དབུ་ཤོག>སྲིད་དོན།
  • ​ གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣས་བུ་ཕྲུག་སློབ་རིམ་འཕར་བ་སོགས་ལ་ཁ་གཡར་ནས་རྒྱས་སྤྲོས་རྒྱས་གཤོམ་གཏན་ནས་བྱེད་མི་ཆོག་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-02

    མིག་སྔར་མཐོ་རྒྱུགས་དང་། འབྲིང་རྒྱུགས། ཆུང་རྒྱུགས་སོགས་སློབ་བསྡུའི་ཡིག་རྒྱུགས་ཀྱི་བརྡ་ཐོའི་ཡི་གེ་གཏོང་བའི་དུས་མཚམས་སུ་སླེབས་པས་བུ་ཕྲུག་སློབ་རིམ་འཕར་བར་ཁ་གཡར་ནས་རྒྱས་སྤྲོས་རྒྱས་གཤོམ་བྱེད་པའི་སྣང་ཚུལ་ཤུགས་ཆེ་རུ་ཕྱིན་ཡོད། ཚུལ་མིན་སྤྱོད་ཚུལ་དེ་རིགས་བཀག་འགོག་ནན་པོ་བྱས་ནས་སྤྱོད་བཟང་སྒྲིག་ནན་ཐུབ་པ་བྱ་ཆེད། ཟླ་7ཚེས་29ཉིན་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱིས《གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣས་བུ་ཕྲུག་སློབ་རིམ་འཕར་བ་སོགས་ལ་ཁ་གཡར་ནས་རྒྱས་སྤྲོས་རྒྱས་གཤོམ་གཏན་ནས་བྱེད་མི་ཆོག་པའི་སྐོར་གྱི་བརྡ་ཐོ》བཏང་ནས་སྒྲིག་ཁྲིམས་ཀྱི་བླང་བྱ་བསྐྱར་བཤད་དང་ཐེར་འདོན་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ཐོག་ཚུལ་མིན་སྤྱོད་ཚུལ་དེ་རིགས་བཀག་འགོག་ནན་པོ་བྱས་པ་རེད།

    བརྡ་ཐོའི་ནང་ལྗོངས་ཡོངས་ཀྱི་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣས་སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལག་ལེན་བསྟར་ནས་རང་གི་བཟའ་ཟླ་དང་ནང་མིར་དོ་དམ་ནན་པོ་བྱས་ཏེ“མི་ཆོག་པ་ལྔ”ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས་པ་སྟེ། བྱ་ཐབས་གང་རུང་གི་ཐོག་ནས“དགའ་སྐྱེལ”དང“སློབ་རིམ་འཕར་བའི”གསོལ་སྟོན། “དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”སོགས་ཀྱི་བྱེད་སྒོའི་ནང་ཕྱི་མི་གདན་འདྲེན་ཞུ་མི་ཆོག་པ་དང་།  འགན་དབང་དང་གོ་གནས་ཐད་ཀྱི་ཤུགས་རྐྱེན་སྤྱད་དེ“དགའ་སྐྱེལ”དང“སློབ་རིམ་འཕར་བའི་གསོལ་སྟོན”“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”སོགས་ཀྱི་བྱེད་སྒོ་སྤེལ་ནས་ལག་རྟགས་དང་། དངུལ། འཛད་སྤྱོད་གཱ་སོགས་ལེན་མི་ཆོག་པ། ཁག་ཐེངས་དབྱེ་བ་དང་ས་ཆ་མང་པོའམ་ཡང་ན་གླིང་ག་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་དངུལ་དང་དངོས་པོ་ངོ་འགྱུར་ངང་ལེན་མི་ཆོག་པ། རང་གི་གཉེན་ཉེ་ཕུད་པའི་མི་གཞན་གྱིས་གཉེར་བའི“དགའ་སྐྱེལ”དང“སློབ་རིམ་འཕར་བའི་གསོལ་སྟོན”“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”སོགས་ཀྱི་བྱེད་སྒོའི་ནང་ཞུགས་མི་ཆོག་པ། དགེ་རྒན་དང་ལས་བཟོས“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི”བྱེད་སྒོར་ཁ་གཡར་ནས་སློབ་མ་དང་དེའི་ཁྱིམ་བདག་གིས་བཤམས་པའི་གསོལ་སྟོན་ལ་ཞུགས་པ་དང་སྤྲད་པའི་ལག་རྟགས་དང་། དངུལ། འཛད་སྤྱོད་གཱ་སོགས་ལེན་མི་ཆོག་པ་བཅས་ཡིན་པ་རེད།

