་བྱེད་དུ་འཇུག་པ་བཅས་བྱས་ཏེ་དབུལ་པོ་ངོ་མ་དབུལ་སྒྲོལ་ཐུབ་པ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས།
(བརྒྱད)སྤྱི་ཚོགས་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་ལ་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། དམིགས་སའི་རང་བཞིན་དེ་བས་ཤུགས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། ནུས་པ་དེ་བས་ཐད་ཀར་ཐོན་པ། ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་སྟོབས་ཤུགས་གཅིག་སྒྲིལ་ཐོག་རྨང་གཞིའི་རང་བཞིན་དང་མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་ལེགས་སུ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། སྔོན་ལ་སློབ་གསོ་གོང་འཕེལ་གཏོང་དགོས་པ་སྟེ། སློབ་གསོ་སྟོབས་ཆེའི་ཁུལ་གྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། སྤུས་ཚད་རྩ་བར་འཛིན་པ་དང་ཀུན་སྤྱོད་སློབ་གསོ་སྔོན་དུ་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་སློབ་གསོའི་རྨང་གཞིའི་ནུས་པ་དང་། སྔོན་ཁྲིད་ཀྱི་ནུས་པ། དམངས་འཚོའི་ཕན་འབྲས་བཅས་མངོན་ཆེར་བཟུང་ཐོག མི་དམངས་ཀྱིས་བློ་མོས་བྱེད་པའི་སློབ་གསོ་ཡག་པོ་ཞིག་གཉེར་གང་ཐུབ་བྱེད་དགོས། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་དང“འགན་ལེན་གསུམ”གྱི་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱེད་རྒྱུ། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། རང་བྱུང་ཚན་རིག་གི་ཚན་ཁག་དང་ལག་ལེན་དངོས་ཟུང་འབྲེལ་བྱེད་པའི་སློབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐད་གཉིས་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ། སློབ་གྲྭ་ཆུང་འབྲིང་ལ་སྐད་གཉིས་སློབ་གསོ་སྤེལ་ཚད་100%དང་། སློབ་ཆུང་དུ་རྩིས་རིག་སློབ་ཚན་འཁྲིད་ཚད་100% སློབ་འབྲིང་དུ་རྩིས་རིག་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་སློབ་ཁྲིད་འཆར་གཞི་ལེགས་གྲུབ་བྱེད་ཚད་100% སློབ་འབྲིང་དུ་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་ཚོད་ལྟའི་སློབ་ཚན་འཁྲིད་ཚད་100% ལས་རིགས་ལག་རྩལ་སློབ་གྲྭར་རྒྱལ་ཁབ་ཀྱི་དཀར་ཆག་ནང་གཏན་འབེབས་བྱས་པའི་སློབ་ཚན་འཁྲིད་ཚད་100%བཅས་ཟིན་པ་བྱེད་རྒྱུ། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་སའི་རྫོང་དང་། ས་གནས་དེ་གའི་དགེ་རྒན་ཤང་དང་གྲོང་རྡལ་གྱི་སློབ་ཆུང་དང་བུ་བཅོལ་ཁང་དུ་སློབ་སྐྱོར་བྱེད་པར་འགྲོ་བའི་བྱ་ཐབས་ཞིབ་འཇུག་ནན་ཏན་བྱེད་རྒྱུ། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཕྱོགས་སྟོན་དུ་བྱས་ནས་སློབ་ཆེན་དང་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་བཟོ་ལས་དང་། ཞིང་ལས། སྨན་པ་སོགས་ཀྱི་ཤེས་ལྡན་པ་དཀོན་པའི་ཆེད་ལས་དང་ཁྱད་ལྡན་ལེགས་ཆ་ཆེ་བའི་རིག་ཚན་ཁག་གཅིག་གཙོ་གནད་ཐོག་ཡག་པོ་གཉེར་རྒྱུ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་དགོས་པ་སྟེ། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན་རྒྱུ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་ལས་ཞུགས་ལྟ་བ་འགྱུར་ལྡོག་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ལས་ཞུགས་གང་ཐུབ་བྱེད་རྒྱུ། སྲིད་གཞུང་གིས་ལས་ཞུགས་ལ་བརྟེན་ནས་བོད་སྐྱོར་དང་། ཁེ་ལས་ཀྱིས་བསྡུ་འཇུག་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལས་ཞུགས་བྱེད་གནས་འདང་ངེས་མཁོ་འདོན་བྱེད་རྒྱུ་དང་། སློབ་ཆེན་གྱིས་སློབ་མའི་ལས་ཞུགས་ལྟ་བ་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་འགན་འཁུར་དགོས། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་རྣམས་གནས་སྒྱུར་ལས་ཞུགས་བྱེད་པར་སྒྲིག་འཛུགས་བྱེད་ཚད་མཐོ་རུ་གཏོང་དགོས། བདེ་ཐང་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས་པ་སྟེ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་བཏང་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་དང་། ཞབས་ཞུའི་དྲ་རྒྱ། དེ་བཞིན་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅས་འཛུགས་སྐྱོང་བྱེད་རྒྱུར་གཙོ་གནད་དུ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱིས་བློ་མོས་བྱེད་པའི་གཞི་རྩའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་ཚོགས་པས་ཚོགས་པ་འཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་འཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཐོག ནད་ཆེན་རང་སྐྱོང་ལྗོངས་སུ་བཅོས་ཐུབ་པ་དང་། ནད་འབྲིང་ས་གནས་གྲོང་ཁྱེར་དུ་བཅོས་ཐུབ་པ། ནད་ཆུང་རྫོང(ཆུད)དུ་བཅོས་ཐུབ་པ་བཅས་བྱེད་དགོས། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱས་ནས་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཐོག