བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱས་ཚེ་གཞི་ནས་སྐྱེ་སྟོབས་རྒྱས་ཐུབ།
རྩོམ་སྒྲིག་པའི་སྦྲཌ་མཆན། ཟླ་7ཚེས་7ནས་8ཉིན། “2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་གཉེར་ཞིང་། རྒྱལ་ཁབ་30ལྷག་ཙམ་ནས་ཕེབས་པའི་སྐུ་མགྲོན་130ལྷག་གིས“བོད་ལྗོངས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ——གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་བརྗོད་བྱ་གཙོ་བོར་གཞིགས་ནས་གྲོས་བསྡུར་གཏིང་ཟབ་གནང་བ་དང་འབྲེལ། 《2016·ལྷ་སའི་ཐུན་མོང་གི་ངོས་འཛིན》བྱུང་ཡོད། འདི་ག་ཚགས་པར་ཁང་གིས་དེ་རིང་ནས་བཟུང་། གཏམ་བཤད་ཁག་གཅིག་གནད་བསྡུས་ཁག་ཕྱེ་ནས་འགོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་ཚོས་གཟིགས་གནང་ཡོད་པ་འཚལ།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས། དེང་རབས་ཀྲུང་གོའི་ཆོས་ལུགས་ཀྱིས་དགེ་མཚན་ལྡན་པའི་སྤྱི་ཚོགས་ནུས་པ་འདོན་པར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་སྟོན་གནང་ཞིང་། དེ་ནི་ང་ཚོས་དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། དེང་རབས་ཀྲུང་གོའི་ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་བ་ཞིག་ཀྱང་རེད།
མིག་སྔར་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ནས་ཐོབ་པར་དཀའ་བའི་གོ་སྐབས་འཕྲད་ཡོད་ལ། འཚམ་མཐུན་ཡོང་བའི་ཆ་རྐྱེན་ཡོངས་རྫོགས་ཀྱང་ལྡན་ཡོད། མདོར་བསྡུས་ནས་བརྗོད་ཚེ་གཤམ་གསལ་ཕྱོགས་དྲུག་ནས་མཚོན་པ་སྟེ།
གཅིག་ནི་ལམ་ལུགས་ཐད་ཀྱི་འཚམ་མཐུན་དང་གོ་སྐབས་ཡིན་པ། དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་མེད་པར་བཟོས་པ་བརྒྱུད། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ལ་འདྲ་མཉམ་གྱི་ཁེ་དབང་ཐོབ་པ་དང་། ནང་བསྟན་གྱི་ངོས་ནས་བརྗོད་ཚེ་ནང་བསྟན་གྱི་ངོ་བོ་དང་མཐུན་ཞིང་། ཆོས་ལུགས་དྭངས་གཙང་ཡོང་བའི་བྱ་བཟང་ཞིག་ཏུ་གྱུར་ནས། ཆབ་སྲིད་ཚད་ལྡན་དང་ཆོས་ལུགས་དྭངས་གཙང་བྱུང་ཡོད། སྟོན་པ་ཤཱཀྱ་ཐུབ་པ་རྒྱ་གར་གྱི་རྒྱལ་པོ་ཟས་གཙང་མའི་སྲས་སུ་འཁྲུངས་ཤིང་། རྗེས་སུ་འཁོར་བར་ངེས་འབྱུང་སྐྱེས་ནས་རྒྱལ་སྲིད་དོར་ཏེ་རབ་ཏུ་བྱུང་ནས་དཀའ་བ་ཚད་མེད་སྤྱད་མཐར་ཡང་དག་པར་མངོན་པར་སངས་རྒྱས་པ་རེད། སྟོན་པའི་རྗེས་འཇུག་པའི་ངོས་ནས་ཁེ་དབང་དང་རྒྱུ་ནོར་ལ་ཆགས་པ་ནི་ནང་བསྟན་གྱི་ཆོས་ཕྱོགས་དང་འགལ་ཡོད་ལ། འཇིག་རྟེན་པའི་བཞད་གད་དུ་གྱུར་པའི་བྱེད་སྤྱོད་ཅིག་ཀྱང་རེད། སྟོན་པ་ཤཱཀྱ་ཐུབ་པའི་ཆོས་དར་ཚུལ་ལ་རྒྱ་བརྒྱུད་དང་། བོད་བརྒྱུད། ལྷོ་བརྒྱུད་བཅས་ཆེ་ཁག་གསུམ་བྱུང་ནས། འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་དུ་ཁྱབ་ནའང་། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་བོད་ཁོ་ན་ལས་དར་མེད། དེ་ལས་ཆོས་སྲིད་ཟུང་འབྲེལ་ནི་ནང་བསྟན་གྱི་དགོངས་དོན་དང་མི་མཐུན་པ་བསམ་བློ་བཏང་བ་ཙམ་གྱིས་ཤེས་གསལ་རེད། དེར་བརྟེན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་བརྒྱུད་རིམ་ནང་། ཆོས་སྲིད་ལོགས་དབྱེའི་ལམ་ལུགས་ཀྱིས་རྩ་བའི་འགལ་རྐྱེན་བསལ་ཡོད་ལ། བོད་བརྒྱུད་ནང་བསྟན་ལ་ཐོབ་པར་དཀའ་བའི་སྐྱོན་བྲལ་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་འཕྲད་ཡོད།
