ཚེས་24ཉིན་པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། པེ་ཅིང་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུས་བཅས་ཀྱིས་མཉམ་དུ་པར་བླངས་པའི་རྒྱལ་གཅེས་ནང་དོན་གྱི་ལོ་རྒྱུས་སྙན་ངག་གློག་བརྙན《བོད་སྡོད་ཨམ་བན》ལྷ་སར་པར་ལེན་འགོ་ཚུགས་པ་རེད། ཚེས་25ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ《བོད་སྡོད་ཨམ་བན》པར་ལེན་བྱ་ཡུལ་དུ་ཆེད་མངགས་ཕེབས་ནས་འཁྲབ་སྟོན་པ་དང་ལས་མི་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
ཅང་ཅེས《བོད་སྡོད་ཨམ་བན》ནི་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་དམག་མི་མངགས་ནས་ཕྱི་རྒྱལ་གྱི་བཙན་འཛུལ་ལ་འགོག་རྒོལ་དང་བོད་ས་གནས་ལ་དོ་དམ་བྱ་ཤུགས་ཆེ་རུ་ནུས་ལྡན་བཏང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། མི་དམངས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ནུས་ལྡན་བྱས་ལུགས་བརྗོད་བྱ་གཙོ་བོར་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་ལོ་རྒྱུས་བརྗོད་བྱའི་གློག་བརྙན་གལ་ཆེན་ཞིག་རེད། 《བོད་སྡོད་ཨམ་བན》པར་ལེན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ལ་བརྟེན་ཏེ་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པས་དེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་ཀྱིས་ལྟད་མོ་བ་དེ་བས་མང་བ་ཞིག་གིས་བོད་ལྗོངས་དང་མེས་རྒྱལ་གྱི་ལོ་རྒྱུས་འབྲེལ་བ་ཟབ་མོ་ཤེས་རྟོགས་ཐུབ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།