གཞོན་ནུ་ལོ་ཆུང་ནས་དམ་འཛིན་བྱས་ཐོག་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱ་ཁྱབ་ཏུ་སྤེལ་དགོས། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁེབས་རྒྱ་ཆེ་རུ་བཏང་ནས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་སྐྱོང་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་དགོས། སྲིད་གཞུང་གིས་གཙོ་བོ་བྱས་ཏེ་གཞི་རྩའི་འགན་སྲུང་མཁོ་འདོན་བྱེད་རྒྱུ་དང་ཁྲོམ་རས་གཙོ་བོ་བྱས་ཏེ་བང་རིམ་མང་བའི་དགོས་མཁོ་སྐོང་ཐུབ་པའི་སྡོད་ཁང་མཁོ་འདོན་མ་ལག་འཛུགས་དགོས། གནོད་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས་པ་སྟེ། སྔོན་ཐོན་རིག་གནས་ལ་བརྟེན་ནས་དགེ་མཚན་མེད་པའི་རིག་གནས་ཀྱི་ཤུགས་རྐྱེན་བཀག་འགོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལེན་དགོས་པ་དང་། མང་ཚོགས་ཀྱིས་ཉན་སྤྲོ་ལ་ལྟ་འདོད་བྱེད་པའི་གཞི་རིམ་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཐོག གཞི་རིམ་རིག་གནས་ཀྱི་འཐབ་ས་བཟུང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཙོ་གནད་རིག་གནས་ཀྱི་དམངས་ཕན་ལས་གཞིར་སྐུལ་སྤེལ་བཏང་སྟེ་ཕྱོགས་ཡོངས་ནས་རིག་རྩལ་བརྩམ་བྱ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་ལ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་བརྩམ་བྱ་རྩེ་གྲ་ཁག་གཅིག་གཏོད་དགོས། རིག་དངོས་དང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲགས་ཅན་ཡུལ་ལྗོངས་དང་། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར། གྲགས་ཅན་གྲོང་རྡལ། གྲགས་ཅན་གྲོང་ཚོ། གྲགས་ཅན་དགོན་སྡེ་བཅས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
ལྔ། བློ་བརྟན་འགྱུར་མེད་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རྩིས་ཆེན་པོ་ཞིག་རྒྱག་དགོས་པ་དང་། ཕུགས་རྩིས་བརྒྱབ་ནས་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འབྱུང་ཁམས་ཁོར་ཡུག་བློས་བཏང་ནས་དཔལ་འབྱོར་གོང་འཕེལ་གཏོང་མི་རུང”ཞེས་གསུངས་པ་ལྟར་ང་ཚོས་སྤྱི་ཡོངས་ཀྱི་ལྟ་བ་དང་། ཕུགས་རྒྱང་གི་ལྟ་བ། ཁྱོན་ཡོངས་ཀྱི་ལྟ་བ་བཅས་བཙུགས་ཐོག མི་དམངས་མང་ཚོགས་དང་ཕ་ཚ་བུ་རྒྱུད་ལ་ཚད་མཐོའི་འགན་འཁྲི་འཁུར་སེམས་ཐོག་ནས་གངས་ལྗོངས་ས་མཐོའི་རྩི་ཤིང་ཐམས་ཅད་དང་རི་ཆུ་ཚང་མར་སྲུང་སྐྱོབ་ཡག་པོ་བྱེད་དགོས།
(གཅིག) འབྱུང་ཁམས་སྔོན་དུ་འཇོག་རྒྱུའི་འདུ་ཤེས་བརྟན་པོ་འཛུགས་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཞིག་དང་། འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་ཞིག་ཡིན། ཆུ་དྭངས་མོ་དང་རི་སྔོན་མོ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པ་མ་ཟད། འཁྱགས་རོམ་དང་གངས་རི་ཡང་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་ཐབས། རང་བྱུང་སྲུང་སྐྱོབ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རང་རྟོགས་ངང་འབྱུང་འཕྲོད་གོང་འཕེལ་དང་། རྒྱུན་འཁོར་གོང་འཕེལ། ཐཱན་ཉུང་གོང་འཕེལ་བཅས་གཏོང་རྒྱུར་སྐུལ་སྤེལ་བཏང་ཐོག བོད་ཀྱི་སྔོ་ལྗང་རི་བོ་སྔར་བཞིན་གནས་ཐུབ་པ་དང་། དྭངས་གཙང་གི་ཆུ་མོ་སྔར་བཞིན་རྒྱུགས་ཐུབ་པ། མཁའ་རླུང་སྔར་བཞིན་གཙང་བ་བཅས་ཡོང་བ་བྱེད་དགོས།
(གཉིས) འབྱུང་ཁམས་ཀྱི་ལས་གཞི་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་པའི་འཆར་འགོད་བཟོས་ཁར་ལག་བསྟར་ཤུགས་ཆེ་བྱས་ཏེ“གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་ལས་གཞིར་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ་དང་། ནགས་དབང་ལམ་ལུགས་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་རྒྱུ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ཐོག གཙང་པོའི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། མཚེའུ། གཤེར་ས། རང་བྱུང་ནགས་ཚལ། ས་གཤིས་རྗེས་ཤུལ། དེ་བཞིན་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཞིང་གི་འབྱུང་ཁམས་དང་། ནགས་ཚལ་གྱི་འབྱུང་ཁམས། རྩྭ་ཐང་གི་འབྱུང་ཁམས། གཤེར་སའི་འབྱུང་ཁམས། ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས། གྲོང་ཁྱེར་གྲོང་རྡལ་གྱི་འབྱུང་ཁམས་བཅས་ཀྱི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་མཉམ་དུ་སྐུལ་སྤེལ་བཏང་ནས་སྔོ་ལྗང་གི་འབྱུང་ཁམས་སྲུང་བཅད་སྐྲུན་དགོས། འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་པ་སྟེ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་བཙོག་སྐྱོན་འགོག་བཅོས་བྱེད་པའི་ལས་འགུལ་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་གཙོ་གནད་ཁུལ་གྱི་ས་ཆུ་ཤོར་བ་དང་། ས་ཞིང་བྱེ་འགྱུར། གཤེར་ས་ཉམས་ཞན་དུ་འགྲོ་བ་བཅས་ལ་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རྨོ་སྐྱུར་ནགས་གསོ་དང་། སྐྱས་སྤོས་རྩྭ་གསོ། གཟན་རྩྭ་འདེབས་གསོ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས་རྩྭ་རར་གཞིགས་ཏེ་ཕྱུགས་གྲངས་གཏན་འཁེལ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་བྱེད་དགོས། འབྱུང་འཕྲོད་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་པ་སྟེ། འབྱུང་འཕྲོད་དང་དྭངས་གཙང་ཐོག་ནས་ཐོན་སྐྱེད་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་དང་། ཐོན་ལས་འབྱུང་ཁམས་ཅན་དང་འབྱུང་ཁམས་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་བཏང་སྟེ་འབྱུང་ཁམས་དཔལ་འབྱོར་དང་ཐཱན་བསྡུས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་། འབྱུང་ཁམས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཐོག འབྱུང་ཁམས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས།