གཉིས་ནི་དད་མོས་རང་དབང་ཐད་ཀྱི་འཚམ་མཐུན་དང་གོ་སྐབས་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་དངོས་གཙོ་རིང་ལུགས་དང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ལ་བརྟེན་ནས། ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟོས་པ་དང་། སྲིད་ཇུས་འདི་ཧ་ཅང་ཡང་དག་པ་ཞིག་རེད། ཆོས་ལ་དད་པ་བྱེད་མཁན་དང་ཆོས་ལ་དད་པ་མི་བྱེད་པའི་མང་ཚོགས་ཚང་མར་གནོན་ཤུགས་གང་ཡང་མེད། མིག་སྔར་བོད་ཀྱི་མི་རིགས་ཁག་གི་ཆོས་དད་རང་མོས་དབང་ཆར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐུབ་ནས། ཆོས་ལུགས་དང་གྲུབ་མཐའ་ཁག་ཚང་མར་འདྲ་མཉམ་གྱི་བརྩི་འཇོག་དང་སྲུང་སྐྱོང་ཐུབ་སྟེ་ཆོས་ལུགས་ལ་གུ་ཡངས་དངོས་འབྲེལ་ཐོབ་ཡོད་ལ། ཆོས་ལུགས་རིས་མེད་དངོས་སུ་མངོན་འགྱུར་བྱུང་བ་རེད། ད་ཆ་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་འོག་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་དབང་ཆ་གང་ལེགས་སྤྱོད་དབང་ཡོད།
གསུམ་ནི་ཀྲུང་ཧྭའི་རིག་གནས་དང་ཆོས་ལུགས་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པ། ཏང་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལ་ཕྱོགས་གཉིས་ཐད་ནས་མཐོང་ཆེན་དང་སྲུང་སྐྱོང་བྱས་ཡོད་པ་སྟེ། ཕྱོགས་གཅིག་ནས་མང་ཚོགས་ཀྱི་དད་མོས་དགོས་མཁོའི་ཐད་ལ་མཐོང་ཆེན་དང་སྲུང་སྐྱོང་བྱས་ནས། ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན་པའི་མཛུབ་སྟོན་གནང་བ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐད་ནས་མཐོང་ཆེན་དང་སྲུང་སྐྱོང་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་ཧུར་ཐག་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་བཏང་ནས། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་ཀྲུང་ཧྭའི་རིག་གནས་ཕན་ཚུན་མཉམ་འདྲེས་ཧུར་ཐག་ཐུབ་པ་བྱས་ལ། རྒྱལ་ཁབ་ཀྱིས་བོད་ཀྱི་མི་རིགས་རིག་གནས་དང་ཆོས་ལུགས་རིག་གནས་ལ་མཐོང་ཆེན་དང་སྲུང་སྐྱོང་བྱེད་ཚད་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད་པ།
བཞི་ནི་དགོན་སྡེ་དོ་དམ་ཐད་ཀྱི་འཚམ་མཐུན་དང་གོ་སྐབས་ཡིན་པ། ཀྲུང་དབྱང་གི“བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་ཕུགས་ཕན་ལམ་སྲོལ་འཛུགས་དགོས”ཞེས་པ་དང་། “དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་དུ་འཛིན་དགོས་པའི”དགོངས་དོན་གཞིར་བཟུང་། 2011ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་གཏན་འབེབས་གལ་ཆེན་བཟོས་ནས། དགོན་སྡེའི་དོ་དམ་ལ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་དང་། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ཡོད། ལྗོངས་ཡོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན་བཅས་དོན་འཁྱོལ་བྱས་པ་དང་འབྲེལ། གྲྭ་བཙུན་ལ་ལོ་ལྟར་རིན་མེད་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱེད་ཀྱི་ཡོད། སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་དགོན་སྡེའི་རིག་དངོས་ཉམས་གསོ་དང་སྲུང་སྐྱོང་བྱས་པ་དང་ཁ་གསབ་མ་དངུལ་བཏང་ནས་གྲྭ་ཤག་ཉམས་གསོ་དང་ལེགས་བཅོས་བྱས་ཡོད། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད། དགོན་སྡེའི་གྲྭ་བཙུན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མར་གཅིག་མཚུངས་ཀྱི་སྤྱི་ཚོགས་འགན་ལེན་དང་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་ནས། དགོན་སྡེའི་གྲྭ་བཙུན་གྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མྱོང་ཚོར་ཐུབ་པ་དང་། སྤྱི་དམངས་ཀྱི་ཐོབ་ཐང་མཐའ་དག་ལོངས་སྤྱོད་ཐུབ་ཡོད་ལ། སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཀྱང་མཉམ་སྤྱོད་ཐུབ་ཡོད། ཉེ་ལམ་ལོ་ཤས་རིང་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་ཉེ་འཁོར་གྱི