ཟླ་9ཚེས་5ཉིན་པར་སྐྲུན་བྱ་རྒྱུ་ཡིན་པའི་འདོན་ཐེངས་9པའི《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་བློ་མཐུན་ཅང་ཅེའི《དུས་བབ་གསར་པའི་འོག་བོད་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས》ཞེས་པའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་འདོན་རྒྱུ་ཡིན་པ་རེད།
རྩོམ་ཡིག་ནང་བོད་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཐོག་མཐའ་བར་གསུམ་དུ་འཛུགས་པ་དང་། “དར་ཆ་མཐོར་སྒྲེང་། སྟོན་ཕྱོགས་སྣེ་འདྲེན། ལྟེ་བར་དམིགས་པ། སྤྱི་ཡོངས་ཞབས་ཞུ། དམངས་ལ་མཐུན་སྒྲིལ། ངར་ཤུགས་སློང་བ། སྲོལ་བཟང་ཡར་སྐུལ། སེམས་ནུས་གཅིག་སྒྲིལ། ནོར་འཁྲུལ་ཡོ་བསྲང་། ཡིན་མིན་གསལ་འབྱེད། ཀྲུང་ཕྱི་སྦྲེལ་མཐུད། འཛམ་གླིང་ཀུན་སྦྲེལ”བཅས་ཀྱི་འགན་འཁྲི་ཏན་ཏིག་ངང་ལག་བསྟར་ཡག་པོ་བྱེད་པ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་དེར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་ཁྱོན་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ། དྲང་ཕྱོགས་ནས་བོད་དྲིལ་བསྒྲགས་བྱ་རྒྱུ་ལྷོད་གཡེང་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གླེང་ཕྱོགས་ཀྱི་འཐབ་རྩོད་ཁྲོད་རལ་གྲི་གཤོམ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་འཛིན་པའི་ཏང་གི་གཙོ་ཁྲིད་དབང་ཆ་དང་དོ་དམ་དབང་ཆ་སྟངས་འཛིན་ཡང་དག་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་ཡིག་ནང་བོད་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་པར་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་དེ་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་རྒྱ་མིག་ལྟ་བུར་བརྩིས་ཏེ། གསར་འགྱུར་ཁྱབ་སྤེལ་གྱི་ཆོས་ཉིད་ལ་སྲུང་བརྩི་ཞུ་བ་དང་། གསར་འགྱུར་ཇུས་འགོད་ལ་བརྟེན་ནས་ངོ་མཚར་གསར་པ་གཏོད་པ། མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གོ་སྐབས་མྱུར་འཛིན་བྱེད་པ། གླེང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིར་ཁྱབ་སྤེལ་བྱས་ནས་གཟུགས་བརྙན་མངོན་པར་བྱེད་པ་བཅས་ཀྱི་ཐོག་ནས་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་ཆབས་ཅིག“གསུང་བཤད་སློབ་སྦྱོང་དང་། ཧེ་བག་འཚོལ་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་བྱེད་སྒོ་ནན་ཏན་ངང་སྤེལ་ནས། ཏང་གི་སྲིད་ཇུས་དང་འདོད་ཚུལ་གྱི་ཁྱབ་སྤེལ་པ་ཞིག་དང་། དུས་རབས་འགྱུར་ལྡོག་གི་ཟིན་ཐོ་འགོད་མཁན་ཞིག སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ་ཞིག དྲང་སྙོམས་དྲང་བདེན་གྱི་ལྟ་སྲུང་བ་ཞིག་བཅས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།