འདི་ནི་བློ་མཐུན་བློ་བཟང་རྒྱལ་མཚན་ལྷ་སའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པའི་གནས་ཚུལ་ཡིན་པ།
ཚེས་15དང་16ཉིན། བློ་མཐུན་བློ་བཟང་རྒྱལ་མཚན་མངའ་རིས་དང་། ལྷ་ས། གཞིས་རྩེ་བཅས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་སྔ་རྗེས་སུ་ཞུགས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་བློ་མཐུན་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚབ་གནང་ནས་གནང་བའི་ལས་དོན་སྙན་སྒྲོན་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དགོངས་དོན་དང་
བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཁྱབ་ཏེ། ལྗོངས་ཏང་ཨུད་སྐབས་བརྒྱད་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་དཀའ་སྤྱད་འབད་འཐབ་ལས་ཐོབ་པའི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། འདས་ཟིན་པའི་ལོ་ལྔའི་ལས་ཀའི་ལག་ལེན་གྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་ཁྱད་ཆོས་དང་འགྱུར་ལྡོག་གསར་པ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལྗོངས་ཏང་ཨུད་སྐབས་དགུ་པའི་ལས་དོན་གྱི་སྤྱིའི་བླང་བྱ་དང་། འབད་འཐབ་དམིགས་ཚད། གཞི་རྩའི་ལས་འགན་བཅས་བཏོན་པ་དེ་ནི་ཀྲུང་དབྱང་གི་དགོངས་པ་དང་། བོད་ཀྱི་དོན་དངོས། རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་བཅས་དང་རྦད་དེ་མཐུན་པའི་ཐོག་བསམ་བློའི་རང་བཞིན་དང་། སྔ་བལྟས་ཕྱི་བསམ་གྱི་རང་བཞིན། དམིགས་སའི་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་ལྡན་པ་དང་། དེ་ནི་མ་འོངས་ལོ་ལྔའི་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་གྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པས་རྦད་དེ་མོས་མཐུན་དང་རྦད་དེ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས།
ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཐད། བློ་བཟང་རྒྱལ་མཚན་གྱིས་བླང་བྱ་བཞི་བཏོན་པ་སྟེ། གཅིག་ནས་ཏང་ནན་པོས་སྐྱོང་དགོས་ཤིང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་བྱས་ཏེ་ཏང་ལ་རྦད་དེ་བློ་དཀར་སེམས་དཀར་འཆང་བ་དང་། རྦད་དེ་བརྩི་བཀུར་ཞུ་བ། རྦད་དེ་དགའ་གཅེས་བཅས་ཐུབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་རྒྱུའི་མིག་དཔེ་བཏོན་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་པོར་བསྲུངས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་འཛུགས་དགོས། ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་ཡིན་མིན་ཆེན་པོའི་གནད་དོན་ཐད་ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་མཐའ་ཚད་བརྟན་པོ་བསྲུངས་ནས། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏམ་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ལངས་ཕྱོགས་བརྟན་པོ་དང་། རྣམ་འགྱུར་བརྟན་པོ། དར་ཆ་གསལ་སྟོན་བཅས་ཐུབ་པ་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་དང་། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལག་བསྟར། ཏན་ཏན་ཏིག་ཏིག་གི་སྒོ་ནས་དོན་འཁྱོལ་བཅས་བྱེད་དགོས།
གཉིས་ནས་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ལྷོད་གཡེང་སྤུ་ཙམ་ཡང་མ་བཏང་བ་དང་མུ་མཐུད་འབད་བརྩོན་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རྩ་ལག་མཉམ་བཅོས་དང་། དངོས་སྒྲུབ་གོ་ཆོད། གོ་ཆོད་ནུས་ལྡན་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་འདིར་སྟངས་འཛིན་ནན་པོ་བྱས་ཏེ་མི་རིགས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་རོགས་རམ། ཕན་ཚུན་དགའ་མོས། ཕན་ཚུན་སློབ་སྦྱོང་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ལྗོངས་བསྐྲུན་དགོས།
གསུམ་ནས་འཕེལ་རྒྱས་གཏོང་བར་ཕྱོགས་སྒྱུར་རིམ་སྤོར་བྱེད་དགོས་ཤིང་། དམངས་འཚོ་ལེགས་གཏོང་དང་སེམས་སྒྲིལ་ནུས་བསྡུ་མཐའ་འཁྱོངས་བྱ་རྒྱུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་མཁོ་སྤྲོད་དང་། རྨང་གཞིའི་སྒྲིག་བཀོད་སོགས་སྤྱི་པའི་ཐོན་རྫས་ཀྱི་མཁོ་སྤྲོད། ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཀྱི་མཁོ་སྤྲོད། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐོན་རྫས་ཀྱི་མཁོ་སྤྲོད། ཐོན་སྐྱེད་རྒྱུ་ཆའི་མཁོ་སྤྲོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རིམ་སྤོར་རྣམ་པ་ཧུར་ཐག་གཏོད་དགོས།
བཞི་ནས་སྣོད་བཅུད་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་ཤིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། བོད་ཀྱི་རི་ཆུ་ཀླུང་གསུམ་ནི་གསེར་རི་དང་དངུལ་རི་ཡིན་པ། རི་ཀླུང་ཁ་བས་བཏུམས་པའང་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་ཐོག་མཐའ་བར་གསུམ་དུ་བརྟན་པོ་སྲུང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་གཞི་ཚུགས་པ། “སྔོན་ལ་སྦགས་བཙོག་དང་དེ་རྗེས་བཅོས་སྒྲིག་དང་། སྔོན་ལ་གཏོར་བཤིག་དང་དེ་རྗེས་སྲུང་སྐྱོང”གི་ལམ་རྙིང་པར་གཏན་ནས་མི་འགྲོ་བ། སྣོད་བཅུད་ཁོར་ཡུག་བློས་བཏང་ནས་སྐད་ཅིག་གི་དཔལ་འབྱོར་སྤོར་བ་གཏན་འགོག་བྱས་ཏེ། ལྗང་མདོག་འཕེལ་རྒྱས་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། སྔར་བས་སྤུས་ཚད་ལྡན་པ་དང་། སྔར་བས་ཕན་འབྲས་ཆེ་བ། སྔར་བས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།