ཟླ་8 ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་དང་ལས་འགན་འཁུར་རྒྱུ་བརྟན་གཏོང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་བྱང་ཚད་མཐོར་གཏོང་། ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བྱས་འབྲས་ཟམ་མི་ཆད་པར་མདུན་ཕྱོགས་སུ་གསར་འབྱེད་ཡོང་བ་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་སོགས་སློབ་སྦྱོང་ལ་ཕེབས་ཡོད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་ནི་ཏང་ཡོངས་ཀྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་ཆབ་སྲིད་བསྒྲགས་གཏམ་ཞིག་དང་རང་རེའི་ཏང་ལ་ཁྲིད་སྟོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་སྐུལ་སྤེལ་ཧུར་ཐག་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། གསུང་བཤད་ནང་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ཕྱིར་དྲན་དང་ཉམས་མྱོང་རྩ་ཆེན་ཕྱོགས་སྡོམ་གྱིས་ཏང་ཡོངས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ཡོད། “ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུའི”ཕྱོགས་བརྒྱད་ཀྱི་བླང་བྱར་བརྟེན་ནས་ཏང་ཡོངས་ཀྱི་གསར་འབྱེད་མདུན་སྐྱོད་ཀྱི་བློ་སྤོབས་དང་འབད་བརྩོན་ལྷོད་མེད་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད། དེང་སྐབས་བོད་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་པ་མ་ཟད། རླབས་ཆེན་གྱི་ཏང་དང་། རླབས་ཆེན་གྱི་མེས་རྒྱལ། རླབས་ཆེན་གྱི་ལམ་ལུགས། རླབས་ཆེན་གྱི་དུས་རབས། རླབས་ཆེན་གྱི་བྱ་གཞག་བཅས་ཀྱིས་ང་ཚོར་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མངོན་པར་བྱས་ཁར། ང་ཚོར་སྔར་བས་གསར་པ་དང་། སྔར་བས་མཐོ་བ། སྔར་བས་གཟི་བརྗིད་ལྡན་པ་བཅས་ཀྱི་ལས་འགན་ཞིག་བསྩལ་ཡོད་ཅེས་གསུངས།
བློ་བཟང་རྒྱལ་མཚན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པར་ངེས་པར་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་འགན་འཁྲིའི་ལས་འགན་དང་རྩ་བའི་དགོངས་དོན་བློ་ལ་ངེས་པ་དང་། མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་ཀྱིས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། མི་དམངས་ལ་ཕན་བདེ་བསྐྲུན་པའི་བྱ་གཞག་གོང་འཕེལ་ལ་རྒྱུན་མི་ཆད་པར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པར། ངེས་པར་དུ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་སྤེལ་གཏོང་བའི་ལས་འགན་ལྕི་པོ་ཏན་ཏིག་ངང་འཁུར་དགོས། ལྟེ་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་ལས་ཀའི་ལས་འགན་ཁག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱ་རྒྱུའི་དམིགས་ཚད་ཐད་སྔར་བས་གཞོལ་བ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་དུས་ཐོག་ཏུ་བསྐྲུན་ནས། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁས་ལེན་ནན་པོ་བྱས་པ་མངོན་འགྱུར་ཡོང་བར་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ་སྤྱི་ཚོགས་དུས་བབ་རྒྱུན་སྲིང་དང་། ཡུན་རིང་། ཁྱོན་ཡོངས་བཅས་ཀྱི་བརྟན་ལྷིང་ལ་འགན་ལེན་བྱེད་དགོས། དམངས་འཚོ་སྔོན་སྤེལ་མཐའ་འཁྱོངས་ཀྱིས་རྒྱུ་ཤུགས་དང་། དངོས་ཤུགས། མི་ཤུགས་བཅས་སྔར་བས་མང་པོ་གཞི་རིམ་དང་། ཉམས་ཞན་ཚོགས་སྤྱི། དཀའ་ངལ་ཡོད་པའི་མང་ཚོགས་བཅས་སུ་ཕྱོགས་པ་དང་། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤུགས་ཆེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་ལེགས་པའི་སློབ་གསོ་དང་། སྔར་བས་བརྟན་པའི་ལས་ཀ སྔར་བས་བློ་ཡིད་ཚིམ་པའི་ཡོང་འབབ། སྔར་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་ལེན། སྔར་བས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ། སྔར་བས་བག་ཕེབས་ཀྱི་སྡོད་ཁང་ཆ་རྐྱེན། སྔར་བས་ལྟ་ན་སྡུག་པའི་ཁོར་ཡུག་བཅས་ཟམ་མི་ཆད་པར་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས།
བློ་བཟང་རྒྱལ་མཚན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པར་ངེས་པར་དུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏན་ཏིག་ངང་ཡག་པོ་སྤེལ་དགོས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་བཟོས་པའི《སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི》ལྟར་སློབ་སྦྱོང་གི་བླང་བྱར་དམ་འཛིན་གང་ལེགས་དང་། ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་ཡག་པོ། སྣེ་ཁྲིད་དཔེ་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད། སྣེ་ཁྲིད་ནས་སློབ་སྦྱོང་དང་། སྣེ་ཁྲིད་ནས་འགྲེལ་བཤད། སྣེ་ཁྲིད་ནས་འཐབ་ས་དང་པོར་སྐྱོད་པ། ཤེས་སྤྱོད་གཅིག་གྱུར། སློབ་སྦྱོང་དང་ཚད་ལོན་ཟུང་འབྲེལ་བཅས་ཀྱི་སྒོ་ནས་བསམ་བློའི་ངོས་འཛིན་ལ་མཐོར་འདེགས་གསར་པ་ཡོད་པ་དང་། ལས་དོན་འཆར་འགོད་ལ་བཀྲག་མདངས་འཚེར་ས་གསར་པ་ཡོད་པ། འཕེལ་རྒྱས་སྐུལ་གཏོང་ལ་ཕན་འབྲས་གསར་པ་ཡོད་པ་བཅས་ཏན་ཏིག་བྱས་ནས་མིག་སྔའི་དུས་བབ་བཟང་པོ་རྒྱུན་མི་ཆད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།