དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་བཞུགས་མོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-14

    ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གཉིས་ཀྱིས་ལྷ་སར་བཞུགས་མོལ་བྱས་པ་དང་འབྲེལ་གཏའ་འཇོག་ཁ་གསབ་དངུལ་བུན་གྱི་དངུལ་གཡར་གན་རྒྱ་ཡང་བཞག་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཧང་ཀྲང་ཀྲུའུ་ཧྲུའུ་མིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་བཅས་ཚོགས་འདུར་ཞུགས་པ་རེད།

    ད་ཐེངས་ཀྱི་གཏའ་འཇོག་ཁ་གསབ་དངུལ་བུན་གྱི་དངུལ་གཡར་གན་རྒྱ་ནི་གྲོང་གསེབ་ཀྱི་ལམ་དྲ་དང་་དབུལ་ཕོངས་ས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་གྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་ཞིག་ཡིན་པ་དང་། དུས་བཀག་དང་པོའི་གཏའ་འཇོག་ཁ་གསབ་དངུལ་བུན་གྲངས་འབོར་ནི་སྒོར་དུང་ཕྱུར་230 ཡིན་པ་དག་རང་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་རྒྱུ་དང་། དེའི་ནང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7 ལ་ཁྱབ་ཡོད་པ་རེད། དེ་ནི་འདི་ལོའི་ཟླ་བ་གསུམ་པར་རང་ལྗོངས་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་དབར་དངུལ་འབོར་སྒོར་དུང་ཕྱུར་2000གི་གཏའ་འཇོག་ཁ་གསབ་དངུལ་བུན་གྱི་གྲོས་མཐུན་ཡི་གེ་བཞག་རྗེས་ཕྱོགས་གཉིས་པོའི་དངུལ་རྩའི་མཉམ་ལས་ཀྱི་གྲུབ་འབྲས་ཆེན་པོ་གཞན་ཞིག་རེད། བཞུགས་མོལ་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ནས་ཀྲུའུ་ཧྲུའུ་མིན་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་དུང་ཏུང་ཧྲེ་ཀྲང་ཅི་ཞོལ་ཀྲེ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རོགས་ཞེས་ཀྱང་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་དངུལ་རྩར་བརྟེན་ནས་སྐུལ་སྤེལ་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། 2015ལོའི་ལོ་མཇུག་ཏུ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་པ་དང་དངུལ་རྩ་ཡིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་འདེགས་སྐྱོར་བྱས་ཡོད། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་དང་། བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དམིགས་བསལ་དངུལ་རྩའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ཅེས་གསུངས་པ་རེད།

    ཀྲུའུ་ཧྲུའུ་མིན་གྱིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྤྱི་ཁྱབ་དངུལ་ཁང་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་ལ་ཧུར་བརྩོན་ཆེན་པོས་བརྩི་བཀུར་དང་ཞབས་འདེགས་ཞུས་ཏེ། བོད་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་གཡུལ་ས་གཙོ་བོར་བསྒྱུར་ནས་ཞིང་སྐྱོར་དཔེ་སྟོན་ནུས་པ་ཐོན་པ་བྱ་རྒྱུ་ཡིན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་རང་སྐྱོང་ལྗོངས་སྲིད་གཞུང་དབར་བཞག་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡི་གེ་སྔར་བས་དོན་འཁྱོལ་བྱེད་པ་དང་། སྲིད་འཛིན་དང་དངུལ་ཁང་དབར་གྱི་མཉམ་ལས་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་རྒྱུར་སྔར་བས་ཞིབ་འཇུག་བྱེད་པ། བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་སྔར་བས་ཆེན་པོ་བྱེད་པ། བོད་དང་མཉམ་ལས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྲིད་ཇུས་བེད་སྤྱོད་ཡག་པོ་དང་རྣམ་གྲངས་གྲ་སྒྲིག་ཡག་པོ་བྱེད་པ། བོད་འདི་ཉིད་ཞིང་ལས་སྲིད་ཇུས་རང་བཞིན་གྱི་ལས་སྒོ་འཕེལ་རྒྱས་དང་གསར་གཏོད་ཀྱི་ཚོད་ལྟ་ཁུལ་དང་དཔེ་སྟོན་ཁུལ་དུ་སྒྱུར་བ་དང་། དངུལ་རྩ་མཉམ་ལས་ཀྱི་བདེ་འཇགས་ཁུལ་དུ་སྒྱུར་བ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“ རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་གལ་ཆེའི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུར་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།