དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《དོ་གནད་བཅར་གླེང》ལེ་ཚན་གྱི་བཅར་འདྲི་དང་ལེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-11

    2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལྷ་སར་འཚོགས་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《དོ་གནད་བཅར་གླེང》ལེ་ཚན་གྱི་བཅར་འདྲི་དང་ལེན་གནང་སྟེ་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་། རྣམ་པ་གསར་པ། སྣང་ཚུལ་གསར་པ་བཅས་གླེང་གནང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བོད་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་མ་འོངས་སྔོན་དཔག བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མངོན་པར་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བཅར་འདྲི་དང་ལེན་གནང་སྐབས་བསྟན་དོན། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། 2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ་དེས“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་73.7%འཕར་ནས་ལོར་ཆ་སྙོམས་འཕར་ཚད་11.7%ཟིན་པ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1342.16ལེགས་གྲུབ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་1.9འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8000ལས་བརྒལ་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་འཕར་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བོད་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་དེ་ལྟ་བུ་ཐོབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འདུས་ཡོད་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་གྲུབ་འབྲས་ཀྱང་ཡིན།

    བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་ངར་ཤུགས་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ང་ཚོས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ།  ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྦྲེལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དོན་ལ་བབ་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་གཞི་ཚུགས་སར་བརྩིས་ནས། བོད་ཀྱི་གནས་ཚུལ་ལ་གཞི་ཚུགས་ཏེ་རང་ངོས་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་འཕེལ་རྒྱས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱེད་པ་དང་། གྲུབ་ཆ་བཀོད་སྒྲིག་ལེགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཕྱོགས་ཡོངས་ནས་དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས། ས་ཁུལ་གྱི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལོར་ཆ་སྙོམས་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱེད་གང་ཐུབ་དང་གཏན་འཇག་རྒྱུ་ནོར་ལ་མ་རྩ་གཏོང་ཤུགས་ལོར་ཆ་སྙོམས་20%འཕར་བ། སྤྱིའི་གཞི་ཁྱོན་དུང་ཕྱུར་ཁྲི་གཅིག་ཟིན་རྒྱུའི་བརྩོན་ལེན་བྱས་ནས་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་13%ཡན་འཕར་བ་བྱས་ནས། མི་འབོར་དབུལ་པོ་ཁྲི་59ཚང་མ་དུས་ཐོག་ཏུ་གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱས་ཐོག 2020ལོར་སླེབས་སྐབས་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། མཛེས་སྡུག་ལྡན་པའི་ཁྱིམ་གཞིས། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པ”ནི་རང་ལྗོངས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་ཤིག་རེད། ང་ཚོས་གསར་གཏོད་དང་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ནང་ངོས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ལྷ་ས་ལྟེ་བར་བྱེད་པ་དང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ལ་ཁྱབ་པའི་ཆུ་ཚོད་གསུམ་རིང་གི་དཔལ་འབྱོར་ཁུལ་ཧུར་ཐག་གཏོད་པ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཙོ་བོ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པ། སྒོ་དབྱེ་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་གཙོ་གནད་བགྲོད་ལམ་མགྱོགས་མྱུར་བསྐྲུན་ཏེ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ། མཉམ་སྤྱོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་བ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་59དུས་བཀག་ལྟར་ཚང་མ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ། ཞི་མཐུན་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་གི་བྱེད་ཐབས་ཁག་བཅུ་གཏིང་ཟབ་སྤེལ་ཏེ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་བཅས་བརྒྱུད། ང་ཚོས་དུས་བཀག་ལྟར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།