དབུ་ཤོག>སྲིད་དོན།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གྲོས་ཆོད།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-19

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བློ་མཐུན་ཝུའུ་དབྱིང་ཅེས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་ལ་ཆོག་མཆན་ཐོབ་པ་རེད། སྙན་སྒྲོན་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་མཐའ་འཁྱོངས་བྱས་པ་བཅས་ཀྱི་ཐོག་ནས་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། བོད་ཀྱི་ལས་དོན་བསྒྲུབས་པའི་རྩ་ཆེའི་ཉམས་མྱོང་ཆ་ཚང་བའི་ངང་སྙིང་བསྡུས་བྱས་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་འགྱུར་བར་དབྱེ་ཞིབ་གཏིང་ཟབ་བྱས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱིས་འབྱུང་ལོ་ལྔའི་ལས་ཀའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གཙོ་གནད་ལས་དོན་བཅས་གཏན་འཁེལ་བྱས་ཡོད། སྙན་སྒྲོན་དེའི་ནང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་བསམ་འདུན་གང་ལེགས་མཚོན་ཡོད་པ་དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་རྒྱུར་མཛུབ་སྟོན་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་བོད་ལྗོངས་གོང་འཕེལ་ཆེན་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བཅས་ཀྱི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན།

    ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གནས་བབ་གཏན་འཁེལ་ཁ་གསལ་བྱས་ཤིང་། “བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་”ཞེས་དངོས་སུ་བཏོན་པ་དེ་ནི་ཏང་གི་གདམ་ག་དང་། མི་དམངས་ཀྱི་གདམ་ག ལོ་རྒྱུས་ཀྱི་གདམ་ག་བཅས་ཡིན་པ་དང་། ཏང་གི་བློ་ཁ་ཕྱོགས་ས་དང་། དམག་གི་བློ་ཁ་ཕྱོགས་ས། དམངས་ཀྱི་བློ་ཁ་ཕྱོགས་ས་བཅས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ཡང་ཡིན་པ་དེའི་ཐོག་ནས་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་ཡང་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རླབས་ཆེན་འཐབ་རྩོད་ཀྱི་ལག་ལེན་གསར་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཉིད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་ཞིང་། རྒྱལ་ཡོངས་མི་དམངས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དགའ་ཞེན་ཚད་མེད་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“འདུ་ཤེས་བཞི”བརྟན་པོར་བཙུགས་ཏེ། བསམ་བློའི་ཐོག་ནས་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་ནས་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐོག་ནས་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ཏེ་བོད་ལྗོངས་འདི་ཉིད་པེ་ཅིང་དང་རྒྱང་ཐག་རིང་ན་ཡང་ང་ཚོའི་སེམས་ནི་སྔ་བར་ཕྱི་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མཉམ་དུ་དམ་པོར་འབྲེལ་ཡོད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས།

    ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། དེ་ཡང་འདས་ཟིན་པའི་ལོ་ལྔའི་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་བ་དང་། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་ཀའི་བསམ་བློ་གསར་པ་དང་། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས“ལོ་ལྔ་ཚན་བཅུ་གཉིས་པ”དང་“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མང་པོ་ཞིག་གཏན་འཁེལ་གནང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་འདོགས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་བོད་ལྗོངས་ཀྱི་འཐབ་ཇུས་གནས་བབ་དེ་སྔར་བྱུང་མྱོང་མེད་པའི་ཚད་གཞི་གསར་པ་ཞིག་གི་ཐོག་མཐོར་འདེགས་བྱས་པས། ང་ཚོས་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་སྦྱིན་པ་བཅས་བྱས་ཡོད། ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དེ་བོད་དུ་ལག་ལེན་ཡག་པོ་བྱུང་བ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་སྤྱིའི་དུས་བབ་ཧ་ཅང་ཡག་པོ་ཡོད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལྷོད་གཡེང་མི་གཏོང་བར་རྟག་ཏུ་དམ་འཛིན་བྱེད་བཞིན་ཡོད་པ། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡིན་པ། དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་བཞིན་ཡོད་པ་བཅས་བོད་ལྗོངས་འདི་ཉིད་བརྟན་ལྷིང་གོང་འཕེལ་ཡིན་པའི་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་གནས་བཞིན་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཏེ“འདུ་ཤེས་བཞི”བརྟན་པོ་བཙུགས་ཁར། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་སྔར་བས་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས་པ་དང་། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླར་སྟངས་འཛིན་ནན་པོ་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབ་སར་བརྩིས་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཕྱོགས་སྲིད་ཇུས་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་འབྱུང་ཁམས་སྲུང་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་འབྱུང་ཁམས་ཀྱི་དམར་ཐིག་དང་མཐའ་ཚད་ནན་སྲུང་བྱས་ཐོག“འཛམ་གླིང་ཡང་རྩེ”དང་“ས་གོ་ལའི་གླིང་སྣེ་གསུམ་པར”སྲུང་སྐྱོབ་ཡག་པོ་བྱེད་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐོག མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་སྐྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་དོན་ཆེན་གཉིས་ལ་གཅིག་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་སྐྱོང་བྱེད་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་ཏང་གིས་སྲིད་སྐྱོང་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

    ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བཅས་བྱས་ནས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་སྤྱིའི་དམིགས་ཡུལ་དུ་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་གཙོ་ཐིག་ཏུ་བྱེད་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་འགན་སྲུང་དུ་བྱེད་པ་བཅས་བྱས་ཏེ་བསྒྱུར་འཕེལ་བརྟན་གསུམ་ལ་དམ་པོར་དམིགས་ཤིང་། དཀའ་ངལ་ཁྱད་བསད་ཀྱིས་ཞན་ཆ་གསབ་པ་དང་། གསར་གཏོད་གསར་འབྱེད་ལ་བརྟེན་ནས་འགག་སྒྲོལ་ཐུབ་པ་བྱེད་པ། གནད་འཕིགས་དབུལ་སྒྲོལ་ལ་ཕན་འབྲས་དངོས་ཐོན་པ། ཡིད་ཆེས་བརྟན་པོས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པ་བཅས་བྱས་ནས་བོད་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་གྲུབ་འབྲས་གསར་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་གང་ལེགས་རྩོམ་དགོས།

    ཚོགས་ཆེན་ཐོག་རང་ལྗོངས་ཀྱི་ཕྱིས་འབྱུང་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཚད་ལ་ཡོངས་སུ་མོས་མཐུན་བྱས་ཡོད། དེ་ཡང་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་10%ཡན་འཕར་བ་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་ལོ་རེར་ཆ་སྙོམས་20%ཡན་འཕར་བ་བྱེད་རྒྱུ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་12%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་ལོ་རེར་ཆ་སྙོམས་12%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་ཁག་སོ་སོར་ལོ་རེར་ཆ་སྙོམས་10%དང་13%ཡན་འཕར་བ་བྱས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གཙོ་གནད་དཔལ་འབྱོར་གྱི་དམིགས་ཚད་འཕར་སྣོན་འགྲོ་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་གནས་ཐུབ་པ་བྱེད་རྒྱུ། དབུལ་པོའི་མི་འབོར་ཡོངས་རྫོགས་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཀྱི་གཙོ་བོའི་དམིགས་ཚད་དེ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་ཡང་ན་དེར་སླེབས་ཐུབ་པ་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་ཕྱོགས་ཡོངས་ནས་ལེགས་བཅོས་ཐུབ་པ་བྱེད་རྒྱུ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱེད་རྒྱུ། རང་ངོས་གོང་འཕེལ་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་ཐུབ་པ་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་དུས་བབ་རྒྱུན་མཐུད་དང་། ཡུན་རིང། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་བ་བྱེད་རྒྱུ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བྱེད་རྒྱུ་བཅས་ཀྱི་ཐོག་ནས་བདེ་འཁོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན་། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ལྡན་པའི་འབྱོར་འབྲིང་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་བྱེད་རྒྱུ་དེ་ཡིན།

