དབུ་ཤོག>སྲིད་དོན།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གྲོས་ཆོད།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-19

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་དང་ཆོག་མཆན་གནང་བ་རེད། ཚོགས་ཆེན་ཐོག་སྐབས་བརྒྱད་པའི་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ལས་དོན་ལ་གདེང་འཇོག་ཆེན་པོ་གནང་ཡོད། ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་ནས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་བྱེད་ཤུགས་ཆེ་རུ་བཏང་བ། སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ཨང་དང་པོར་བཞག་ནས་སྒྲིག་བཤེར་ལམ་སྲོལ་བསྒྱུར་བཅོས་ཏན་ཏིག་བྱས་ཐོག རྩ་འཛུགས་དང་ལམ་ལུགས་གསར་གཏོད་བྱས་པར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་གཙོ་རྐང་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་བཏང་བ་དང་། ཚུལ་སྒྱུར་བྱ་རྒྱུར་དམ་པོར་དམིགས་ནས་སྐོར་ཞིབ་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང་“བླང་བྱ་ཁག་དགུ”དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱུན་ཆད་མེད་པར“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། སྒྲིག་ཁྲིམས་ལག་བསྟར་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རུལ་སུངས་ཐར་པར་གཏན་ནས་མི་གཏོང་བར་ཆད་གཅོད་ནན་པོ་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་རུལ་སུངས་མི་བྱེད་པ་དང་རུལ་སུངས་བྱེད་འདོད་མེད་པའི་ཕན་འབྲས་ལམ་ཙམ་མངོན་ཁར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་ཤུགས་རིམ་བཞིན་ཆགས་ཏེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཐོབ་ནས་བོད་ལྗོངས་འདི་ཉིད་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་སྲུང་ནུས་ལྡན་ཐུབ་པའི་ངོས་འཛིན་གཅིག་གྱུར་བྱུང་ཡོད།

    ཚོགས་འདུའི་ཐོག་ལོ་ལྔའི་རིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀའི་དོན་དངོས་ཀྱི་ཐོག་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས་པ་དང་། ངེས་པར་དུ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀར་མཛུབ་ཁྲིད་བྱེད་དགོས་པ། ངེས་པར་དུ་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་སྲོལ་དང་ཀུན་སྤྱོད་ལ་བརྟེན་ནས་ཏང་ནན་པོས་སྐྱོང་རྒྱུ་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་དགོས་པ། ངེས་པར་དུ་ཕྱོགས་ཡོངས་ནས་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་དགོས་པ། ངེས་པར་དུ་སྒྲིག་ཁྲིམས་སྔོན་འགྲོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་ཁྲིམས་དེ་ཏང་དོ་དམ་དང་ཏང་སྐྱོང་བའི་ཚད་འཛིན་དུ་འགྱུར་བ་བྱེད་དགོས་པ། ངེས་པར་དུ་ལས་འགན་གཙོ་བོར་དམིགས་ཏེ་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་གིས་སྒྲུབ་དགོས་པ་བཅས་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བཤད་བྱས་པ་བཏོན་ཡོད།

    ཚོགས་ཆེན་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་ལ་གཅིག་འདོམས་བྱེད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་ཁྱབ་བཀོད་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཐོག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་བཞིན་ཏང་སྐྱོང་རྒྱུ་དོན་འཁྱོལ་བྱེད་པ་དང་། ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློའི་ཐོག་ནས་ཏང་སྐྱོང་རྒྱུ་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་རྒྱུ་མཐའ་འཁྱོངས་དང་། རྩ་ལག་ཟུང་བཅོས་དང་ཆད་འགོག་མཉམ་སྤྱོད་མཐའ་འཁྱོངས། སྒྲིག་ཁྲིམས་སྔོན་འགྲོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་གཙོ་རྐང་འགན་འཁྲིའི“འགག་རྩ”དེ་དམ་འཛིན་ཡག་པོ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། སྒྲིག་བཤེར་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་པ། དབང་ཆ་སྤྱོད་པར་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་དམ་པོར་བཟུང་ནས་མི་གློད་པ། སྤྱོད་ཚུལ་འཛུགས་སྐྱོང་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྐོར་ཞིབ་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ནན་པོས་སྐྱོང་བའི་ཤུགས་ཆེའི་ནུས་པ་འདོན་སྤེལ་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་ཀྱི་གནས་བབ་མཐའ་འཁྱོངས་བྱས་ཐོག ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྒམ་ནན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་སྣང་ཚུལ་དྭངས་གཙང་བཟོས་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་སྟེ་ལྷག་བསམ་དག་པ་དང་། སྤྱོད་ལམ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་པའི་དཔུང་ཁག་ཅིག་བསྐྱངས་ནས“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་ཐབས་མེད་པ། རུལ་སུངས་བྱེད་པའི་བསམ་བློ་མེད་པ”བཅས་ཀྱི་ནུས་ལྡན་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་བཏང་སྟེ་ཏང་གི་སྲིད་སྐྱོང་གི་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཚོགས་ཆེན་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཐོག ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་བཤེར་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་བཏོད་ཐོག བོད་ལྗོངས་འདི་ཉིད་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་བརྩམ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། (བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།