དབུ་ཤོག>སྲིད་དོན།
  • ཅང་ཅེ་གཞིས་རྩེར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-28

    ཟླ་7ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་སྔ་རྗེས་སུ་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གཞིས་རྩེ་བརྙན་འཕྲིན་ལས་ཁུངས་སུ་ཕེབས་ནས། གཞིས་རྩེ་གྲོང་ཁྱེར་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་རྟོག་ཞིབ་གཏིང་ཟབ་གནང་བ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱི་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ལས་བྱེད་ལས་བཟོ་དང་གསར་འགྱུར་ལས་དོན་པར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

    གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་རུ་ཅང་ཅེས་ལས་དོན་སྙན་ཞུ་གསན་རྗེས། ཉེ་བའི་ལོ་ཤས་རིང་གི་གཞིས་རྩེ་གྲོང་ཁྱེར་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྱི་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། ལྷག་པར་དུ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཞིས་རྩེའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གཞིས་རྩེའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ལ་བསླེབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

    ཅང་ཅེས་གཞིས་རྩེ་གྲོང་ཁྱེར་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ་མ་ཟད། ཏང་ལ་ལྷག་བསམ་རྣམ་དག་དང་སྟོན་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱས་ཁར། དྲིལ་བསྒྲགས་ལས་བྱེད་པའི་ལས་འགན་དང་འགན་འཁྲི་ཏན་ཏིག་འཁུར་དགོས། གཙོ་གནད་འབུར་ཐོན་དང་འགག་རྩར་དམ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཐོག བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་གཅིག་ཏུ་སྒྲིལ་དགོས། གཞི་རིམ་གྱི་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་ནས་གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རིག་གནས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། ལས་དོན་གྱི་ཁ་ཕྱོགས་གཞི་རིམ་དུ་ཁྱབ་པ་བྱེད་དགོས། རིག་གནས་ཐོན་ལས་ཤུགས་ཆེན་བསྒྲུབས་ནས་ལེགས་ཆ་ཡོད་པ་དང་། གཏིང་ཤུགས་ཡོད་པ། ཁྲོམ་ར་ཡོད་པ་བཅས་ཀྱི་རིག་གནས་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ཡག་པོ་བྱས་ཁར། རིག་གནས་བྱ་གཞག་དར་རྒྱས་དང་རིག་གནས་ཐོན་ལས་གོང་སྤེལ་གྱིས་དམངས་ཕྱུག་དང་གྲོང་ཁྱེར་སྟོབས་ཆེན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།