ཚེས་17ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། 2016ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱ་ཚུལ་བརྡ་ཁྱབ་བཏང་བ་དང་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་དུའི་ཐོག་མིག་སྔའི་དཔལ་འབྱོར་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལས་དོན་བཀོད་སྒྲིག་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅི་གོ་ཀང་གིས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱ་ཚུལ་བརྡ་ཁྱབ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་དུས་ཚིགས་མཐའ་མའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ས་ཁུལ་ཁག་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དབྱེ་ཕྲལ་བྱས་པའི་ལས་འགན་ལ་དམིགས་ནས། རེ་རེ་བཞིན་དོན་འཁྱོལ་བྱེད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། དམ་པ་དོན་གཉེར་བྱེད་པ་བཅས་ཀྱི་ཐོག་ནས་སྔོན་དཔག་གི་དམིགས་ཚད་ཚང་མ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་སྟེ། གཅིག་ནས་སྲིད་ཇུས་ཐད་ཀྱི་རྣམ་གྲངས་འབྲེལ་མཐུད་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས་ནས་ཡག་པོ་སྒྲུབ་དགོས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་ཇུས་གཞི་དོན་འཁྱོལ་བྱེད་པའི་ལས་དོན་སྔོན་ཚུད་ནས་ཡག་པོ་བསྒྲུབས་ཏེ། བོད་སྐྱོར་ཚོགས་འདུའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པའི་ཐོག་གི་གན་འཇོག་མ་དངུལ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་དང་།
གཉིས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ལས་འགོ་བཙུགས་པའི་རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ལས་འགོ་མ་འཛུགས་པའི་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་གོ་རིམ་གང་མགྱོགས་དོན་འཁྱོལ་བྱས་ནས་ལོ་འདིའི་ནང་ལས་འགོ་འཛུགས་ཐུབ་རིགས་དུས་ཚོད་དམ་འཛིན་གྱིས་སྐྲུན་འགོ་འཛུགས་རྒྱུར་དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་། སྤུས་ཚད་དང་ལྟ་སྐུལ་དོ་དམ་དེ་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་ཏན་ཏིག་བཅུག་ནས་འཛུགས་སྐྲུན་དང་། རྩད་ཞིབ། ཇུས་འགོད། ཨར་ལས། ལྟ་སྐུལ་དོ་དམ་བཅས་ཕྱོགས་ལྔའི་ཐད་ཀྱི་འགན་འཁྲིའི་གཙོ་གཟུགས་སྤུས་ཚད་ཀྱི་ཚེ་གང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་པ།
གསུམ་ནས་དབུལ་སྒྲོལ་འགག་སྒྲོལ་གཙོ་གནད་དུ་བྱས་པའི་དམངས་འཚོའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཤིང་། གནད་སྨིན་དབུལ་སྒྲོལ་དང་གནད་སྨིན་དབུལ་སྐྱོར་ལ་དམིགས་ནས། ཆ་སྒྲིག་རོགས་སྐྱོར་དང་། མ་དངུལ་བསྡུ་སྒྲིལ། གཏོང་ཕྱོགས་གཅིག་སྡུད་བཅས་གཏིང་ཟབ་ཏུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི“མཉམ་སྡེབ་བྱེད་ཐབས”ཡག་པོ་བཟོ་དགོས་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོའི་ཁ་གསབ་ལམ་སྲོལ་བཙུགས་ནས་གཞུང་ཁོངས་ཁེ་ལས་ཀྱི་ལས་ཐོག་ལས་བཟོའི་གླ་ཕོགས་མཐོ་རུ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་མང་དུ་གཏོང་དགོས་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ། ཚོགས་སྒྲིག་རྣམ་པའི་སྨན་བཅོས་དང་སློབ་གསོ་ཤེས་ལྡན་པའི་བོད་སྐྱོར་ལས་དོན་ཡག་པོ་སྤེལ་དགོས་པ།
བཞི་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། “སྣ་ཁ་མང་དུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་གཏོད་པ”བཅས་དང་། “ལེགས་གྲས་ཅན་དང་། འབྲིང་གྲས་ཅན། ཚོང་ཟོག་ཅན”བཅས་ཀྱི་བླང་བྱར་དམིགས་ནས། ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་སྟེ། ཐོན་ལས་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ།
ལྔ་ནས་སྒྱུར་བཅོས་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། ལྷུག་གཏོང་དང་། དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ནུས་ལྡན་གྱི་དགོས་མཁོ་ཆེ་རུ་གཏོང་བ་དང་། ནུས་ལྡན་གྱི་མཁོ་སྤྲོད་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་ནས་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ།
དྲུག་ནས“དམར་ཐིག་གསུམ”བརྟན་སྲུང་བྱེད་དགོས་ཤིང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པ་དང་། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་གྱི་གྲ་སྒྲིག་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ།
བདུན་ནས་ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་བསམ་འཆར་ལེགས་སྒྲིག་དང་དོན་འཁྱོལ་བྱས་ནས་རང་བཤེར་རང་བརྗོད་གཏིང་ཟབ་བྱེད་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་ལས་རིགས་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་སོ།