དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཀྲུའུ་ཞའོ་ཏན་དང་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-10-05

     ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་རྣམ་གྲངས་དུས་བཀག་ལྟར་སྤྱིའི་ཆ་ནས་བསྐྲུན་ཟིན་པའི་མཚམས་སུ། ཟླ་10ཚེས་1ཉིན་གྱི་དགོང་མོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཀླུ་ནང་གྲོང་རྡལ་དུ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པའི་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཀྲུའུ་ཞའོ་ཏན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་འཛིན་ལྷན་ཚོགས་ཀྱི་ཨུ་ཡོན་ཨའོ་མོན་ཁང་ཙེ་བཟོ་ཚོང་གི་ཏུང་ཧྲི་ཀྲང་ལེའོ་ཙེ་ཡུན་སོགས་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣ་བཅས་པ་དང་མཇལ་འཛོམས་གནང་བ་དང་འབྲེལ་ཀྲུའུ་ཞའོ་ཏན་དང་ལྷན་དུ་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་འཐུས་མིས་ཉིང་ཁྲི་གྲོང་ཁྱེར་ལ་ཀླུ་ནང་ཡུལ་སྐོར་འཕེལ་རྒྱས་དབུལ་སྐྱོར་ཐེབས་རྩ་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞའོ་ཏན་དང་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས་གནང་ཞིང་། ཀོང་ཏུང་ཞིང་ཆེན་གྱིས་སྔར་ནས་ད་བར་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་བཅས་ཀྱི་བྱ་གཞག་ཁག་ལ་རོགས་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་འཐུས་མི་ཚོགས་པའི་གཅེས་སེམས་རོགས་སྐྱོར་ལའང་ཐུགས་རྗེ་ཆེ་ཞུས་གནང་བ་རེད། དེ་དང་ཆབས་ཅིག་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་འཐུས་མི་ཚོགས་པར་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། ཡུལ་སྐོར་ཐོན་ཁུངས། ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་བཅས་ངོ་སྤྲོད་གནང་། ཁོང་གིས་བོད་རང་སྐྱོང་ལྗོངས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དབར་སྤེལ་རེས་དང་འགྲོ་འོང་ཟབ་མོ་ཡོད། ཤང་ཀང་དང་ཨའོ་མོན་གྱི་མི་སྣས་བོད་དུ་ཡུལ་སྐོར་དང་མ་འཇོག་ལས་གཏོད་གནང་བར་མང་ཙམ་ཕེབས་ཏེ་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུའི་རེ་བ་ཟོལ་མེད་བཅངས་ཡོད་ཅེས་གསུངས་པ་རེད།

    ཀྲུའུ་ཞའོ་ཏན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀོང་ཏུང་གི་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་མཛུབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་འཐུས་མིས་ཀོང་ཏུང་གི་བོད་སྐྱོར་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་མཚམས་སྦྱོར་བརྒྱུད་ཤང་ཀང་དང་ཨའོ་མོན་གྱི་ཡུལ་སྐོར་བ་དང་ལྷག་པར་དུ་ན་གཞོན་དེ་བས་མང་བ་བོད་ལྗོངས་དང་ཉིང་ཁྲིར་ཡུལ་སྐོར་དུ་ཡོང་རྒྱུར་ཡིད་དབང་འགུག་རྒྱུའི་རེ་བ་ཡོད་ལ་ཤང་ཀང་དང་ཨའོ་མོན་གྱི་ཡུལ་སྐོར་ལས་རིགས་ཀྱིས་ཉིང་ཁྲིའི་ཡུལ་སྐོར་བྱ་གཞག་འཛུགས་སྐྱོང་ཁྲོད་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག བློ་བཟང་རྒྱལ་མཚན་དང་ཀྲུའུ་ཞའོ་ཏན་གྱི་ཐུན་མོང་བདེན་དཔང་གནང་ཐོག་ལེའོ་ཙེ་ཡུན་གྱིས་ཤང་ཀང་དང་ཨའོ་མོན་གྱི་གྲགས་ཅན་མི་སྣའི་འཐུས་མི་ཚོགས་པའི་ཚབ་བྱས་ནས་ཉིང་ཁྲི་གྲོང་ཁྱེར་ལ་ཀླུ་ནང་ཡུལ་སྐོར་འཕེལ་རྒྱས་དབུལ་སྐྱོར་ཐེབས་རྩ་ཞལ་འདེབས་སུ་ཕུལ་བ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་འགན་འཁུར་བས་སྐྱེས་ལན་དུ་གཟི་བརྗིད་སྒོ་བན་ཕུལ་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།