    བརྡ་ཐོའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་ཏན་ཏིག་ཁུར་ནས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་དང་སློབ་གསོ་དྲིལ་བསྒྲགས་ལ་ཤུགས་སྣོན་གྱིས་འགན་འཁྲི་འཁུར་ཕོད་པ་དང་། འགན་འཁྲི་ནན་འཁུར། དོ་དམ་ནན་པོ་བཅས་ཐུབ་པ་བྱེད་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། སྒྲིག་ཁྲིམས་ཀྱི་བླང་བྱ་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་པ་ཚང་མར་བརྒྱུད་བསྒྲགས་བྱས་ཏེ་སྤྱོད་གཙང་གོང་བཀུར་དང་གྲོན་ཆུང་གི་འདུ་ཤེས་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ་དང་། ཁོངས་གཏོགས་ཁུལ་ནང་གི་བུ་ཕྲུག་སློབ་རིམ་འཕར་བའི་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་པར་སྲིད་གཙང་གི་བསླབ་བྱ་འདོན་པ་དང་ཁྱིམ་དུ་འཚམས་འདྲི་བྱས་ནས་སྔ་ས་ནས་བརྡ་ཐོ་གཏོང་བ་དང་དྲན་སྐུལ་ཐུབ་པ་བྱེད་དགོས། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་འགན་འཁྲི་ཨང་དང་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་ཚན་ཁག་ལ་དམ་འཛིན་ཡག་པོ་དང་དཔུང་ཁག་གི་སྣེ་ཡག་པོ་འཁྲིད་དགོས་པ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་འགན་འཁྲི་ཁུར་མཁན་་ཨང་དང་པོས་འགན་འཁྲིའི་ཁྱབ་ཁོངས་ནང་གི་སློབ་གསོ་ལྟ་སྐུལ་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ཨུ་ལྷན་དང་མངགས་གཏོང་བྱས་པའི་སྒྲིག་བཤེར་ཚོགས་ཆུང་གིས་མཐུན་སྦྱོར་ཧུར་ཐག་དང་། གཙོ་གནད་ལ་དམ་འཛིན། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་ཐོག་ཐེར་འདོན་ཁ་པར་ཨང་གྲངས་དང་། ཐེར་འདོན་ཡིག་སྒམ། ཐེར་འདོན་དྲ་གནས་བཅས་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས་པ། “དུས་གང་རུང་དུ་སྙན་སེང་དང་། དུས་གང་རུང་དུ་རྩིས་སྤྲོད། དུས་གང་རུང་དུ་ཞིབ་བཤེར”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཞིབ་བཤེར་དང་ཐག་གཅོད་མགྱོགས་པོ་བྱས་ཏེ་རྒྱས་སྤྲོས་རྒྱས་གཤོམ་གྱི་ཚུལ་མིན་སྤྱོད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། རྒྱུ་དངུལ་ལེན་མཚམས་མི་འཇོག་པ་དང་བྱེད་སྒོ་སྤེལ་མཚམས་མི་འཇོག་པར“མི་ཆོག་པ་ལྔའི”བླང་བྱ་ལས་འགལ་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པའམ་ཡང་ན་སྐབས་དང་བསྟུན་ནས་རྒྱུ་ནོར་ལེན་རིགས་ལ《ཀྲུང་གོ་གུན་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》གི་བླང་བྱ་གཞིར་བཟུང“གྱོད་གཞི་གཅིག་ལ་ཞིབ་བཤེར་ཐག་གཅོད་གཉིས”བྱས་ནས་ཐད་ཀའི་འགན་འཁུར་བའི་འགན་འཁྲི་རྩད་གཅོད་བྱེད་དགོས་པ་མ་ཟད། མི་དེ་གནས་སའི་ཚན་པའི་ཏང་ཨུད་(ཏང་ཙུའི)འགན་འཁྲི་དང་འགན་འཁྲི་གཙོ་བོ་དང་སྒྲིག་ཨུད་ཀྱི(སྒྲིག་བཤེར་ཚོགས་ཆུང)ལྟ་སྐུལ་འགན་འཁྲི་དང་འགན་འཁུར་བ་གཙོ་བོའི་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་དེ་བས་ཀྱང་བྱེད་དགོས་པ། མིང་བཏོན་ནས་བརྡ་ཁྱབ་ཕྱིར་བསྒྲགས་བྱས་ནས་ཤུགས་ཆེའི་སྤྱི་ཚོགས་ཀྱི་ཟིལ་གནོན་གྱི་རྣམ་པ་ཞིག་ཆགས་པ་བྱས་ཏེ་སྟེས་དབང་གི་བསམ་བློ་གཙང་སེལ་མཐའ་གཅིག་ཏུ་བྱས་ཐོག་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཡོང་རྒྱུར་སྐུལ་འདེད་་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་ཐེར་འདོན་ཁ་པར་ཨང་གྲངས་0891 —12388ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།