ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉིན་ཤས་གོང་རང་ལྗོངས་ཀྱིས་རྒྱལ་ཁབ་པུའུ་ཨུད་ཀྱི་རྒྱབ་སྐྱོར་སོགས་འབྲེལ་ཡོད་ལས་དོན་འབྲེལ་མཐུད་དང་དོན་འཁྱོལ་བྱས་ཚུལ་གསན་པ་དང་། བོད་ལུགས་སྨན་རྒྱུའི་སྲུང་སྐྱོང་བེད་སྤྱོད་ལ་ཞིབ་འཇུག་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། དུས་སྐབས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲངབཅས་ཡིན་པའི་ཅང་ཅེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཁབ་པུའུ་ཨུད་ཀྱིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པར་གཏན་འཁེལ་བྱས་པའི་སྲིད་ཇུས་དང་རྣམ་གྲངས་ཁག་དོན་འཁྱོལ་ཧུར་ཐག་བྱེད་དགོས་པ་སྟེ། གཅིག་ནས་འབྲེལ་མཐུད་དམ་ཟབ་བྱེད་དགོས་ཤིང་། འགན་འཁྲི་སྔར་བས་ཁ་གསལ་དུ་གཏོང་བ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་རྣམ་གྲངས་དང་སྲིད་ཇུས་རེ་རེར་འབྲེལ་ཡོད་སྡེ་ཚན་དང་འགན་འཁྲིའི་འགོ་ཁྲིད་ཁ་གསལ་བཟོ་བ་དང་འབྲེལ། རྣམ་གྲངས་རེ་རེའི་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་དང་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པ་དང་། རྣམ་གྲངས་འགའ་ཞིག་ལ་ད་དུང་སྔར་བས་འབྲེལ་མཐུད་བྱས་ཏེ་རྒྱབ་སྐྱོར་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས། སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་རིགས་ལ་མཐུན་སྦྱོར་གཞོག་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་དགོས། གཉིས་ནས་གཙོ་གནད་སྐུལ་འདེད་གཏོང་དགོས་ཤིང་། དུས་ཚིགས་ཡག་ཤོས་དམ་འཛིན་བྱས་ཏེ་ལོ་སྟོད་དུ་གཏན་འཁེལ་བྱས་པའི་སྲིད་གཞུང་གི་ལས་ཀའི་ཁག་བགོས་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་དང་། གེགས་རྗེས་བསྐྱར་སྐྲུན། ཐོན་ལས་འཕེལ་རྒྱས། རྣམ་གྲངས་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཕེལ་རིམ་མགྱོགས་སུ་གཏོང་བ། ཕན་འབྲས་དངོས་དོན་གཉེར་བཅས་བྱེད་དགོས། གསུམ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། གཏན་འཁེལ་ཟིན་པའི་རྣམ་གྲངས་སྲིད་ཇུས་ལ་ཆ་རྐྱེན་གསར་གཏོད་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། བྱེད་ཤུགས་ཆེ་རུ་གཏོང་བ་དང་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྔ་ཙམ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བཅས་བྱས་ནས་མ་དངུལ་བེད་མེད་དུ་འཇོག་མི་རུང་། མ་དངུལ་བསྡུ་སྒྲིལ་བྱས་ནས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། བཞི་ནས་ཁྲོམ་རར་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱས་པའི་གཟིགས་སྐྱོང་སྲིད་ཇུས་ཁག་ཡག་པོ་དང་འདང་ངེས་སྤྱད་དེ་སྔར་བས་བསམ་བློ་གཏོང་བ་དང་བསམ་ཕྱོགས་གསར་གཏོད་ཀྱིས་ཁྲོམ་རའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་གཞོལ་བ་དང་དངུལ་རྩའི་འདེགས་ཤུགས་ཆེ་རུ་གཏོང་བའི་ཐད་གཞོལ་བའི་ཐོག་བོད་ལྗོངས་འགྲེམས་ཚོགས་ཀྱི་སྟེགས་བུ་བརྒྱུད་ནས་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་བཏང་སྟེ་གན་རྒྱའི་མ་དངུལ་དེ་བས་མང་བ་བརྩོན་ལེན་བྱས་ནས་འཆར་འགོད་མ་འཇོག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་བཏོན་ཡོད།
