དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-11-03

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་པེ་ཅིང་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཧྲའོ་ཧྲེ་དང་བཞུགས་མོལ་གནང་ནས། འཕེལ་སྒྱུར་ཨུ་ལྷན་གྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་ཐད་བསམ་འཆར་བརྗེ་རེས་གནང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱུང་ཡོད་པ་རེད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོ་ལི་ཧྥུང་དང་ཀྲང་ཡུང་དང་། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེང་ཧྲན་ཅེ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་ལས་དོན་སྙན་སེང་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་།  ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བཟོ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་འདིང་བ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལག་བསྟར། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་སོགས་ཕྱོགས་མང་པོའི་ཐད་བོད་ལ་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བརྟེན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ”ཚུན། བོད་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྣོད་བཅུད་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་བྱུང་བ། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་བཅས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད་ལ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་དུས་མཚུངས་ལས་10.7%འཕར་ཡོད་པ་དང་། གྲོང་གསེབ་དང་གྲོང་རྡལ་གྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་11.5%དང་9.6%འཕར་བ། འཕེལ་རྒྱས་ཀྱི་སྤུས་ཚད་དང་། གྲུབ་ཆ། ཕན་འབྲས་བཅས་སྔར་བས་ལེགས་སུ་ཕྱིན་པས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་བཀྲ་ཤིས་བྱུང་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་བཅས་ལས་བྱུང་བ་ཞིག་ཡིན་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་2020ལོར་སླེབས་སྐབས་བོད་རྒྱལ་ཡོངས་དང་མཉམ་དུ་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་འཆམ་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁས་བླངས་པའི་བརྗིད་ཆེའི་དམ་བཅའ་ཞིག་རེད། རླབས་ཆེའི་དམིགས་ཚད་འདི་མངོན་འགྱུར་བྱེད་པར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཁ་འབྲལ་ཐབས་མེད་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྔར་རྒྱུན་བཞིན་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། “ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་ཇུས་གཞི་ལག་བསྟར་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གཙོ་གནད་རྣམ་གྲངས་ལ་ཞིབ་མཆན་མགྱོགས་མྱུར་འགོད་པ། སང་ལོའི་མ་འཇོག་འཆར་གཞི་བཀོད་སྒྲིག དུས་འབྲིང་རྣམ་གྲངས་ལེགས་སྒྲིག་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། བོད་ཀྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་འཇུར་མིག་གི་ཚོད་འཛིན་སེལ་རྒྱུར་སྐུལ་འདེད་དང་། རྣམ་གྲངས་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། མཁོ་སྤྲོད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། དམངས་འཚོ་ལེགས་བཅོས་བཅས་ལ་དེ་བས་ལེགས་ལ་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

    ཞུས་ཧྲའོ་ཧྲེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་དང་། གསར་འབྱེད་གསར་གཏོད། དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་དང་། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་གསར་པ་མངོན་འགྱུར་བཅས་ཀྱི་གྲུབ་འབྲས་དེ་དག་ནི་ལས་སླ་པོར་བྱུང་བ་ཞིག་མིན་ལ། དགའ་འོས་པ་ཞིག་དང་བཀྲ་ཤིས་བདེ་ལེགས་ཞུ་འོས་པ་ཞིག་ཡིན་ཞེས་གསུངས་ཤིང་། ཁོང་གིས་བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། བོད་ལ་གཟིགས་སྐྱོང་རྒྱབ་སྐྱོར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་པུའུ་ཨུད་ཁག་གི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། 《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཇུས་གཞི》མགྱོགས་མྱུར་གཤམ་སྤྲོད་ལག་བསྟར་བྱ་རྒྱུ་མ་ཟད། དོན་དངོས་ལ་གཞིགས་ནས་ལེགས་སྒྲིག་བྱས་ཏེ། རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན། དམིགས་བསལ་གྱི་བྱ་བ་དམིགས་བསལ་སྒྲུབ་པའི་རྩ་དོན་གཞིར་བཟུང་། ཆེད་དོན་ཞིབ་འཇུག་བྱས་ཏེ་ཐབས་ལམ་མང་པོའི་ཐོག་ནས་བོད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྔར་རྒྱུན་བཞིན་སེམས་ནུས་ཡོད་རྒུས་བོད་ཀྱི་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།