ཟླ་7ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་པ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་མེའོ་ཝུའེ་ཡིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་གསུངས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧའེ་ཀྲོའུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
མེའོ་ཝུའེ་ཡིས་རྒྱལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱིས“ཀྲུང་གོའི་བཟོ་སྐྲུན་2025”དང“དྲ་སྦྲེལ་+”ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ལྗོངས་འདི་ཉིད་བཟོ་ལས་ཅན་གསར་པའི་ལམ་བུའི་ཐོག་བསྐྱོད་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པ་སྟེ། གཅིག་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཤིང་། ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་རང་བྱུང་འཐུང་ཆུའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་ཐོན་ལས་སྤུས་ལེགས་དང་རྩེ་གྲ་བཏོད་དེ་གསར་དར་ཐོན་ལས་སྐྱེད་སྲིང་མྱུར་པོ་བྱས་ནས“ས་མཐོ་དང་། ལྗང་མདོག སྣོད་བཅུད། བོད་ཀྱི་རིག་གནས”བཅས་ཐད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་གཙོ་གནད་གླིང་ཁུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་མགྱོགས་སུ་གཏོང་དགོས་ཤིང་། གཙོ་གནད་ཐོག་བོད་མཚོ་བཟོ་ལས་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་།སྟག་རྩེའི་བཟོ་ལས་གླིང་། གཞིས་རྩེའི་བཟོ་ལས་གླིང་། ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་གླིང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་མ་བཏང་ནས། ཆ་རྐྱེན་ཚང་བའི་ཁུལ་རྒྱལ་ཁབ་རིམ་པའི་བཟོ་ལས་ཅན་ཐོན་ལས་དཔེ་སྟོན་རྟེན་གཞི་གསར་པར་ཡིག་ཐོག་སྙན་ཞུ་འབུལ་རྒྱུར་རྒྱབ་སྐྱོར་དང་ཐོན་ལས་མཉམ་ལས་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་མ་གཏོང་དགོས་པ། གསུམ་ནས་འཕྲིན་གཏོང་དང་ཆ་འཕྲིན་ཅན་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་ཤིང་། བོད་ཀྱི་གྲོང་གསེབ་དང་ཐག་རིང་ལུང་ཁུག་ཏུ་དྲ་ཆེན་འཁྲིད་པ་དང་འཕེལ་རྒྱས་གཏོང་མགྱོགས་སུ་བཏང་ནས། སྲིད་འཛིན་གྲོང་ཚོར་དྲ་ཆེན་ཁྱབ་རྒྱུ་སྔ་སྣུར་དུ་ལེགས་སྒྲུབ་བྱེད་དགོས། བོད་ཀྱི་འཕྲལ་སྡོམ་འཕྲིན་གཏོང་སོགས་གཙོ་གནད་རྫོང་དང་ཆུས་སུ་སྣུར་སྲིང་བྱ་རྒྱུར་རྒྱབ་སྐྱོར་དང་བོད་དུ་ཅན་གཉིས་མཉམ་འདྲེས་དོ་དམ་གྱི་མ་ལག་ལག་བསྟར་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། བཞི་ནས་ཤེས་ལྡན་མི་སྣའི་སྤེལ་རེས་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ལས་བྱེད་པ་ཕྱོགས་གཉིས་གནས་སྦྱར་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་གཉེར་སྐྱོང་དོ་དམ་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཤེས་ལྡན་མི་སྣ་དང་རིག་སྟོབས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། པུའི་དོ་དམ་ཁོངས་གཏོགས་ཀྱི་མཐོ་སློབ་ལ་སློབ་མ་བསྡུ་བ་དང་། གསོ་སྦྱོང་སྒྲིག་འཛུགས། ཚན་ཞིབ་མཉམ་ལས་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལྔ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལེགས་ལྡན་ཐོན་ཁུངས་གཅིག་སྡུད་ཀྱིས་ལས་ཀའི་མཉམ་ཤུགས་སྤྱི་འདོམས་བྱས་ཏེ་ཆགས་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བོད་ཀྱི་བཟོ་ལས་དང་འཕྲིན་གཏོང་ལས་སྒོ་དང་ཆ་འཕྲིན་ཅན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་བཏོན་པ་དང་། རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་བོད་ནས་བཟོ་ལས་ཁུལ་གྱི་སྤྱིའི་འཆར་འགོད་སོགས་བཟོ་རོགས་བྱེད་པ་སོགས་ཕྱོགས་མང་པོའི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། བོད་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་བྱ་གཞག་འཕེལ་རྒྱས་མྱུར་པོ་ཡོང་བར་འདེགས་སྐྱོར་ནན་པོ་དང་འགན་ལེན་ནུས་ལྡན་བྱེད་དགོས། ཉེ་བའི་ལོ་གཉིས་ཙམ་རིང་། བོད་ཀྱི་བཟོ་ལས་དང་དཔལ་འབྱོར་ཐོག་མཐའ་བར་གསུམ་དུ་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་ཐུབ་ནས། བོད་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ལུགས་བསྟན་གནང་ཡོད།
བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི། བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་ཡིན་པ་དང་། རང་ལྗོངས་འཕེལ་རྒྱས་མྱུར་པོ་ཡོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད། བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་གང་ལེགས་སྤྱད་དེ་ཐོན་ཁུངས་ཀྱི་ལེགས་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་སྤུས་ལེགས་དང་རྩེ་གྲ་གཏོད་པ། སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་རིམ་སྤོར། གསར་དར་ཐོན་ལས་འཕེལ་རྒྱས་མྱུར་པོ། གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཡོང་བ་བྱས་ནས། རང་བྱུང་འཐུང་ཆུའི་ཐོན་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། བོད་ནས་བཟོ་ལས་ཁུལ་བཅས་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་བཏོད་དེ་ཐོན་ཁུངས་སྐུལ་འདེད་དང་། གཅིག་སྡུད་ནུས་མཐོ། གྲུབ་ཆ་ལེགས་སྒྲིག ལྗང་མདོག་ཐཱན་ཉུང་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་གསར་པའི་ལམ་བུ་བཏོད་དེ། བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐོན་ལས་འདེགས་སྐྱོར་གྱི་རྨང་གཞི་བརྟན་པོ་འདིང་དགོས། ལྗོངས་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་འགུལ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རང་སྐྱོང་ལྗོངས་ཀྱི་མཉམ་ལས་གྲོས་དོན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མཉམ་ལས་གྲོས་དོན་དོན་འཁྱོལ་བྱེད་དགོས། རོགས་སྐྱོར་ཐོབ་མཁན་གྱི་རྣམ་གྲངས་དང་མ་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། བོད་སྐྱོར་རྣམ་གྲངས་ཚང་མ་དང་བོད་སྐྱོར་མ་དངུལ་ཚང་མ་ལས་ཕན་འབྲས་ལེགས་ཤོས་ཐོན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།