དབུ་ཤོག>སྲིད་དོན།
  • ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱིས་རེ་ཞུ་བྱས་པ་ལྟར་བཙུགས་པའི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་འདུམ་གཅོད་ཁྲིམས་རས་ཁྲུན་གཅོད་བྱས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའི་གསལ་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-14

    ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཕྱོགས་རྐྱང་པས་རེ་ཞུ་བྱས་པ་ལྟར་བཙུགས་པའི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་འདུམ་གཅོད་ཁྲིམས་རས(གཤམ་དུ“འདུམ་གཅོད་ཁྲིམས་ར”ཞེས་བསྡུ་རྒྱུ)2016ལོའི་ཟླ་7ཚེས་12ཉིན་ཁྲུན་བཅད་བྱས་པའི་སྐོར་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་པུའུ་ཡིས་སྒམ་བརླིང་ལྡན་པའི་གསལ་བསྒྲགས་སྤེལ་ནས་ཁྲུན་བཅད་དེ་གོ་མི་ཆོད་པ་ཞིག་དང་ཚོད་འཛིན་ནུས་པ་མི་ལྡན་པ་ཞིག་ཡིན་པས་ཀྲུང་གོས་དང་ལེན་དང་ཁས་ལེན་བྱེད་མི་སྲིད་ཅེས་བཤད་པ་རེད།

    གཅིག 2013ལོའི་ཟླ་1ཚེས་22ཉིན་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དེའི་སྲིད་གཞུང་ཕྱོགས་རྐྱང་པས་ལྷོ་རྒྱ་མཚོའི་སྐོར་གྱི་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་ཡོད་རྩོད་གཞིའི་ཐད་འདུམ་གཅོད་བྱེད་དགོས་པ་བཏོན་ཡོད། 2013ལོའི་ཟླ་2ཚེས་19ཉིན་ཀྲུང་གོ་སྲིད་གཞུང་གིས་སྒམ་བརླིང་ལྡན་པའི་སྒོ་ནས་ཧྥི་ལི་ཕིན་གྱིས་བཏོན་པའི་འདུམ་གཅོད་དང་ལེན་མི་ཞུ་བ་དང་དེའི་ནང་མི་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་དེ་རྗེས་ལངས་ཕྱོགས་དེ་བསྐྱར་བཤད་ཐེངས་མང་བྱས་ཡོད། 2014ལོའི་ཟླ་12ཚེས་7ཉིན་ཀྲུང་གོ་སྲིད་གཞུང་གིས《ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཏོན་པའི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་བདག་སྐྱོང་དབང་ཆའི་གནད་དོན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ལངས་ཕྱོགས་ཡིག་ཆ》བཏོན་ནས་ཧྥི་ལི་ཕིན་གྱིས་འདུམ་གཅོད་བྱེད་དགོས་པ་བཏོན་པ་དེ་ཀྲུང་ཧྥིའི་གྲོས་མཐུན་དང་རྒྱབ་འགལ་བྱས་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)དང་རྒྱབ་འགལ་བྱས་པ། རྒྱལ་སྤྱིའི་འདུམ་གཅོད་ཀྱི་སྤྱིར་བཏང་ལག་ལེན་དང་རྒྱབ་འགལ་བྱས་པ་བཅས་ཡིན་པས་འདུམ་གཅོད་ཁྲིམས་རར་བདག་སྐྱོང་དབང་ཆ་མེད་ཅེས་བཏོན་པ་རེད། 