(གསུམ)འབྱུང་ཁམས་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། འབྱུང་ཁམས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། འབྱུང་ཁམས་ཀྱི་དམར་ཐིག་དང་མཐའ་ཚད་ནན་པོར་བསྲུངས་ཏེ་ཐོན་ལས་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་དོན་འཁྱོལ་བྱེད་པ་དང་། ཆུའི་ཐོན་ཁུངས་ལ་དོ་དམ་བྱེད་པ། རྨོ་ཞིང་གི་དམར་ཐིག་དང་གཞི་རྩའི་རྩྭ་ར་སྲུང་སྐྱོབ་བཅས་བྱས་ཏེ“མཐོ་གསུམ”རྣམ་གྲངས་བོད་དུ་འཛུལ་འཇུག་བྱེད་རིགས་ནན་འགོག་བྱེད་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་སྤྱོད་གོའི་བཀག་སྡོམ་ལམ་ལུགས་བཙུགས་ཐོག གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱེད་པར་རང་སྐྱོང་ལྗོངས་སྲིད་གཞུང་གིས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད“སྤ་སེ་གཅིག་གིས་ཕྲུ་སློག”གཏོང་བའི་ལམ་ལུགས་མུ་མཐུད་ལག་བསྟར་བྱེད་དགོས། ནགས་ཚལ་གྱི་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་དང་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་བྱེད་པར་ཁ་གསབ་རོགས་དངུལ་སྤྲོད་པའི་བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཤེར་ས་དང་། ཆུའི་འབྱུང་ཁམས། ས་གཤིས་རྗེས་ཤུལ་བཅས་ལ་སྲུང་སྐྱོབ་བྱེད་པར་ཁ་གསབ་རོགས་དངུལ་སྤྲོད་པའི་བྱ་དགའི་ལམ་སྲོལ་བཙུགས་ཏེ། སྔོ་ལྗང་འབྱུང་ཁམས་ཀྱིས་ཕྱོགས་སྟོན་བྱས་པའི་ཀྲུང་དབྱང་ནས་ཞིང་ལས་ཐད་ལ་ཁ་གསབ་རོགས་དངུལ་སྤྲོད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་ཐོག་གཏན་འཁེལ་ཐོ་འགོད་བྱེད་པ། གཤེར་ས་སྲུང་སྐྱོབ་དང་སླར་གསོ་སོགས་བྱེད་རྒྱུའི་ཐད་ཀྱི་བསྒྱུར་བཅོས་བྱ་ཐབས་འབྲེལ་མཐུད་ཧུར་ཐག་དང་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་སྙོམས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བཅས་བྱས་ནས་འབྱུང་ཁམས་སྲུང་སྐྱོབ་བྱེད་མཁན་ལ་སྐྱོང་གསབ་སྤྲོད་པ་དང་། འབྱུང་ཁམས་གནོད་འཚེ་གཏོང་མཁན་ལ་གུན་ཚབ་འཇལ་དུ་འཇུག་པ་དང་། ཕན་པ་བསྐྲུན་མཁན་ལ་བྱ་དགའ་སྤྲོད་པ། སྲུང་སྐྱོབ་བྱེད་མཁན་ལ་ལུགས་མཐུན་གྱི་སྐྱོང་གསབ་བྱེད་པ་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་མགྱོགས་མྱུར་ཆགས་པ་བྱེད་དགོས། དཔྱད་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། འབྱུང་ཁམས་ཤེས་དཔལ་གྱི་བླང་བྱའི་དམིགས་ཚད་མ་ལག་དང་། དཔྱད་ཞིབ་བྱ་ཐབས། བྱ་དགའ་ཆད་གཅོད་ལམ་སྲོལ་བཅས་བཙུགས་ནས་ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་ལ་གནོད་འཚེ། འབྱུང་ཁམས་ཕན་འབྲས་སོགས་ཀྱི་དམིགས་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཕྱོགས་བསྡུས་དཔྱད་གདེང་མ་ལག་ནང་བཅུག་ནས་ཁུལ་ཁོངས་གཙོ་ནུས་ཀྱི་ངེས་གནས་ལ་གཞིགས་ཏེ་ཧེ་བག་ཡོད་པའི་དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱེད་དགོས། ཁོར་ཡུག་ལ་ལྟ་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། ཁོར་ཡུག་སྲུང་སྐྱོབ་ལས་ཚན་གྱི་ལྟ་བཤེར་ཁྲིམས་སྒྱུར་གྱི་ཐད་ཀའི་དོ་དམ་ལམ་ལུགས་བཙུགས་ནས་འབྱུང་ཁམས་ཁོར་ཡུག་ལ་ལྟ་བཤེར་བྱེད་པའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། འབྱུང་ཁམས་ཁོར་ཡུག་གི་ལྟ་བཤེར་དྲ་རྒྱའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། མངོན་ཆེའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ། འབྱུང་ཁམས་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་གིས་ཞིབ་བཤེར་བྱེད་པའི་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱེད་དགོས། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། འགོ་ཁྲིད་ལས་བྱེད་པས་འགན་འཁུར་རིང་གི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་བཙུགས་ནས་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གདེང་འཇོག་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ཀྱི“ཏང་སྲིད་ཀྱིས་འགན་མཉམ་འཁུར”དང“གནས་གཅིག་འགན་གཉིས”འཁུར་ཤུགས་ཆེ་རུ་བཏང་ནས་འབྱུང་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། འགོ་ཁྲིད་ལས་བྱེད་པ་གོ་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་རྩིས་བཤེར་བྱེད་དགོས།
(བཞི) སྔོ་ལྗང་འབྱུང་ཁམས་རིག་གནས་སྐྱེད་བསྲིང་བྱེད་དགོས། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་སྟེ། ཆུ་དང་། ས་ཆ། གཏེར་ཁ་སོགས་ཀྱི་ཐོན་ཁུངས་གྲོན་ཆུང་དང་ལེགས་པར་སྤྱད་དེ་ཐོན་ཁུངས་ཟད་གྲོན་འགྲོ་ཚད་ཆུང་དུ་འགྲོ་གང་ཐུབ་བྱེད་དགོས། འབྱུང་འཕྲོད་ཨར་སྐྲུན་དང་དམངས་ཡོངས་ཀྱི་གྲོན་ཆུང་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཏེ་ནུས་བསྲི་ཐཱན་ཉུང་གི་ཐོག་ནས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་དང་། བསྐྱར་སྐྱེས་ཐོན་ཁུངས་བསྡུ་སྤྱོད་བྱས་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་རྒྱུ་དང་བེད་སྤྱོད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཟས་རིགས་འཕྲོ་བརླག་གཏོང་བ་དང་ཚད་བརྒལ་འཛད་སྤྱོད་བྱེད་པར་ངོ་རྒོལ་བྱེད་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་སྟེ། འབྱུང་ཁམས་ཤེས་དཔལ་ལྡན་པ་བྱེད་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ནང་བཅུག་ནས་འབྱུང་ཁམས་ཤེས་དཔལ་ཁྱབ་གདལ་གཏོང་བའི་སློབ་གསོ་དང་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཧུར་བསྲི་གྲོན་ཆུང་དང་། འབྱུང་འཕྲོད་ཐཱན་ཉུང་། ཤེས་དཔལ་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་བྱེད་སྟངས་དར་སྤེལ་གཏོང་དགོས། སྤྱི་ཚོགས་ཡོངས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ནང་ཞུགས་རྒྱུར་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་སྤྱི་ཚོགས་ཐོག་ཚང་མས་འབྱུང་ཁམས་ལ་དོ་ཁུར་དང་། ཚང་མས་འབྱུང་ཁམས་ལ་རྒྱབ་སྐྱོར། ཚང་མས་འབྱུང་ཁམས་ལ་གཅེས་སྤྲས་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས།