    ཚོགས་ཆེན་ཐོག་ནན་བཤད་བྱས་དོན། སྤྱི་ཡོངས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་འབད་འཐབ་དམིགས་ཚད་མངོན་གྱུར་ཡོང་བ་བྱེད་པར་ངེས་པར་དུ“སྲོག་ཤིང་གཅིག”ལ་ལྷག་བསམ་རྣམ་དག་བྱེད་དགོས་ཤིང་། “འདུ་ཤེས་བཞི”བརྟན་པོ་བཙུགས་ཐོག བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བློ་རྩ་བརྟན་པོའི་སྒོ་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྔར་བས་སྲུང་སྐྱོང་བྱེད་པ། དེ་བས་རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། “འཐབ་ཇུས་གཅིག”ལག་བསྟར་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་། དེ་བཞིན་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་དོན་འཁྱོལ་བྱས་ཏེ་དུས་གང་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་གཡོ་འགུལ་རྩ་བ་ནས་གཏོང་མི་རུང་། “ཕྱོགས་སྟོན་གཅིག”མཐའ་འཁྱོངས་བྱེད་དགོས་ཤིང་། མི་དམངས་མཆོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་སྔར་བས་མངོན་ཆེའི་གནས་བབ་ཐོག་འཇོག་པ་དང་། དམངས་ཉེ་དམངས་གཅེས་དང་དམངས་ཕན་གྱི་ལག་ལེན་གསར་པའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས། “འདུ་ཤེས་གཅིག”འགྱུར་བ་གཏོང་དགོས་ཤིང་། བསམ་བློར་བཅིངས་འགྲོལ་དང་ལམ་བཤངས་གསར་གཏོད་བྱེད་པ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གོ་སྐབས་དམ་འཛིན་བཅས་བྱས་ཐོག བསམ་བློའི་ལྟ་བ་འགྱུར་ལྡོག་ཆེན་པོ་ཡོང་ཐབས་ལ་བརྟེན་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་པ་དང་། བསྒྱུར་བཅོས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས། “ཞན་ཆ་ཁག་གཅིག”གསབ་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། ཕྱི་ཕྱོགས་སུ་སྒོ་དབྱེ། གསར་གཏོད་ལ་བརྟེན་ནས་སྐུལ་སྤེལ་གཏོང་བ། འབྱུང་འཕྲོད་གོང་འཕེལ། འབྱུང་ཁམས་སྲུང་སྐྱོབ། ཤེས་ལྡན་པར་བརྟེན་ནས་འདེགས་སྐྱོར་བྱེད་པ། ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་པ་སོགས་ཐད་ཀྱི་མངོན་ཆེའི་ཞན་ཆར་དམིགས་ཏེ་ཕྱོགས་བསྡུས་ནུས་ཤུགས་བཏོན་ནས་གཙོ་ཆེའི་རྣམ་གྲངས་ཁག་གཅིག་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ་དང་། གོ་ཆོད་མ་འཇོག་ལ་བརྟེན་ནས་འཕར་སྣོན་བརྟན་པོ་ཡོང་བ་དང་གྲུབ་ཆ་ལེགས་སྒྲིག་གི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ་དཔལ་འབྱོར་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས། “སྙིང་སྟོབས་ཤིག”དར་སྤེལ་གཏོང་དགོས་ཤིང་། “རྒྱང་སྐྱོད་ཀྱི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་དེ“བོད་སྐྱོད་རྒན་རབས་པའི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་འཐབ། དེ་བཞིན་བསམ་བློ་གཅིག་ཏུ་གཏོང་བ་དང་ནུས་ཤུགས་གཅིག་ཏུ་འདོན་པ་བཅས་བྱས་ཏེ་ལས་དོན་ལ་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    ཚོགས་ཆེན་ཐོག་སྙན་སྒྲོན་ནང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུ་བཅས་སྐོར་གྱི་བཀོད་སྒྲིག་ལ་མོས་མཐུན་བྱས་ཡོད། ཚོགས་ཆེན་ཐོག་ནན་བཤད་བྱས་དོན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་མི་སུ་འདྲ་ཞིག་གིས་དུས་གང་ཞིག་ཏུ་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་བོད་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མེས་རྒྱལ་ནས་ཁ་བྲལ་གཏོང་དུ་གཏན་ནས་འཇུག་རྒྱུ་མིན། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་བྱེད་རྒྱུ་དེ“རང་གིས་བརྟན་ལྷིང་ཡོང་བ་བྱེད་དགོས་པ”ནས“རང་གིས་བརྟན་ལྷིང་ཡོང་བ་བྱེད་ཀྱི་ཡིན”གྱི་ཐད་འགྱུར་རྒྱུར་སྐུལ་སྤེལ་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཕྱི་རྒྱལ་ཕྱོགས་གཏོགས་ཀྱིས་ཁ་སྒྱུར་ཚོད་འཛིན་མ་ཐེབས་པ་བྱེད་རྒྱུ་དེ་དགོན་སྡེར་དོ་དམ་བྱེད་པའི་མཐའ་ཚད་དུ་བཟུང་རྒྱུ་མཐའ་འཁྱོངས་བྱས་ཏེ“ཁྲིད་སྟོན”བྱེད་ཕྱོགས་ཐད་ཤུགས་བརྒྱབ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཤིང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས་། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་གོང་འཕེལ་གྱི་བསམ་གཞི་གསར་པའི་ཐོག་ནས་གོང་འཕེལ་གྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་རྒྱུ་གཙོ་ཐིག་ཏུ་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་རིམ་སྤོར་གང་མགྱོགས་བྱེད་པ། གྲོང་ཁྱེར་གྲོང་གསེབ་དང་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་གཅིག་འདོམས་བྱེད་པ། བསྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། གོང་འཕེལ་གྱི་ཁོར་ཡུག་བཟང་པོ་གཏོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་པ། སྤྱི་ཚོགས་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་དེ་བས་ཡག་པ་མཉམ་སྤྱོད་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ནས་འབྱུང་ཁམས་སྔོན་དུ་འཇོག་རྒྱུའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འབྱུང་ཁམས་ཀྱི་ལས་གཞི་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ། འབྱུང་ཁམས་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྔོ་ལྗང་འབྱུང་ཁམས་རིག་གནས་སྐྱེད་སྲིང་བཅས་བྱས་ནས་གངས་ལྗོངས་ས་མཐོའི་རྩི་ཤིང་ཐམས་ཅད་དང་རི་ཆུ་ཚང་མར་སྲུང་སྐྱོབ་དངོས་འབྲེལ་ཡག་པོ་ཐུབ་པ་བྱེད་དགོས།

