དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་བརྡ་ཁྱབ་བཏང་བ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-28

    ཚེས་26ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་2016ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་བརྡ་ཁྱབ་བཏང་བ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་ལས་དོན་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལས་དོན་བཀོད་སྒྲིག་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཕེབས་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅི་གོ་ཀང་གིས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་བརྡ་ཁྱབ་བཏང་བ་རེད།

    ཚོགས་འདུའི་ཐོག་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་471.96ལེགས་གྲུབ་ཟིན་ནས་10.6%འཕར་ཡོད་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད། སྤྱི་ཚོགས་ཀྱི་འཛད་རྫས་བསིལ་ཚོང་བསྡོམས་འབོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་བཅས་ཚང་མ་གྲངས་གནས་གཉིས་ཡན་འཕར་ཐུབ་པ་བྱུང་བ་དང་། དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས“དུས་ཚོད་ཕྱེད་ཀ་འགྲོ་དུས་ལས་འགན་ཕྱེད་ཀ་ཡན་སྒྲུབ་ཐུབ་པ་བྱུང་བའི”བརྡ་ཁྱབ་བཏང་ཡོད།

    བློ་བཟང་རྒྱལ་མཚན་གྱིས་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་སྲིད་ཇུས་འབྲེལ་མཐུད་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམས་པའི《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་འགའ་དང་གཙོ་གནད་རྣམ་གྲངས་ཀྱི་བསམ་འཆར》དང་ནོར་སྲིད་པུའི《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཐད་ཀྱི་འབྲེལ་ཡོད་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ལེ་ལག་ཡིག་ཆ་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་འདང་ངེས་སྤྱོད་པ་དང་། གསོན་ཉམས་དོད་པོས་སྤྱོད་པ། ལེགས་པོ་སྤྱོད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་པ་དང་།

    གཉིས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཡོང་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་འཆར་འགོད་མགྱོགས་མྱུར་བཟོ་དགོས་པ།

    གསུམ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཤིང་། ཨར་ལས་བྱེད་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། སྐྲུན་བཞིན་པའི་རྣམ་གྲངས་ཁག་གཅིག་གི་འཕེལ་རིམ་མགྱོགས་སུ་གཏོང་བ། གཙོ་གནད་རྣམ་གྲངས་ཁག་གཅིག་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་གཏོང་བ། རྣམ་གྲངས་ཁག་གཅིག་གི་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། དམངས་འཚོ་ལེགས་གཏོང་། འཕེལ་རྒྱས་མགྱོགས་སུ་གཏོང་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་འཕེལ་རིམ་དང་ལས་ཆོད་ཆེ་རུ་བཏང་ནས་རྣམ་གྲངས་དང་ལས་གྲྭ་འཛུགས་སྐྲུན་གྱི་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་ནས་ཞི་མཐུན་དང་གོ་རིམ་ལྡན་པའི་འཛུགས་སྐྲུན་གྱི་ཁོར་ཡུག་ཅིག་གཏོད་དགོས་པ།

    བཞི་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་མ་མགྱོགས་མྱུར་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་པ་དང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣ་དང་སྨན་བཅོས་ཤེས་ལྡན་མི་སྣའི་བོད་སྐྱོར་དམ་འཛིན་བྱ་གཞིར་བྱས་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གཏོང་མགྱོགས་སུ་གཏོང་དགོས། དམངས་འཚོའི་དོན་དངོས་བཅུ་མུ་མཐུད་ལག་བསྟར་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ།

    ལྔ་ནས་ནོར་ཁྲལ་གྱི་དངུལ་རྩའི་འདེགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་ཤིང་། ནོར་སྲིད་ཀྱི་གཏོང་སྒོའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ནོར་སྲིད་ཀྱི་གསོག་འཇོག་མ་རྩ་གང་འགབ་ཅི་སྤྱོད་བྱེད་པ་དང་། དངུལ་རྩའི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་དངུལ་རྩའི་བྱ་ཐབས་ཡག་པོ་སྤྱད་དེ་སྤྱི་ཚོགས་ཀྱི་མ་དངུལ་གཏོང་ཤུགས་ནུས་ལྡན་ངང་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ།

    དྲུག་ནས་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་ཤིང་། “སྣ་ཁ་མང་དུ་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། སྤུས་རྟགས་གཏོད་པ”བཅས་ལ་དམིགས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ། གློག་རྡུལ་ཚོང་དོན་ལས་གྲྭ་ལག་བསྟར་མགྱོགས་མྱུར་བྱེད་པ་བཅས་བྱས་ཏེ“ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་ལ་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ”བཅས་ལ་སྐུལ་མ་གཏོང་དགོས་པ།

    བདུན་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་མ་གཏིང་ཟབ་གཏོང་དགོས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མ་གནས་དམའ་རུ་གཏོང་བ་དང་ཞན་ཆ་གསབ་པ་དང་། མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་སྐུལ་སློང་བྱེད་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། རང་མོས་ཚོང་དོན་ཁུལ་དང་། ཡུལ་སྐོར་མཉམ་ལས་ཁུལ། དཔལ་འབྱོར་མཉམ་ལས་ཁུལ་དང་འགག་སྒོ་འཛུགས་སྐྲུན་བཅས་ལ་སྐུལ་མ་བཏང་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་མགྱོགས་མྱུར་སྐྲུན་པ། བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པ་གྲ་སྒྲིག་ཞིབ་ཚགས་དང་ཏན་ཏིག་ངང་ཡག་པོ་སྤེལ་ནས་ཕྱོགས་ཚང་མ་དང་རིམ་པ་མང་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་མ་གཏོང་དགོས་པ།

    བརྒྱད་ནས“མཐའ་ཚད་གསུམ”ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱ་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་ཐད“གནད་དོན་གསུམ་མི་ཐོན་པ”བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་སྣོད་བཅུད་རྒྱུན་མཐུད་ངང་ལེགས་པོ་ཡོང་རྒྱུ་འགན་ལེན་བྱེད་པ། མིག་སྔའི་འབྲུབ་འགོག་ཤྭ་འགོག་དང་ཉེན་སེལ་རྒུད་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པ།

    དགུ་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་ཧུར་ཐག་རྒྱག་དགོས་ཤིང་། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་དང་། ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ལས་འགན་ཁུར་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་དོན་འཁྱོལ་ལ་སྐུལ་མ་གཏོང་དགོས་པ་བཅས་རེད།

    ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསམ་བློ་གཅིག་གྱུར་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ནས་རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་། གཏིང་ཟབ་སར་ཤུགས་རྒྱག་པ། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱེད་དགོས། བྱེད་ཐབས་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྔོན་ཚུད་ནས་ཞིབ་བསྡུར་བྱ་ཤུགས་ཆེ་རུ་གཏོང་བ། ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགན་འཁྲི་དོན་འཁྱོལ་གྱིས་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། རྗེས་འདེད་ཀྱིས་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་ལས་འགན་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།