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་དགོན་སྡེའི་གྲྭ་བཙུན་གྱིས་སྒྲིག་བཀུར་ཁྲིམས་སྲུང་དང་། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། ནང་བསྟན་དར་སྤེལ་བཅས་ཀྱི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་བས། རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མྱོང་ཚོར་ཏན་ཏིག་ཐུབ་པའི་ཁར། དགོན་སྡེའི་གྲྭ་བཙུན་གྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་བོད་དུ་ཞིབ་ཕྲའི་ལག་ལེན་བསྟར་བ་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་ཁས་ལེན་གང་ལེགས་ཐོབ་པའི་ཁར། རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་ཡོད་པ་རེད།
ལྔ་ནི་ནང་དོན་ཐད་ཀྱི་འཚམ་མཐུན་དང་གོ་སྐབས་ཡིན་པ། ཏང་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ལ་རྒྱབ་སྐྱོར་གནང་གི་ཡོད་པས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ་བསྟན་དོན་དང་འདུལ་ཁྲིམས་ལ་སྤྱི་ཚོགས་ཡར་ཐོན་གྱི་རེ་བ་དང་འཚམ་པའི་རྒྱས་བཤད་བྱས་ནས། “ནང་བསྟན་ཆོས་ལུགས”དར་སྤེལ་གཏོང་བའི་གོ་སྐབས་བཟང་པོ་ཤར་ཞིང་། ནང་ཆོས་དར་སྤེལ་གཏོང་བའི་ཐད་ལས་སྟེགས་བཟང་པོ་ཞིག་བསྐྲུན་ཡོད་པས། ང་ཚོས་ངེས་པར་དུ་ལས་སྟེགས་དེ་བེད་སྤྱོད་ཡག་པོ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་ཡོངས་ཀྱིས་མཉམ་དུ་གདམ་ག་དང་གསར་གཏོད་བྱས་པའི་སྤྱི་པའི་ཤེས་རྟོགས་མ་ལག་དང་དད་སེམས་རིན་ཐང་མ་ལག་ཅིག་ཡིན་པས། ཆོས་ལུགས་ལས་རིགས་ཁྲོད་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་གཞི་རྩའི་གཞི་འཛིན་ས་ཞིག་ཀྱང་ངེས་པར་ཡིན་དགོས། ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྱི་བསྟན་དོན་ནས་དེང་རབས་ཀྱི་ཀྲུང་གོའི་ཆོས་ལུགས་ཀྱི་རིན་ཐང་ཚད་ལྡན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དབར་གྱི་ཕན་ཚུན་རམ་འདེགས་དང་གཅིག་ཕན་གཅིག་རོགས་ཀྱི་རིན་ཐང་འབྲེལ་བར་གསལ་འགྲེལ་གཏིང་ཟབ་བྱས་ནས། རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་མཉམ་འདྲེས་ཐུབ་པ་བྱེད་དགོས།
དྲུག་ནི་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ཀྱི་འཚམ་མཐུན་དང་གོ་སྐབས་ཡིན་པ། སླད་ཕྱིན་གྱི་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ཤེས་ལྡན་མི་སྣར་ཐུག་ཡོད་པ་དང་། གསོ་སྐྱོང་འདུ་འགོད་ལག་བསྟར་བྱེད་པའི་ཁྲོད་དུས་རབས་ཀྱི་རྗེས་ཟིན་པ་དང་བསམ་བློར་བཅིངས་འགྲོལ་ཡང་གཏོང་དགོས་ཤིང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དཔེ་སྦྱོང་ལམ་ལུགས་དང་དེང་རབས་ཀྱི་སློབ་གླིང་ལམ་ལུགས་གཉིས་དུས་གཅིག་ཏུ་ལག་ལེན་བསྟར་བ་དང་དུས་གཅིག་ཏུ་འཕེལ་རྒྱས་གཏོང་དགོས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། ཀྲུང་དབྱང་གིས་ནང་བསྟན་སློབ་གླིང་བརྒྱད་བཙུགས་ཡོད་ལ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བོད་ལྗོངས་ནང་བསྟན་སློབ་གླིང་གིས“ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། གྲུབ་མཐའ་རིས་མེད། མདོ་སྔགས་ཟུང་འབྲེལ། གྲྭ་བཙུན་མཉམ་སྦྱོང་། སློབ་སྦྱོང་དང་ཞིབ་འཇུག་གལ་ཆེ་མཉམ་འཛིན”བཅས་ཀྱི་ཁྱད་ཆོས་གཞིར་བཟུང་། སློབ་གྲྭ་གཉེར་བས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད།
(སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ཞབས་བརྟན་དགོན་གྱི་སྒྲུབ་ཁང་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་བཅས་ཡིན་པ)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