དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཕྱི་དོན་དང་དྲིལ་བསྒྲགས་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-05

    ཟླ་9ཚེས་2ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཕྱི་དོན་དང་དྲིལ་བསྒྲགས་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཞིབ་ཚགས་ནན་པོ་དང་འཐུས་ཚང་གང་ལེགས་ཀྱི་སྒོ་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་ཕྱི་དོན་དང་དྲིལ་བསྒྲགས་ལས་དོན་ཏན་ཏིག་བསྒྲུབ་རྒྱུའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཕྱི་དོན་ཚོགས་ཆུང་གི་སྐུ་མགྲོན་གདན་ཞུ་དང་། བྱེད་སྒོའི་བཀོད་སྒྲིག སྣེ་ལེན་ཞབས་ཞུ། བདེ་འཇགས་བདེ་སྲུང་སོགས་ཀྱི་འབྲེལ་ཡོད་ལས་དོན་གྱི་སྙན་སེང་གསན་པ་རེད། བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འགྲེམས་ཚོགས་ནི་བོད་དང་འབྲེལ་བའི་ཕྱི་དོན་བྱེད་སྒོ་ཆེན་པོ་ཞིག་ཡིན་པས་ཕྱི་དོན་བྱེད་སྒོར་དོན་ཆུང་མེད་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ་མཐོང་ཆེན་པོ་དང་། ཞིབ་ཕྲར་དོ་སྣང་། གནད་སྨིན་གྲ་སྒྲིག་བཅས་བྱས་ནས་འཕྱུགས་པ་མེད་པའི་ངང་བོད་ལྗོངས་འགྲེམས་ཚོགས་ཀྱི་ཕྱི་དོན་ལས་དོན་ཁག་གི་ལས་འགན་ཁག་ཐུགས་གྲ་ལེགས་གྲུབ་ཡོང་བ་འགན་ལེན་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཆེད་དོན་ཚན་ཁག་འཛུགས་པ་དང་། འགན་འཁྲི་གསལ་པོ་བཟོ་བ། འབྲེལ་གཏུག་ཤར་གཏོང་། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་བོད་ལྗོངས་འགྲེམས་ཚོགས་ཀྱི་ཕྱི་དོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། དོ་དམ་འགན་འཁྲི་དོན་འཁྱོལ་གྱིས“སུས་གདན་འདྲེན་ཞུས་ན་དེས་སྣེ་ལེན་བྱེད་པ་དང་། དེས་འགན་འཁུར་དགོས་པའི”རྩ་དོན་ལྟར་ཕྱི་དོན་ལས་དོན་གྱི་སྒྲིག་སྲོལ་ནན་དུ་བཏང་ནས་ཁོངས་གཏོགས་ལྟར་སྤྱི་འདོམས་དོ་དམ་དང་། བཀོད་སྒྲིག་གཅིག་འདོམས། རང་འགུལ་སྙན་ཞུ། དུས་ཐོག་འབྲེལ་གཏུག་བཅས་བྱེད་དགོས། ཕྱི་ཕྱོགས་འགྲོ་འོང་གི་གུས་སྲོལ་ལ་དོ་སྣང་དང་། སྣེ་ལེན་ཇུས་གཞི་ཞིབ་ཕྲ་རུ་གཏོང་བ། སྣེ་ལེན་མི་སྣའི་གསོ་སྦྱོང་ཡག་པོ་བྱེད་པ། བོད་མི་རིགས་ཀྱི་མགྲོན་པོ་བསུ་ལུགས་མཉམ་དུ་འདུས་པ། སྨན་བཅོས་དང་འགྲིམ་འགྲུལ་སོགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། གདན་ཞུས་སྐུ་མགྲོན་ལ་རྒྱལ་སྤྱི་ཅན་གྱི་སྣེ་ལེན་ཆུ་ཚད་ཚོར་ཐུབ་པ་དང་བོད་མི་དམངས་ཀྱི་སྤྲོ་སེམས་འཁོལ་ལ་མགྲོན་པོར་དགའ་བའི་བསམ་པའི་ཉམས་འགྱུར་ཚོར་ཐུབ་པའི་འགན་ལེན་བྱེད་དགོས། བྱེད་སྒོ་བཀོད་སྒྲིག་ཡག་པོ་བྱས་ཏེ་བོད་ལྗོངས་འགྲེམས་ཚོགས་ཀྱི་བྱེད་སྒོ་གཙོ་བོ་སྒྲིག་འཛུགས་ནན་པོ་བྱེད་དགོས་པ་དང་། ལྟ་སྐོར་གྱི་ནང་དོན་བཀོད་སྒྲིག་ཞིབ་ཚགས་ཀྱིས་སྐུ་མགྲོན་རྣམས་འཕེལ་རྒྱས་ཀྱི་ཡུལ་དངོས་དང་མི་སེར་ཕལ་བའི་ཁྱིམ་དུ་བསྐྱོད་དུ་བཅུག་ནས་མང་ཙམ་འགྲོ་བ་དང་མང་ཙམ་ལྟ་བ་བརྒྱུད་དེ་བོད་ཀྱི་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་དངོས་སུ་རྟོགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་དྲིལ་བསྒྲགས་ཚོགས་ཆུང་གི་གསར་འགོད་པ་གདན་ཞུ་དང་དྲིལ་བསྒྲགས་བཀོད་སྒྲིག་སོགས་ཀྱི་འབྲེལ་ཡོད་ལས་ཀའི་སྙན་སེང་གསན་པ་མ་ཟད། བོད་ལྗོངས་འགྲེམས་ཚོགས་ཀྱི་དྲིལ་བསྒྲགས་པར་གཞིར་གྲོས་ཞིབ་ཀྱང་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།