ཚོགས་འདུའི་ཐོག་བོད་སྨན་གྱི་སྨན་རྒྱུའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་སྨན་སྨན་རྒྱུའི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཧུར་ཐག་སྤེལ་བ་དང་། བོད་སྨན་སྨན་རྒྱུའི་འཚོལ་བསྡུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། བོད་སྨན་སྨན་རྒྱུའི་འགྲོ་རྒྱུགས་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ། བོད་སྨན་སྨན་རྒྱུ་ཐོན་སར་སྲུང་སྐྱོང་བཅས་བྱས་ཏེ་རི་སྐྱེས་བོད་སྨན་སྨན་རྒྱུའི་ཐོན་ཁུངས་ལ་ཚད་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བོད་སྨན་སྨན་རྒྱུ་འདེབས་གསོ་བྱས་ཏེ་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་དུ་བྱེད་པ་དང་། བོད་སྨན་སྨན་རྒྱུའི་གསོ་སྤེལ་དང་ཚན་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། བོད་སྨན་སྨན་རྒྱུའི་མྱུག་སོན་གྱི་གསོ་སྤེལ་རྟེན་གཞིའི་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་སྨན་སྨན་རྒྱུའི་གཞི་ཁྱོན་ཅན་དང་ཚད་གཞི་ཅན་གྱི་འདེབས་གསོར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། སྨན་རྫས་ཁེ་ལས་དང་། ཚན་ཞིབ། མཉམ་ལས་རྩ་འཛུགས། ཞིང་དུད་བཅས་ཀྱི་རྣམ་པ་ལག་བསྟར་ཧུར་ཐག་བཅས་ཀྱི་མཉམ་ལས་བྱེད་སྟངས་ལག་ལེན་ཧུར་ཐག་བསྟར་ནས་བོད་སྨན་སྨན་རྒྱུའི་མ་བཅོས་རྒྱུ་ཆ་གོ་རིམ་ལྡན་པའི་ངང་མཁོ་སྤྲོད་བྱ་རྒྱུ་འགན་ལེན་བྱེད་པ་མ་ཟད། ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཀྱང་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་རྒྱང་རིང་གཏིང་ཟབ་ཀྱི་འཕེལ་རྒྱས་འཆར་འགོད་བཟོ་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་རྣམ་པ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་སྟོབས་ཤུགས་ནུས་ལྡན་ངང་བསྡུ་སྒྲིལ་བཅས་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།
ཚོགས་འདུའི་ཐོག་དུས་སྐབས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ནང་དོན་གལ་ཆེན་ཞིག་རེད། 《དུས་སྐབས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་དྲངས་ནས་བདེ་ཐང་གི་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས། བོད་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་འཆར་འགོད་དང་གཙོ་གནད་འབུར་དུ་ཐོན་པ་བྱས་ནས་ཆུ་ཀ་ལ་འཁྲིད་རྒྱུ་དང་གསང་སྤྱོད་ཉམས་བཟོ་བྱ་རྒྱུ་དེ་ལག་པ་འཇུ་ས་གལ་ཆེན་དུ་བརྩིས་ཏེ། སྐུལ་འདེད་གཏོང་བ་དང་། 2020ལོར་སླེབས་སྐབས་བདེ་འཇགས་འཐུང་ཆུ་དང་འཕྲོད་བསྟེན་གསང་སྤྱོད་སྐྲུན་ཐུབ་རྒྱུའི་བརྩོན་ལེན་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་ཡུལ་སྐོར་གྱི་གཙོ་གནད་ས་ཁོངས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་སྐུལ་ཁྲིད་བྱས་ནས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུར་ད་དུང་དོན་ཚན་གཞན་ལ་ཞིབ་འཇུག་བྱས་ཡོད་པ་རེད།