དྲུག བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་ཡིན”ཞེས་གསུངས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་འདི་ནི་ས་ཁད་མཐོ་ནའང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་པོ་དགོས་པའི་འདུ་ཤེས་བརྟན་པོ་འཛིན་དགོས་པ་དང་། བོད་ཀྱི་དངོས་ཡོད་ཆ་རྐྱེན་དམིགས་བསལ་ཆེ་ཡང་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱིས་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཐད་དམིགས་བསལ་གང་ཡང་མེད་པའི་འདུ་ཤེས་བརྟན་པོ་འཛིན་དགོས་པ། བོད་དུ་གསོ་རླུང་ཉུང་ཞིང་རླུང་གནོན་དམའ་ཡང《ཚད་གཞི》དང《སྲོལ་ཡིག》ལག་བསྟར་བྱེད་རྒྱུ་དང་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བའི་ཚད་གཞི་དམའ་རུ་གཏོང་མི་རུང་བའི་འདུ་ཤེས་བརྟན་པོ་འཛིན་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་རྐང་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཏན་ཏིག་བསྒྲུབས་ཐོག བོད་དུ་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་། བོད་དུ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་གཏོང་དགོས།
(གཅིག) ཐོག་མཐའ་བར་གསུམ་དུ་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱས་ཐོག གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་གཞི་རྩའི་རིགས་གཞུང་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ཐོག རྟག་ཏུ་རང་འགུལ་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་སྲོག་ཤིང་ལ་མིག་ལྟོས། ཏང་གི་རིགས་གཞུང་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་པར་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་རིགས་མཐའ་གཅིག་ཏུ་མི་བྱེད་པར་རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་། ཐེ་ཚོམ་སྤུ་ཙམ་མེད་པར་ལག་ལེན། ཐབས་བརྒྱ་ཇུས་སྟོང་གིས་དོན་འཁྱོལ་བཅས་བྱེད་པ་ལས། མི་བཤད་རྒུ་བཤད་དང་ཁ་བཤད་ངོ་བཤད་མི་བྱེད་པར་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་མཚམས་སྐྱོང་བ་དང་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་ཐབས་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཐོག་མངོན་པ་བྱེད་རྒྱུ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱེད་རྒྱུའི་ཐོག་མངོན་པར་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་ལྷག་བསམ་རྣམ་དག་བྱེད་དགོས།
(གཉིས) བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཕུགས་འདུན་དང་དད་སེམས་བརྟན་དུ་གཏོང་དགོས་པ་སྟེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། ལྷག་པར་དུ་མཐོ་རིམ་ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། ཐབས་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཐོག་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ལ་དད་སེམས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་དད་སེམས་འཆང་རྒྱུ་དེ་རང་གི་ཚེ་གང་དོན་གཉེར་བྱེད་རྒྱུར་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ཐོག རང་འགུལ་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པའི་དད་སེམས་བརྟན་པའི་རྣམ་དག་ལག་ལེན་པ་ཞིག་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་དགོས་པ་སྟེ། སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བར་དམིགས་བསལ་དབང་ཆ་མེད་པ་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་པར་དམིགས་བསལ་གང་ཡང་མེད་པ། ཏང་ནང་ཁུལ་དུ་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བྱེད་མི་ཐུབ་པའི་དམིགས་བསལ་རྩ་འཛུགས་དང་དམིགས་བསལ་ཏང་ཡོན་རྩ་བ་ནས་ཡོད་མི་ཆོག ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་དང་ཁ་གསལ་གཏིང་གསལ་བྱས་ནས་སྐད་ཆ་དྲང་པོ་ཤོད་པ་དང་། དོན་ངོ་མ་སྒྲུབ་པ། མི་དྲང་པོ་བྱེད་པ་བཅས་བྱས་ཐོག