    ཚོགས་ཆེན་གྱིས་ནན་བཤད་བྱས་དོན། བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་འདི་ནི་ས་ཁད་མཐོ་ནའང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་པོ་དགོས་པའི་འདུ་ཤེས་བརྟན་པོ་འཛིན་དགོས་པ་དང་། བོད་ཀྱི་དངོས་ཡོད་ཆ་རྐྱེན་དམིགས་བསལ་ཆེ་ཡང་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱིས་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཐད་དམིགས་བསལ་གང་ཡང་མེད་པའི་འདུ་ཤེས་བརྟན་པོ་འཛིན་དགོས་པ། བོད་དུ་གསོ་རླུང་ཉུང་ཞིང་རླུང་གནོན་དམའ་ཡང་《ཚད་གཞི》དང་《སྲོལ་ཡིག》ལག་བསྟར་བྱེད་རྒྱུ་དང་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བའི་ཚད་གཞི་དམའ་རུ་གཏོང་མི་རུང་བའི་འདུ་ཤེས་བརྟན་པོ་འཛིན་དགོས། ཐོག་མཐའ་བར་གསུམ་དུ་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྟག་ཏུ་རང་འགུལ་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་སྲོག་ཤིང་ལ་མིག་ལྟོས། ཏང་གི་རིགས་གཞུང་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱེད་པ་དང་། རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་ལྷག་བསམ་རྣམ་དག་བྱེད་དགོས། བསམ་བློ་ཆབ་སྲིད་ལེགས་སྐྱོང་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་། ཏང་གི་སྤྱོད་ཚུལ་ལེགས་སྐྱོང་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་དུ་ཏང་གི་སྲིད་སྐྱོང་གནས་བབ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།

    ཚོགས་ཆེན་ཐོག་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་མིག་སྔ་དང་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་དང་དམ་འཛིན་གང་ལེགས་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། རུལ་སུངས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ཆབ་སྲིད་ཐད་ལ་སྐོར་ཞིབ་གཏིང་ཟབ་བྱེད་པ། སྲིད་གཙང་གི་སློབ་གསོ་མུ་མཐུད་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་། ལྷག་པར་དུ་མཐོ་རིམ་ལས་བྱེད་པ་དང་“གཙོ་འགན་འཁུར་མཁན་ཨང་དང་པོའི”འགག་རྩ་ཉུང་ཤས་ཀྱི་མི་སྣར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་འདོད་མེད་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་འཛུཌ་རྒྱུར་ཤུཌ་རྒྱག་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་ཆེན་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དད་མོས་བརྟན་པོ་དང་། དད་སེམས་བརྟན་པོ། སྒྲིག་ཁྲིམས་ནན་པོ། འགན་འཁྲི་ནན་འཁུར་བཅས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་བསྐྱོད་ཀྱིས་བློ་སེམས་གཅིག་མཐུན་དང་ལམ་བཤངས་ཡར་བརྩོན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པའི་ལེའུ་གསར་པ་བརྩམ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

    (བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།