2015ལོའི་ཟླ་10ཚེས་29ཉིན་འདུམ་གཅོད་ཁྲིམས་རས་བདག་སྐྱོང་དབང་ཆ་དང་བདག་སྤྲོད་ཆོག་པའི་གནད་དོན་ཐད་ཁྲུན་ཐག་བཅད་པ་དང་ཀྲུང་གོ་སྲིད་གཞུང་གིས་དེ་མ་ཐག་ཁྲུན་བཅད་དེ་ཉིད་ནུས་པ་མི་ལྡན་ལ་ཚོད་འཛིན་ནུས་པ་ལྡན་མེད་ཅེས་གསལ་བསྒྲགས་སྤེལ་ཡོད། ཀྲུང་གོའི་གོང་གསལ་གྱི་ལངས་ཕྱོགས་ཁ་གསལ་དང་འགྱུར་བ་མེད་པ་ཞིག་ཡིན།

    གཉིས། ཧྥི་ལི་ཕིན་ཕྱོགས་རྐྱང་པས་འདུམ་གཅོད་བྱེད་དགོས་པ་བཏོན་པའི་དམིགས་ཡུལ་ངན་པ་ཡིན་ཞིང་། དེ་ནི་ཀྲུང་གོའི་དབར་གྱི་རྩོད་གཞི་ཐག་གཅོད་བྱ་ཆེད་མིན་ལ་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ཀྱང་མིན་པར་ཀྲུང་གོའི་ལྷོ་རྒྱ་མཚོའི་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་ཁས་མི་ལེན་པའི་ཆེད་དུ་རེད། ཧྥི་ལི་ཕིན་གྱིས་འདུམ་གཅོད་བྱེད་དགོས་པ་བཏོན་པའི་བྱེད་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བ་ཞིག་ཡིན་ཞིང་། གཅིག་ནས་ཧྥི་ལི་ཕིན་གྱིས་བཏོན་པའི་འདུམ་གཅོད་དོན་ཚན་གྱི་ངོ་བོ་ནི་ནན་ཧྲ་གླིང་ཚོམ་གྱི་མཚོ་གླེ་ཁ་ཤས་ཀྱི་མངའ་ཁོངས་ས་ཆའི་བདག་དབང་གི་གནད་དོན་ཡིན་པས་འབྲེལ་ཡོད་དོན་ཚན་དེ་ཀྲུང་ཧྥིའི་རྒྱ་མཚོའི་དབྱེ་མཚམས་དང་འབྲེལ་བ་ཡོད་ངེས་ཡིན་ལ་དེ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། མངའ་ཁོངས་ས་ཆའི་གནད་དོན་དེ《སྤྱི་ཆིངས》ཀྱི་ལེགས་སྒྲིག་ཁྱབ་ཁོངས་སུ་མི་གཏོགས་པ་དང་2006ལོར་ཀྲུང་གོའི་འབྲེལ་ཡོད་གསལ་བསྒྲགས་ཁྲོད་རྒྱ་མཚོའི་དབྱེ་མཚམས་ཀྱི་རྩོད་གཞི་དེ་སྤྱི་ཆིངས་དེའི་ནང་བཅུག་མེད་པ་ཤེས་བཞིན་པའི་གནས་ཚུལ་འོག་ཧྥི་ལི་ཕིན་གྱིས་འབྲེལ་ཡོད་རྩོད་གཞི་དེ《སྤྱི་ཆིངས》ཀྱི་འགྲེལ་བཤད་དམ་ཡང་ན་སྤྱད་འཐུས་ཀྱི་གནད་དོན་ཙམ་དུ་རྐང་བཙུགས་ནས་བརྩིས་ཡོད། གཉིས་ནས་ཧྥི་ལི་ཕིན་ཕྱོགས་རྐྱང་པས་བཏོན་པའི་འདུམ་གཅོད་དེས་ཀྲུང་གོ་འདི་ཉིད《སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ལ་མངའ་བའི་རྩོད་གཞི་ཐག་གཅོད་ཀྱི་གོ་རིམ་དང་བྱེད་སྟངས་རང་བརྟེན་ངང་གདམ་ག་བྱེད་དབང་ལ་གནོད་འཚེ་བཟོས་ཡོད། 2006ལོར་ཀྲུང་གོས《སྤྱི་ཆིངས》ཀྱི་དོན་ཚན་298ནང་གི་རྒྱ་མཚོའི་དབྱེ་མཚམས་དང་། ལོ་རྒྱུས་རང་བཞིན་གྱི་མཚོ་ཁུག་གམ་ཡང་ན་བདག་དབང་། དམག་དོན་དང་ཁྲིམས་སྐྱོང་བྱ་སྤྱོད་སོགས་ཐད་ཀྱི་རྩོད་གླེང་དེ《སྤྱི་ཆིངས》ཀྱིས་རྩོད་གཞི་བཙན་ཤེད་ངང་ཐག་གཅོད་བྱེད་པའི་གོ་རིམ་ནང་བཅུག་མེད། གསུམ་ནས་ཧྥི་ལི་ཕིན་ཕྱོགས་རྐྱང་པས་འདུམ་གཅོད་བྱེད་དགོས་པ་བཏོན་པ་དེས་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་དབར་བཞག་ཟིན་ལ་ལོ་མང་རིང་ཁས་ལེན་ཡང་ཡང་བྱས་པའི་གྲོས་མོལ་བྱེད་པ་བརྒྱུད་ལྷོ་རྒྱ་མཚོའི་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱ་རྒྱུའི་ཕྱོགས་གཉིས་པོའི་གྲོས་མཐུན་ལས་འགལ་ཡོད། བཞི་ནས་ཧྥི་ལི་ཕིན་ཕྱོགས་རྐྱང་པས་འདུམ་གཅོད་བྱེད་དགོས་པ་བཏོན་པ་དེས་ཀྲུང་གོ་དང་ཧྥི་ལི་ཕིན་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་2002ལོའི《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》(གཤམ་དུ《བསྒྲགས་གཏམ》ཞེས་བསྡུ་རྒྱུ)ནང་གི་ཐད་ཀར་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་ཀྱིས་གྲོས་མོལ་བྱེད་པ་བརྒྱུད་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱ་རྒྱུའི་ཁས་ལེན་ལས་འགལ་ཡོད། ཧྥི་ལི་ཕིན་ཕྱོགས་རྐྱང་པས་འདུམ་གཅོད་བཏོན་པ་དེས《སྤྱི་ཆིངས》དང་དེ་བཞིན་དེའི་རྩོད་གླེང་ཐག་གཅོད་བྱ་རྒྱུའི་གོ་རིམ་གྱི་གཏན་འབེབས་ལས་འགལ་བ་དང“ངེས་པར་དུ་བརྩི་སྲུང་ཞུ་རྒྱུའི་ཁ་ཆད་བྱས་པའི”རྩ་དོན་ལས་འགལ་བ་མ་ཟད་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གཞན་དག་དང་སྒྲིག་སྲོལ་ལས་ཀྱང་འགལ་བ་བཅས་རེད།

    གསུམ། འདུམ་གཅོད་ཁྲིམས་རས་ཧྥི་ལི་ཕིན་གྱིས་བཏོན་པའི་འདུམ་གཅོད་དོན་ཚན་གྱི་ངོ་བོ་ནི་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་དབྱེ་མཚམས་ཀྱི་གནད་དོན་ཡིན་པ་དེ་སྣང་མེད་བཞག་ནས་ཀྲུང་ཧྥིས་རྩོད་གླེང་ཐག་གཅོད་བྱེད་པའི་ཐུན་མོང་གི་གདམ་གའི་ཐད་ནོར་འཁྲུལ་གྱི་འགྲེལ་བཤད་བརྒྱབ་པ་དང《བསྒྲགས་གཏམ》ཁྲོད་ཀྱི་འབྲེལ་ཡོད་ཁས་ལེན་གྱི་བཅའ་ཁྲིམས་ཀྱི་ནུས་པར་ནོར་འཁྲུལ་གྱི་འགྲེལ་བཤད་བརྒྱབ་པ། 