དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོར་བཅའ་སྡོད་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་བྱང་ཤར་གྱི་གཞུང་ཚབ་ཆེ་མོ་བའི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-12

    ཚེས་10ཉིན་གྱི་ཕྱི་དྲོ་ལྷ་སར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གདན་ཞུས་ལྟར་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ལ་ཕེབས་པའི་ཀྲུང་གོར་བཅའ་སྡོད་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་བྱང་ཤར་གྱི་གཞུང་ཚབ་ཆེ་མོ་བའི་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་མཇལ་འཛོམས་ལ་ལྷན་དུ་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བོད་ཀྱི་འགྲེམས་ཚོགས་ལ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོར་བཅའ་སྡོད་གཞུང་ཚབ་་ཆེ་མོ་བ་ཁག་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་སེམས་ཁུར་དང་། བསམ་ཤེས། རྒྱབ་སྐྱོར་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ང་ཚོས་2014ལོ་ནས་བཟུང་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་གཉེར་འགོ་ཚུགས་པ་དང་། མིག་སྔར་སྐབས་གཉིས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཟིན་ནས་རྒྱལ་ཁབ་ཕྱི་ནང་དུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་རྒྱ་ཁྱབ་ངང་ཐེབས་ནས་བོད་ལྗོངས་འགྲེམས་ཚོགས་འདི་ཉིད་བོད་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འགུག་ཤུགས་མངོན་པར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་པ་དང་། སྤེལ་རེས་ལ་སྐུལ་གཏོང་དང་། བསམ་ཤེས་ཟབ་གཏོང་། མཛའ་མཐུན་ཆེར་གཏོང་བཅས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་པ། བོད་ལྗོངས་སྒོ་དབྱེ་འཕེལ་རྒྱས་དང་། མཉམ་འགུལ་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་པ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་དང་། འཛམ་གླིང་གི་ཡུལ་སྐོར་དམིགས་ས། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེན་པོ་བཅས་སུ་བསྐྲུན་པའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་སྲིད་གཞུང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ས་ཁུལ་དང་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་རླབས་རྒྱུན་དང་འཚམ་གྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་རང་ལྗོངས་ཀྱི་གནས་ཡུལ་ལེགས་ཆར་གཞི་ཚུགས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གང་མྱུར་བསྐྲུན་ནས་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་བཏང་ནས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་ཁག་དང་ཁྱབ་ཁོངས་མང་པོའི་ཐད་ཨེ་ཤེ་ཡ་བྱང་ཤར་གྱི་རྒྱལ་ཁབ་དང་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་པོའི་མི་དམངས་དབར་ཤེས་རྟོགས་དང་མཛའ་མཐུན་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྷན་རྒྱས་ལྷག་བསམ་ཟོལ་མེད་ངང་གདན་འདྲེན་ཞུས་ནས་བོད་ཀྱི་གང་སར་མང་ཙམ་བསྐྱོད་པ་དང་མང་ཙམ་བལྟས་ནས་གྲོགས་པོ་ཚོས་དངོས་ཡོད་དང་དེ་བས་སྒོ་མོ་དབྱེ་བའི་ཀྲུང་གོའི་བོད་ལྗོངས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ངོ་སྤྲོད་གནང་རྒྱུའི་རེ་བ་ཟོལ་མེད་ཡོད་ཅེས་གསུངས་པ་རེད།

    མཱ་སུའུ་ཏེ་·ཧ་ལི་ཏེས་གཞུང་ཚབ་ཆེ་མོ་བའི་འཐུས་མི་ཚོགས་པའི་ཚབ་ཞུས་ནས་བོད་མི་དམངས་ཀྱི་མགྲོན་འབོད་སྣེ་ལེན་ལ་སེམས་རྩ་འཁོལ་པོས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་དབྱང་སྲིད་གཞུང་གི་དོ་ཁུར་དང་མ་འཇོག་འོག་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། འགྲིམ་འགྲུལ་སོགས་ཐད་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཁར་མི་རིགས་ཁག་ཞི་མཐུན་མཉམ་གནས་ཡོད་པར་ངས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་སོགས་ཀྱི་འཆར་གཞིས་ཞི་བདེ་དང་དར་རྒྱས་ལ་སྐུལ་མ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་ཐད་ཕན་ཐོགས་ཡོད་པས་བོད་དང་ཕན་ཚུན་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།