ཚེས་26ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་བོད་ལྗོངས་འགྲེམས་ཚོགས་གཉེར་ཡུལ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་ཕེབས་ནས་འགྲེམས་ཁང་ཨང་དང་པོ་དང་གཉིས་པ་དང་འགོ་ཚུགས་མཛད་སྒོ་སྤེལ་ཡུལ་དུ་གཟིགས་ཞིབ་གནང་སྟེ་ལས་དོན་ཁག་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་འབྲེལ་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུའི་ཐད་ས་གནས་ས་ཐོག་ཏུ་བཀོད་སྒྲིག་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་སོགས་ཞིབ་བཤེར་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་སྔོན་ཚུད་ནས་གཏན་འཁེལ་བྱས་པའི་འགྲེམས་གཟིགས་ལམ་ཐིག་བརྒྱུད་ནས་ཇུས་འགོད་ཇུས་གཞིར་ཞིབ་བསྡུར་དང་སྙན་སེང་ངོ་སྤྲོད་དང་ཟུང་འབྲེལ་གནང་ནས་འགྲེམས་ཁང་དང་པོའི་ནང་གི་འགྲེམས་སྟོན་གོ་རིམ་དང་། ཡུལ་སྐོར་འགྲེམས་ཁུལ། རིག་གནས་འགྲེམས་ཁུལ། རང་བྱུང་འཐུང་ཆུའི་འགྲེམས་ཁུལ། འགྲེམས་སྟོན་འགྲེམས་ཚོང་དང་འགྲེམས་ཁང་གཉིས་པའི་ནང་གི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་འགྲེམས་སྟོན་གྱི་ནུས་པ་བཀོད་སྒྲིག་དང་འགྲེམས་ཁུལ་བཀོད་སྒྲིག་བྱེད་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་འབྲེལ་འགོ་ཚུགས་མཛད་སྒོ་སྤེལ་ཡུལ་བཀོད་སྒྲིག་དང་བརྙན་འཕྲིན་ཐད་གཏོང་སོགས་ཀྱི་འབྲེལ་ཡོད་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་མིག་སྔར་ནུས་པ་ཁུལ་ཁག་གིས་ཇུས་འགོད་ཇུས་གཞི་གཞིར་བཟུང་། དུས་ཚོད་དམ་འཛིན་དང་གོ་རིམ་ལྡན་པའི་ངང་ལས་དོན་ཏན་ཏིག་སྤེལ་བཞིན་ཡོད་པས་སྤྱིའི་འཕེལ་ཕྱོགས་བཟང་པོ་ཡོད། ད་ལྟ་བོད་ལྗོངས་འགྲེམས་ཚོགས་གྲ་སྒྲིག་མཐའ་མའི་དུས་མཚམས་སུ་སླེབས་ཡོད་པས་དུས་ཚོད་དམ་འཛིན་ངང་འགྲེམས་ཁུལ་བཟོ་སྐྲུན་དང་ལས་དོན་ཁག་མགྱོགས་མྱུར་སྤེལ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། སྤྱི་ཡོངས་ཀྱི་ཕན་འབྲས་བཟང་པོ་ཐོན་རྒྱུ་དང་འབྲེལ་བ་ཡོད་ལ་དུས་ཚོད་ཛ་དྲག་པ་དང་། བླང་བྱ་མཐོ་བ། ཞིབ་ཕྲའི་གནད་དོན་མང་བ་སོགས་ཐད་ཀྱི་རྒྱུ་རྐྱེན་ཡང་གནས་ཡོད་སྟབས་མཐའ་མའི་དུས་སུ་ཇི་ཙམ་སླེབས་ཚེ་དེ་ཙམ་གྱིས་ལྷོད་གཡེང་གཏོང་མི་རུང་བ་དང་དེ་ཙམ་གྱིས་སེམས་ནུས་གཅིག་སྒྲིལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
འགྲེམས་སྟོན་བཀོད་སྒྲིག་དང་། གྲོན་ཆུང་བསྲི་ཚགས་ངང་འགྲེམས་ཚོགས་གཉེར་བ། བདེ་འཇགས་ལས་དོན་བཅས་ལ་དམིགས་ནས་བློ་བཟང་རྒྱལ་མཚན་གྱིས“བདེ་འཇགས་ཨང་དང་པོ་དང་ཞི་མཐུན་གོ་རིམ་ལྡན་པ”དང་བདེ་སྲུང་ལས་དོན་“མིག་མངས་སྒྲིག་སྐོར་གཅིག”ཡིན་པའི་བསམ་བློ་བརྟན་པོ་བཙུགས་ནས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། ཁོངས་གཏོགས་འགན་འཁྲི་དོན་འཁྱོལ། ཇུས་གཞི་སྔར་ལས་ཞིབ་ཕྲ། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་། བདེ་སྲུང་ལས་དོན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ། ལས་ཀའི་འགན་འཁྲིར་ཤུགས་སྣོན་བཅས་ཀྱི་ཐོག་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་བྱེད་སྒོ་ཁག་བདེ་འཇགས་ལྡན་པའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།