ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཕེབས་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ལ་བྱམས་བརྩེའི་ངང་གཟིགས་པ་དང་ལྗོངས་ཡོངས་ཀྱི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཡོངས་རྫོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་པེ་ཅིང་ཞེ་ཧོ་སྨན་ཁང་གིས་སྣེ་འཁྲིད་དེ་རོགས་སྐྱོར་བྱས་པ་དང་། པེ་ཅིང་སློབ་ཆེན་སྨན་ཁང་དང་པོ་དང་། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་། པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པ་བཅས་ཞུགས་པ་དང་ཁག་དང་པོར་སྨན་བཅོས་རུ་མི་ཁྱོན་28མངགས་ཡོད་པ་རེད། བློ་བཟང་རྒྱལ་མཚན་མི་དམངས་སྨན་ཁང་ནད་ཀྱི་རྒྱུ་རྐྱེན་ཚན་ཁག་དང་། ཞིབ་དཔྱད་ཚན་ཁག རྒྱང་ཁྲིད་གསོ་རིག་ནད་བརྟག་སྨན་བཅོས་ལྟེ་གནས། ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་སྡེ་ཁག་སོགས་སུ་ཕེབས་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། འབྲེལ་ཡོད་འགན་འཁུར་བས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱ་ཐབས་བརྒྱུད་ནད་ཐོག་བརྟག་དཔྱད་ལྟེ་གནས་དང་ནད་ཐོག་གཞི་རྒྱུ་རྒྱ་བསྐྱེད་ཞིབ་དཔྱད་ཚོད་ལྟ་ཁང་སོགས་བཙུགས་ནས་རང་སྐྱོང་ལྗོངས་སུ་སྡེ་ཁག་དེ་དག་མེད་པའི་སྟོང་ཆ་བསྐངས་པ་དང་། རྒྱང་ཁྲིད་གསོ་རིག་གི་ལས་སྟེགས་ལྷུ་ལག་ཚང་བའི་སྒྲིག་ཆས་བསྐྲུན་པ་དང་འབྲེལ་ICUཡི་ནད་ཚབས་ཆེན་ཕོག་པའི་ནད་རྟགས་རྒྱང་ཁྲིད་ནད་བརྟག་ཐེངས་དང་པོ་ལེགས་སྒྲུབ་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རིག་དང་མཐུན་པའི་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་ངོ་སྤྲོད་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་དེའི་ཐད་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་གཅིག་ཙམ་སོང་ཚུན་སྨན་བཅོས་རུ་ཁག་དང་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་བོད་ཀྱི་མང་ཚོགས་ལ་བརྩེ་སེམས་ཟབ་མོ་འཆང་བཞིན་མཐའ་མཚམས་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཧུར་ཐག་གཞོལ་བ་དང་། རང་ཉིད་ཀྱི་རྩ་ཆེའི་ཉམས་མྱོང་དང་སྔོན་ཐོན་ལག་རྩལ་ཆད་ལུས་མེད་པ་བརྒྱུད་ཁྲིད་བྱེད་པ། བློ་གཅིག་སེམས་གཅིག་གིས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་འདེགས་ཞུ་བ། སེམས་ནུས་ཡོད་རྒུ་འདོན་སྤེལ་བྱེད་པ་བཅས་བྱས་པས་བོད་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་པ་དང་མང་ཚོགས་ཚོའི་བསྔགས་བརྗོད་ཐོབ་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་འགོ་ཡག་པོ་བཙུགས་ཡོད། ཁྱེད་ཚོས་ལས་དོན་ཧུར་ཐག་སྤེལ་བ་དང་། སེམས་ནུས་ཡོད་རྒུ་བཏོན་པ། གྲུབ་འབྲས་ཆེན་པོ་བཞག་པ་བཅས་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་ལ་བོད་ཀྱི་མི་དམངས་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་རེད་ཅེས་གསུངས་པ་རེད།
གསར་དུ་བེད་སྤྱོད་བཏང་བའི་རྒྱང་ཁྲིད་གསོ་རིག་ལྟེ་གནས་སུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་རྒྱང་ཁྲིད་ལས་སྟེགས་བེད་སྤྱོད་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཞེ་ཧོ་སྨན་ཁང་གི་ཡོན་ཀྲང་ཀྲའོ་ཡུས་ཧྥེ་དང་ལྷན་དུ་རྒྱང་ཁྲིད་བརྙན་ལམ་གཟིགས་པ་རེད། ཀྲའོ་ཡུས་ཧྥེས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱ་རྒྱུ་དེ་ཞེ་ཧོ་སྨན་ཁང་ལས་དོན་གྱི་ནང་དོན་གལ་ཆེན་དང་ཡུན་རིང་གི་ལས་འགན་ཞིག་ཏུ་བརྩིས་ནས་དེང་རབས་ཅན་གྱི་བྱ་ཐབས་དང་ཟུང་འབྲེལ་བྱས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་ལག་རྩལ་རྒྱབ་སྐྱོར་ནུས་ལྡན་བྱས་ཐོག་ནད་ཆེན་བོད་དུ་སྨན་བཅོས་ཐུབ་རྒྱུར་དངོས་འབྲེལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཞེ་ཧོ་སྨན་ཁང་གིས་ཤུགས་ཆེའི་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མི་དམངས་སྨན་ཁང་གི་དཀའ་གནད་སེལ་རོགས་བྱས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཏན་ཏིག་དང་། གཏིང་ཟབ། ཞིབ་ཕྲ། ཡག་པོ་བཅས་སྤེལ་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སྨན་བཅོས་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་ཡོང་བ་བྱ་རྒྱུ་ནི་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ལྟེ་བའི་དམིགས་ཚད་ཅིག་ཡིན་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་རེ་སྒུག་ཆེན་པོ་ཞིག་ཀྱང་ཡིན། དེར་བརྟེན་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་གོ་སྐབས་གལ་ཆེན་དམ་བཟུང་གིས་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་སྨན་བཅོས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། མི་སེམས་གཅིག་འགྲིལ་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།