ཏང་ལ་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས། ངོ་གཉིས་དང“མགོ་གཉིས་མར”ངོ་རྒོལ་བྱེད་པ་དང་། མི་བདེན་རྫུན་བཟོ་དང་རྫུན་ཞུ་འུད་སྒྲོག་ལ་ངོ་རྒོལ་བྱེད་པ། དོན་དངོས་སྦས་གསང་བྱེད་པ་དང་གཏམ་བཟང་ཁོ་ན་ཤོད་པ་ལས་གཏམ་ངན་མི་ཤོད་པའི་རིགས་ལ་ངོ་རྒོལ་བཅས་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་དང་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་ནས་སྒྲིག་ཁྲིམས་ལག་བསྟར་ནན་པོ་མི་བྱེད་པའི་གནད་དོན་གཏན་འགོག་དང་ཡོ་བསྲང་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་དགོས་པ་སྟེ། ཏང་གི་སྒྲིག་ཡིག་དེ་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་མཐོ་རིམ་ལས་བྱེད་པས་གཙོ་བོ་བྱས་ཏེ《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ལག་བསྟར་ནན་ཏན་བྱེད་རྒྱུ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པ། རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་མཚོན་ཆ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ནས་གཅིག་སྡུད་ཡོད་ལ་དམངས་གཙོ་ཡང་ཡོད་པ་དང་། སྒྲིག་ཁྲིམས་ཡོད་ལ་རང་དབང་ཡང་ཡོད་པ། བསམ་འདུན་གཅིག་གྱུར་ཡོད་ལ་མི་སྒེར་སྤྲོ་སྣང་ལྡན་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཆགས་གང་ཐུབ་བྱེད་དགོས། ཏང་ནང་ཁ་བརྡར་གློད་པ་དང་། མཁས་པོ་སྙན་པོ་ཤོད་པ། ངོ་དགའ་སྤྲེལ་ལད་བཅས་བྱེད་མི་ཆོག་པ་དང་། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་མིག་དཔེ་བསྟན་ནས་སྣེ་ཁྲིད་དཔེ་སྟོན་དང་གོང་གིས་འོག་ལ་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་མིག་དཔེ་སྟོན་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱེད་དགོས་པ་སྟེ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རྩ་དོན་གྱི་གནད་དོན་དེའི་ཐད། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་གསལ་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱེད་དགོས།
(གསུམ) འགོ་ཁྲིད་ཚན་ཁག་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ལས་བྱེད་པ་གདམ་གསེས་བྱེད་པའི་ཚད་གཞི་ནན་པོ་སྲུང་དགོས་པ་སྟེ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་དད་སེམས་བརྟན་པོ་དང་། དམངས་ལ་ཞབས་ཞུ་སྒྲུབ་པ། སྲིད་ཞུ་དོན་གཉེར། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་བཟང་པོའི་ཚད་གཞི་དང་། “དམིགས་བཀར་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་བྱེད་པ་འདེམས་སྤྱོད་ཀྱི་སྲོལ་ཡིག་ལག་བསྟར་བྱས་ཐོག བསམ་པ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་དགོས་པ་སྟེ། ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་པའི་མི་སྣ་འདེམས་སྤྱོད་བྱེད་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྒོ་ནན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཐོག མི་སྣ་དང་ལས་གནས་ཕན་ཚུན་འཚམ་པ་དང་ཚན་ཁག་གི་ཁོངས་མི་མཉམ་འདྲེས་ལ་དོ་སྣང་བྱེད་དགོས་པ་དང་། ཏང་སྲིད་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་ཚན་ཁག་གི་ཁོངས་མིའི་དབར་མི་རིགས་དང་། ལོ་ན། ཉམས་མྱོང་། ཆེད་ལས། གཤིས་ཀ་བཅས་ལུགས་མཐུན་བགོ་སྒྲིག་བྱེད་རྒྱུར་དོ་སྣང་བྱས་ཏེ། ལེགས་ཆ་གསབ་རེས་དང་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་དགོས། ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅི་དང་ཏུང་ཧྲེ་ཀྲང་གི“འགན་གཅིག་ལྕོགས”འཁུར་རྒྱུར་ཤུགས་སྣོན་རྒྱག་དགོས། མི་སྣ་བཀོལ་སྤྱོད་བྱེད་ཕྱོགས་ཡག་པོ་བྱེད་དགོས་པ་སྟེ། ཏང་གཤིས་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་སྣང་ཆེན། དངོས་ཕན་ལ་སྣང་ཆེན། གཞི་རིམ་ལ་སྣང་ཆེན། སྤྱི་མོས་ལ་སྣང་ཆེན་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མི་རིགས་ཆོས་ལུགས་ལས་དོན་སྒྲུབ་མཁས་པ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་ཕུལ་བྱུང་བོད་རིགས་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཞན་དག རྒྱ་རིགས་ལས་བྱེད་པ། བོད་སྐྱོར་ལས་བྱེད་པ་བཅས་གསོ་སྐྱོང་དང་གདམ་གསེས་བྱེད་རྒྱུར་དོ་སྣང་བྱེད་དགོས། གཞི་རིམ་ལས་བྱེད་པ་དང་། དེ་བཞིན་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་ཤུགས་ཆེན་བྱེད་པ་དང་། ཕུལ་བྱུང་ལོ་ན་གཞོན་པའི་ལས་བྱེད་པ་དང་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཀོལ་སྤྱོད་བྱེད་རྒྱུར་མཐོང་ཆེན་བཅས་བྱེད་དགོས། འགན་འཁྲི་འཁུར་ཕོད་མཁན་གྱི་ལས་བྱེད་པས་འགན་འཁུར་རྒྱུ་དང་། འགན་འཁྲི་འཁུར་ཕོད་མཁན་གྱི་ལས་བྱེད་པས་འགན་འཁྲི་འཁུར་རྒྱུ། ལས་བྱེད་པས་ལས་ཀའི་ཁྲོད་དང་ལྷག་པར་དུ་བསྒྱུར་བཅོས་གསར་གཏོད་ཁྲོད་ནོར་འཛོལ་ཤོར་བར་གུ་ཡངས་བཏང་སྟེ་མི་དྲང་པོ་དྲང་གཞག་བྱེད་མཁན་ལ་གྱོང་གུན་མི་ཕོག་པ་དང་། གཞི་རིམ་ལས་བྱེད་པར་གྱོང་གུན་མི་ཕོག་པ། ལོ་ན་གཞོན་པའི་ལས་བྱེད་པ་བང་རིམ་མི་ཆད་པ་བཅས་བྱེད་པའི་མི་སྣ་འདེམས་སྤྱོད་ཀྱི་བྱེད་ཕྱོགས་ཤིག་ཆགས་པ་བྱེད་དགོས། གཞི་རིམ་དང་དཀའ་ཚེགས་ཆེ་བའི་ལུང་ཁུག་ཏུ་ཡུན་རིང་ལས་ཀ་བྱེད་མཁན་གྱི་རྒྱ་རིགས་ལས་བྱེད་པར་བསམ་ཤེས་དང་ཐུགས་ཁུར་མང་ཙམ་བྱེད་དགོས་པའི་ཁར། བློ་ཁོག་ཆེན་པོས་གསོ་སྐྱོང་དང་བེད་སྤྱོད་བྱས་ཏེ་ཁོང་ཚོ་གང་མགྱོགས་རྐང་འཛིན་ལས་བྱེད་པར་འགྱུར་བ་བྱེད་དགོས། འགྲོ་ལུགས་གཅིག་གི་འཆིང་རྒྱ་ལས་འགྲོལ་ནས་མི་སྣ་འདེམས་སྤྱོད་བྱེད་དགོས་པ་སྟེ། ཤེས་ལྡན་པ་སྐོང་འགུག་བྱེད་པའི་སྲིད་ཇུས་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུ་དང་དོན་འཁྱོལ་བྱས་ཏེ་ནང་ས་ནས་ཡོངས་བསྒྲགས་ཐོག་གདམ་གསེས་སྐོང་འཐེན་བྱེད་པ་དང་། རྒྱལ་ཡོངས་ཀྱི་བོད་ཁུངས་མིན་པའི་སློབ་ཆེན་སློབ་མ་དང་དམག་དཔུང་གི་