《སྤྱི་ཆིངས》དོན་ཚན་298གཞིར་བཟུང་་ཀྲུང་གོས་བཏོན་པའི་མ་བཅུག་པའི་སྐོར་གྱི་གསལ་བསྒྲགས་ལ་ངན་སེམས་བཅངས་ནས་གཡོལ་བ་དང་འབྲེལ་ཡོད་མཚོ་གླེ་དེ་ལྷོ་རྒྱ་མཚོའི་གླིང་ཚོམ་སྤྱི་ཁོག་ས་ཁམས་ནས་གདམ་ག་ཡོད་པའི་སྒོ་ནས་ལོགས་སུ་བཀར་བ་དང་འབྲེལ་རང་འདོད་ལྟར《སྤྱི་ཆིངས》ལ་འགྲེལ་བཤད་བརྒྱབ་པ་དང་སྤྱད་འཐུས་བཟོས་པས་དོན་དངོས་གཏན་འཁེལ་དང་བཅའ་ཁྲིམས་ཀྱི་སྤྱད་འཐུས་ཐད་ནོར་འཁྲུལ་མངོན་གསལ་དོད་པོ་ཡོད། འདུམ་གཅོད་ཁྲིམས་རའི་བྱ་སྤྱོད་དང་དེའི་ཁྲུན་བཅད་དེས་རྒྱལ་སྤྱིའི་འདུམ་གཅོད་ཀྱི་སྤྱིར་བཏང་ལག་ལེན་དང་རྒྱབ་འགལ་ཚབས་ཆེན་བྱས་པ་དང《སྤྱི་ཆིངས》ཀྱིས་ཞི་བའི་ངང་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་དམིགས་ཡུལ་དང་དགོངས་དོན་ལས་རྦད་དེ་རྒྱབ་འགལ་བྱས་ཐོག《སྤྱི་ཆིངས》ཀྱི་འཐུས་ཚང་རང་བཞིན་དང་དབང་གྲགས་རང་བཞིན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་བདག་དབང་རྒྱལ་ཁབ་དང《སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པས་དེ་ནི་གཞུང་དྲང་མིན་ལ་ཁྲིམས་མཐུན་མིན་པ་ཞིག་རེད།

    བཞི། ཀྲུང་གོའི་ལྷོ་རྒྱ་མཚོའི་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་འདུམ་གཅོད་ཁྲུན་བཅད་ཀྱི་ཤུགས་རྐྱེན་མི་ཐེབས་པ་དང་འདུམ་གཅོད་ཁྲུན་བཅད་རྨང་གཞིར་བྱས་པའི་འདོད་ཚུལ་དང་བྱེད་སྤྱོད་གང་རུང་ལ་ཀྲུང་གོས་ངོ་རྒོལ་བྱ་རྒྱུ་ལས་དང་ལེན་བྱ་རྒྱུ་མིན།

    ལྔ། ཀྲུང་གོ་སྲིད་གཞུང་གིས་མངའ་ཁོངས་ས་ཆའི་གནད་དོན་དང་རྒྱ་མཚོའི་དབྱེ་མཚམས་ཀྱི་རྩོད་གཞིའི་ཐད་ཀྲུང་གོས་ཕུང་གསུམ་པ་གང་རུང་བརྒྱུད་རྩོད་གཞི་ཐག་གཅོད་བྱེད་སྟངས་དང་ལེན་བྱེད་མི་སྲིད་ལ་ཀྲུང་གོར་བཙན་འགེལ་བྱེད་པའི་རྩོད་གཞི་ཐག་གཅོད་ཇུས་གཞི་གང་རུང་དང་ལེན་བྱེད་མི་སྲིད། ཀྲུང་གོ་སྲིད་གཞུང་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱིས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་འཛིན་ལ་མུ་མཐུད་བརྩི་སྲུང་ཞུ་རྒྱུ་ཡིན། དེའི་ནང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་དེ་བཞིན་ཞི་བའི་ངང་རྩོད་གཞི་ཐག་གཅོད་བྱེད་པའི་རྩ་དོན་ལ་བརྩི་འཇོག་ཞུ་རྒྱུ་ཚུད་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་ཞུ་རྒྱུ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་རྩ་ཁྲིམས་ལ་གཞིགས་ནས་གྲོས་མོལ་བྱས་པ་བརྒྱུད་ལྷོ་རྒྱ་མཚོའི་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱ་རྒྱུ་དང་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་བསྐྱར་བསྒྲགས་བྱས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།