དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-06

    ཚེས་4ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ཁྲེན་ཅི་ཉིང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ། ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ལི་ཀན་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁྲེན་ཅི་ཉིང་གིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་ལ་བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མགྱོགས་མྱུར་བསྐྲུན་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། དེས་ན་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་བོད་སྐྱོར་བྱ་ཐབས་ལག་བསྟར་བྱེད་་ཤུགས་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བོད་ཀྱི་ཁོར་ཡུག་དོ་དམ་གྱི་མ་ལག་ཅན་དང་། ཚན་རིག་ཅན། ཁྲིམས་སྐྱོང་ཅན། ཞིབ་ཚགས་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་གསུངས་པ་རེད།

    ཁྲེན་ཅི་ཉིང་གིས་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་བོད་སྐྱོར་ལས་དོན་གྱི་ཇུས་ཆེན་མཛད་ཕྱོགས་ཐོག་ངེས་པར་དུ་གཅིག་གྱུར་ཡོང་བ་དང་། པུའུ་ཏང་ཙུའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་བོད་སྐྱོར་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། བོད་སྐྱོར་འཆར་འགོད་དོན་འཁྱོལ། མ་དངུལ་དང་རྣམ་གྲངས་ལ་དོ་དམ་ནན་པོ། ཕན་འབྲས་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ནས་ཁ་གཏད་བོད་སྐྱོར་གྱི་ལས་འགན་ཁག་དོན་དུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་པུའུ་ཀྲང་ཁྲེན་ཅི་ཉིང་དང་། པུའུ་ཀྲང་གཞོན་པ་ལི་ཀན་ཅེ། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི་ཚོགས་ཞུགས་བློ་མཐུན་ཚོར་དགའ་བསུ་ཞུས་གནང་བ་མ་ཟད། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་དང་། ལྷག་པར་དུ་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། སྣོད་བཅུད་འཛུགས་སྐྱོང་ལ་དམ་འཛིན་ནན་པོ། ཕྱོགས་ཡོངས་ནས་དཔྱད་ཞིབ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཁོར་ཡུག་བྱེད་ནུས་ཁུལ་དབྱེ་དང་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་ལས་དོན་སྤེལ་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབ་དང་རིམ་པ་བཏོན་ནས། 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཆར་འགོད》ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་མི་དམངས་སྲིད་གཞུང་74ཡི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་བ་བྱ་རྒྱུ་ནི་ཀྲུང་དབྱང་གིས་བོད་ལ་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལྡོག་མེད་ཀྱི་བླང་བྱ་ཞིག་དང་བོད་འཕེལ་རྒྱས་གཏོང་བའི་ཐུན་མིན་ལེགས་ཆ་དང་ལས་ཀའི་མཐའ་ཚད་ཅིག་རེད། དེས་ན“ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”ཕྱོགས་ཡོངས་ནས་དོན་འཁྱོལ། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་པ་དང་། སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་ཉམས་གསོ་མཉམ་དུ་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ། ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ཐོག་གི་ཆེས་མཐའ་མའི་དག་ཞིང་སྲུང་སྐྱོང་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས། རིམ་ཁག་སྲིད་གཞུང་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་བོད་སྐྱོར་ལས་བྱེད་པའི་ཞབས་ཞུ་དང་དོ་དམ་ལ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ཁུར་སེམས་ཆེ་རུ་ཏན་ཏིག་བཏང་ནས། རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།