དམག་ཞབས་ཐིམ་གྲབས་ཡོད་པའི་དམག་མིའི(ཧྲི་ཀོན)ཁྲོད་ནས་ཆེད་དམིགས་སྐོང་བསྡུ་བྱས་ནས་ཕུལ་བྱུང་ཤེས་ལྡན་པ་གང་མང་བོད་དུ་ལས་ཀ་བྱེད་པར་སྐོང་འགུག་བྱེད་དགོས། དང་བླངས་པ་བོད་དུ་ཉར་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། སྟབས་མཐུན་ཤེས་ལྡན་པ་ནང་འདྲེན་བྱེད་ཐབས་འཚོལ་ཞིབ་བྱེད་པ། དམིགས་བསལ་ཤེས་ལྡན་པ་དང་ཤེས་ལྡན་པ་དཀོན་རིགས་བོད་དུ་དུས་ཐུང་ལས་ཀ་བྱེད་དུ་ཡོང་བར་སྐུལ་མ་གཏོང་བ། མཁས་རམས་པའི་ཞབས་ཞུ་ཚོགས་པའི་ཕུལ་བྱུང་ཁོངས་མི་དང་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་བོད་དུ་ལས་གནས་འཕོ་འགྱུར་བྱེད་པར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ལས་བྱེད་པར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པའི་བྱང་ཚད་མཐོར་གཏོང་ལས་གཞི་ལག་བསྟར་བྱེད་རྒྱུར་ཤུགས་རྒྱག་དགོས། ནང་སའི་སློབ་ཆེན་གྱི་བོད་ཁུངས་མིན་པའི་སློབ་ཆེན་སློབ་མ་སྐོང་འགུག་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་གང་མགྱོགས་ཞིབ་འཇུག་བྱས་ནས་བོད་ཁུངས་མིན་པའི་སློབ་མ་བོད་དུ་འགྲོ་ཁུངས་གཏན་འཁེལ་གྱིས་སློབ་བསྡུའི་གཞི་རྒྱ་ཆེ་རུ་གཏོང་དགོས། ལས་བྱེད་པར་ལྷག་བསམ་རྣམ་དག་གིས་སེམས་ཁུར་གཅེས་སྐྱོང་བྱེད་དགོས་པ་སྟེ། བོད་ཀྱི་ལས་བྱེད་ལས་བཟོ་བའི་དམིགས་བསལ་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་སྐོར་གྱི་ཀྲུང་དབྱང་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་མཐུད་སྦྲེལ་ཧུར་ཐག་བྱས་ཏེ་ཕོགས་སྣོན་དང་འཚོ་སྣོན་སྤྲོད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕོགས་སྣོན་དང་། འཚོ་སྣོན། གཞི་རྩའི་གླ་ཕོགས་བཅས་ཀྱི་ཚད་གཞི་མཉམ་དུ་དུས་བཀག་བཞིན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་བཙུགས་ནས་ལྗོངས་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་ཆ་སྙོམས་གླ་ཕོགས་ཡོང་འབབ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱེད་རྒྱུ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལོ་ལྔ་བསྟུད་མར་བྱས་པ་དང་། མཚོན་ཚུལ་ཕུལ་བྱུང་ཡིན་པ། ལས་ཀའི་དགོས་མཁོ་ཡོད་པ་བཅས་གོང་རིམ་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་གནས་སྤོར་བྱེད་པ་དང་སྦྲགས་མུ་མཐུད་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་དུ་འཇུག་རྒྱུ། ཤང་གྲོང་ཏང་སྲིད་ཀྱི་གོ་གནས་རྒན་པའི་ལས་གནས་ཐོག་ལོ་བརྒྱད་བསྟུད་མར་ལས་ཀ་བྱས་པ་དང་མཚོན་ཚུལ་ཕུལ་བྱུང་གི་ལས་བྱེད་པས་ཁྲུའུ་རིམ་པ་གཞོན་པའི་གོ་གནས་ལོངས་སུ་སྤྱོད་ཆོག་པ་དང་གོ་གནས་སྤར་རུང་ལས་གནས་ནས་ཁ་མི་བྲལ་རྒྱུ། གོ་གནས་ཀྱི་ཁ་གྲངས་སྒྲིག་སྦྱོར་དང་། འགན་རིམ་གནས་འཕར། ལས་ཡུན་ཕབ་རྩིས། སྡོད་ཁང་གི་ཁ་གསབ། གཞི་རིམ་གྱི་ཁ་གསབ། འཁོར་ཞག་དང་རེས་སྐོར་ངལ་གསོ། གཟུགས་པོར་བརྟག་དཔྱད་དང་སྨན་བཅོས། ལས་བྱེད་པ་བརྗེ་རེས། ནང་ཁུལ་བཀོད་སྒྲིག་སོགས་བྱེད་རྒྱུའི་ཐད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་བ་མཐའ་མཚམས་སུ་གཞིས་ཆགས་པ་དང་བློ་སེམས་བདེ་པོས་ལས་ཀ་བྱེད་ཐུབ་པ་བྱེད་དགོས། བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པར་ཆབ་སྲིད་ཐོག་ཡིད་ཆེས་བརྟན་པོ་བྱེད་པ་དང་། ལས་ཀའི་ཐོག་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ། འཚོ་བའི་ཐོག་སེམས་རྩ་འཁོལ་པོས་དོ་ཁུར་བྱེད་པ་བཅས་ཀྱིས་བོད་ལྗོངས་བརྟན་ལྷིང་དང་། བོད་ལྗོངས་གོང་འཕེལ། བོད་ལྗོངས་འཛུགས་སྐྲུན་བཅས་བྱེད་པར་ཁོང་ཚོའི་ལེགས་ཆ་འདོན་གང་ཐུབ་བྱེད་དགོས།
(བཞི) གཞི་རིམ་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ལས་ཚན་གྱི་སྒྲིག་གྲངས་དང་། མི་སྣ། ཐོན་ཁུངས་བཅས་གཞི་རིམ་ལ་འཕར་གཟིགས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག ཤང་གྲོང་རྡལ་གྱི་ཏང་སྲིད་ཚན་ཁག་དང་། ལྷག་པར་དུ་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས་ཤིང་། ལས་བསྒྱུར་དམག་མི་དང་། གྲོང་ཚོའི་ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཕུལ་བྱུང་ཀྲུའུ་རེན་བཅས་ཀྱི་ཁྲོད་ནས་ཤང་གྲོང་རྡལ་གྱི་གཞུང་ལས་པ་རྒྱུགས་སྤྲོད་བསྡུ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། “གྲོང་ཚོའི་ལས་བྱེད་པ་ཁྲི་ཕྲག་གི་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུའི་ལས་གཞི”ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་། ལས་བསྒྱུར་དམག་མི། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་མངགས་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་འགན་འཁུར་དུ་འཇུག་པའམ་ཡང་ན་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་གནས་འཛིན་དུ་འཇུག་དགོས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་དམག་འཐབ་ཀྱི་བཙན་རྫོང་སྟོབས་ལྡན་ཞིག་ཏུ་སྐྲུན་དགོས། རྩ་འཛུགས་ཁེབས་རྒྱ་ཆེ་རུ་གཏོང་དགོས་པ་སྟེ། ཁུལ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་སྤེལ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི“ཁེབས་པ་གཉིས”གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གསར་དར་ཁུལ་ཁོངས་དང་། གསར་དར་ཁྲོམ་ར། གསར་དར་རྩ་འཛུགས། གསར་དར་རིགས་ཚོགས་བཅས་ཀྱི་ཏང་འཛུགས་སྐྱོང་ལས་ཀར་དམིགས་སུ་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཡོན་གང་དུ་ཡོད་པ་དང་ལས་ཀ་གང་ཞིག་བྱེད་ཀྱི་ཡོད་ནའང་ཚང་མས་ཏང་རྩ་འཛུགས་རྙེད་ཐུབ་པ་དང་རྩ་འཛུགས་ཀྱི་འཚོ་བར་ཞུགས་ཐུབ་པ་བྱེད་དགོས། འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་ལས་བྱེད་པའི་ཐོབ་ཆ་དང་ཐོབ་ཐང་སྟབས་བསྟུན་འཕར་སྣོན་ཡོང་བ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པའི་ལས་བྲལ་གྱི་ཁ་གསབ་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱེད་པ། གྲོང་ཚོ་གྲོང་ལྷན་གྱི་བྱེད་སྒོ་སྤེལ་གནས་ཚད་གཞི་ཅན་དུ་སྐྲུན་རྒྱུར་སྐུལ་སྤེལ་གཏོང་བ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་གཉེར་འགྲོ་གྲོན་ལོ་རེ་བཞིན་མང་དུ་གཏོང་བ་བཅས་བྱེད་དགོས། ཏང་ཡོན་དཔུང་ཁག་སྟོབས་ཆེར་གཏོང་དགོས་པ་སྟེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ཐོག ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་བཟོས་ནས་དོན་འཁྱོལ་གྱིས་གཞི་རིམ་དང་ཞིང་འབྲོག་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། གཉིས་ལྡན་དུད་སྦྲེལ་གྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་བྱས་ཏེ་ཏང་ཡོན་གྱི་གྲུབ་ཆ་ལེགས་གཏོང་དང་། ཏང་ཡོན་གྱི་བྱང་ཚད་མཐོར་གཏོང་། ཏང་ཡོན་དཔུང་ཁག་གི་སྐྱེས་སྟོབས་གསོན་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་སྟོབས་ཆེར་གཏོང་དགོས་པ་སྟེ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཁྲིད་སྟོན་བཅས་བྱེད་པའི་ཁྲོད་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་བརྩོན་གཉེར་བྱེད་པ་སོགས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། ཚན་རིག་རིག་གནས་ཤེས་བྱ་བརྒྱུད་སྤེལ་ཤུགས་ཆེན་བྱས་ཐོག བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་བྱེད་སྒོ་ཁག་ཚང་མའི་ནང་ཁྱབ་པ་བྱེད་རྒྱུ་དང་། བོད་དུ་ཏང་གིས་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས།
(ལྔ) ཏང་གི་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་དུ་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་ཡིན་པ་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། ཏང་གི་སྤྱོད་བཟང་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ཐོག “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ“མཐའ་ཚད”སྲུང་ཞིང“དམར་ཐིག”དང“མཐོ་གློག”ལ་མི་རེག་པ་བྱེད་དགོས། དམ་པ་དོན་གཉེར་དང་འགན་འཁུར་བའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་སྟེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཐོག བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་ཤུགས་རྐྱེན་བཟོ་བའི་དངོས་ཡོད་འགལ་ཟླ་དང་རྙོག་འཛིང་ཆེ་བའི་གནད་དོན་ལ་ཁ་གཏད་གཅོག་ཕོད་པ་དང་། འགག་རྩའི་དུས་སུ་འགན་འཁྲི་འཁུར་ཕོད་པ། གདོང་མཆོང་བྱེད་ཕོད་པ། སེམས་ཐག་ཆོད་པོས་དཔའ་དམ་ཤོམ་པ་བཅས་བྱས་ནས། ལང་ཚོ་ཆུད་ཟོས་སྤུ་ཙམ་ཡང་མི་གཏོང་བ་དང་། གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་དངོས་ཡོད་གྲུབ་འབྲས་གཏོད་གང་ཐུབ་བྱེད་དགོས་པ་དང་། “བོད་སྐྱོད་རྒན་རབས་པ”དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་གོ་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས། ཏང་དང་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས་པ་སྟེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་གཏིང་གི་གནས་བབ་མཐོ་ཤོས་སུ་བཞག་ཐོག བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་། དོན་དངོས་ལ་ཟབ་འཇུག་བྱེད་པ། གཞི་རིམ་ལ་ཟབ་འཇུག་བྱེད་པ། མང་ཚོགས་ཀྱི་ཁྲོད་དུ་ཟབ་འཇུག་བཅས་བྱས་ནས་ཆ་རྐྱེན་སྐྱོ་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་མངོན་གསལ་ཆེ་བ་བཅས་ཀྱི་ས་ཁུལ་དུ་གནད་དོན་ཐག་གཅོད་བྱེད་པར་མང་ཙམ་སྐྱོད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཐད་ཀར་མང་ཚོགས་དང་འབྲེལ་བ་བྱས་ནས་ཞབས་ཞུ་བསྒྲུབ་རྒྱུའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ“ཏང་ཡོན་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྤུན་གྲོགས་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་སྣ་གཞི་རིམ་དུ་སྐྱོད་རྒྱུ་དང་། མ་དངུལ་གཞི་རིམ་དུ་གཏོང་རྒྱུ། སྲིད་ཇུས་གཞི་རིམ་ལ་འཕར་གཟིགས་བྱེད་རྒྱུ་བཅས་ལ་སྐུལ་སྤེལ་བཏང་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པའི་སྟོབས་ཆེའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། དམངས་དུབ་རྒྱུ་ཟད་ཀྱི“གཟུགས་བརྙན་ལས་གཞི”དང“སྲིད་རྗེས་ལས་གཞིའི”བྱེད་སྤྱོད་མཐའ་དག་ལ་འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་བཏང་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས། (དྲུག) ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མིག་སྔ་དང་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་དང་དམ་འཛིན་གང་ལེགས་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་སྟེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁྲི་གཙོ་བོ་དང་། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིའི་འགན་འཁྲི་ཨང་དང་པོ། ཚན་ཁག་གི་ཁོངས་མི་གཞན་དག་གི“གནས་གཅིག་འགན་གཉིས”བཅས་དོན་འཁྱོལ་ནན་པོ་བྱས་ཏེ་རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་སྒྲིག་ཁྲིམས་ལག་བསྟར་ཡག་པོ་དང་། འགན་འཁྲི་རྩད་གཅོད་ཡག་པོ། འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ནས་སྒྲིག་བཤེར་གྱི་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་། སྒྲིག་ཨུད་ཀྱི་མངགས་གཏོང་བཅའ་སྡོད་ལས་ཚན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། འགན་འཁྲི་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་སོགས་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཐད་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས། རུལ་སུངས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། རྗེས་སུ་ག་ཚོད་ལུས་པ་དེ་ཙམ་གྱིས་སྒྲིག་ཁྲིམས་ནན་དུ་གཏོང་དགོས་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཀྱིས་རུལ་སུངས་པ་ཡོད་ཚེ་ངེས་པར་དུ་ངོ་རྒོལ་བྱེད་དགོས་པ་དང་། ལྐོག་ཟ་བྱེད་མཁན་ཡོད་ཚེ་ངེས་པར་དུ་ཞིབ་གཅོད་ནན་པོ་བྱེད་པ། “སྟག་སྦྲང”མཉམ་རྡུང་བཅས་བྱས་ཐོག ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་དང་། མང་ཚོགས་ཀྱི་ཉེ་འཁོར་དུ་ཡོད་པའི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཏང་ནང་ཁུལ་དུ་རུལ་སུངས་པ་ཡིབ་ས་རྩ་བ་ནས་མེད་པ་བཟོ་དགོས། ཕྱོགས་ཡོངས་ནས་ཆབ་སྲིད་ཐད་ལ་སྐོར་ཞིབ་གཏིང་ཟབ་བྱེད་དགོས་པ་སྟེ། སྐོར་ཞིབ་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་དམིགས་ཏེ་ཆབ་སྲིད་ཐད་སྐོར་ཞིབ་ཤུགས་ཆེན་བྱེད་པ་དང་། “སྒྲིག་ཁྲིམས་ཁག་དྲུག”ལ་དམ་པོར་དམིགས་པ། “གནད་དོན་ཆེན་པོ་གསུམ”ལ་ལྟ་ཞིབ་ནན་པོ་བྱེད་པ། “གཙོ་གནད་གསུམ”དམ་འཛིན་ནན་པོ་བཅས་བྱས་ཐོག གནད་དོན་ཡོད་པ་ཤེས་ཚེ་ཟིལ་གནོན་གྱི་ནུས་པ་ཐོན་པ་བྱེད་རྒྱུ་དང་། སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཡོངས་སུ་ཁྱབ་ཐུབ་པ་བྱེད་དགོས། ས་གནས་གྲོང་ཁྱེར་གྱི་སྐོར་བཤེར་ལས་དོན་གཏིང་ཟབ་སྤེལ་རྒྱུ་དང་། རྫོང་ཆུས་ཨུད་ཀྱི་སྐོར་བཤེར་ལམ་ལུགས་བཙུགས་ནས་སྐོར་བཤེར་ལས་དོན་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་སུ་འགྱུར་བ་བྱེད་དགོས། སྲིད་གཙང་གི་སློབ་གསོ་མུ་མཐུད་གཏོང་དགོས་པ་སྟེ། སློབ་གསོ་སྔོན་དུ་སྤེལ་བ་དང་། ཉེན་བརྡ་སྔོན་དུ་གཏོང་བ། སྔོན་འགོག་སྔོན་དུ་བྱེད་པ་བཅས་རྒྱུན་འཁྱོངས་ཀྱིས་སྲིད་གཙང་རིག་གནས་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་སྤེལ་ནས་བློ་སྦྱོང་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་སྣང་ཆེན། ཡིད་རྟོན་ལ་སྣང་ཆེན། ཁྲེལ་ཡོད་ལ་སྣང་ཆེན་བཅས་བྱས་ཏེ་དྲན་སྐུལ་ཉེན་བརྡ་རྟག་ཏུ་གཏོང་ཐུབ་པ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》དོན་འཁྱོལ་ནན་པོ་བྱེད་པ་དང་། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་ཁག་བཞི”ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་མཐོ་རིམ་ལས་བྱེད་པ་དང“གཙོ་འགན་འཁུར་མཁན་ཨང་དང་པོ”བཅས་འགག་རྩ་ཉུང་ཤས་ཀྱི་མི་སྣར་གཙོ་གནད་ཐོག་ལྟ་སྐུལ་བྱེད་དགོས་ལ། དབང་ཆ་གཅིག་སྡུད་ཀྱི་སྡེ་ཚན་དང་། མ་དངུལ་དང་ཐོན་ཁུངས་འདུས་གྲུབ་ཁྱབ་ཁོངས་མངོན་ཆེར་བཟུང་སྟེ་ལྟ་སྐུལ་བྱེད་དགོས། གོང་ནས་འོག་བར་གྱི་རྩ་འཛུགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོག་ནས་གོང་བར་གྱི་དམངས་གཙོའི་ལྟ་སྐུལ་བྱེད་སྟངས་ལེགས་སུ་གཏོང་བ། རིམ་པ་གཅིག་མཚུངས་དབར་ཕན་ཚུན་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། ལྷག་པར་དུ་མཐོ་རིམ་ལས་བྱེད་པ་བཅས་ལ་སྔ་ཕྱི་བར་གསུམ་དུ་ལྟ་སྐུལ་ནུས་ལྡན་བྱེད་པའི་ཁར། དབང་ཆ་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་དགོས་པ་དང་། འགན་འཁྲི་ཡོད་ན་འགན་འཁུར་ཐུབ་པ་དགོས་པ། དབང་ཆ་སྤྱད་པར་ལྟ་སྐུལ་དང་ལེན་ཞུ་དགོས་པ། འགན་འཛོལ་ཤོར་ན་ངེས་པར་དུ་བདའ་འདེད་གཏོང་དགོས་པ་བཅས་ཀྱི་ཐོག་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་འདོད་མེད་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་འཛུགས་རྒྱུར་ཤུགས་རྒྱག་དགོས།
བློ་མཐུན་རྣམ་པ། ཕྱར་བ་གྲུ་འདེགས་ཀྱིས་རླབས་ཆེན་བྱ་གཞག་གཏོད་པ་དང་། གཅིག་རྒྱུད་གཅིག་འཛིན་གྱིས་མ་འོངས་པར་ཕྱོགས་དགོས། ཕྱིས་འབྱུང་གི་ལོ་ལྔའི་རིང་ནི་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ལྔ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ལྔ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགག་རྩའི་ལོ་ལྔ་བཅས་རེད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་དད་མོས་བརྟན་པོ་དང་། དད་སེམས་བརྟན་པོ། སྒྲིག་ཁྲིམས་ནན་པོ། འགན་འཁྲི་ནན་འཁུར་བཅས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་དང་། བློ་སེམས་གཅིག་མཐུན། ལམ་བཤངས་ཡར་བརྩོན་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་མུ་མཐུད་ལེའུ་གསར་པ་བརྩམ་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས།
(བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