དབུ་ཤོག>སྲིད་དོན།
  • མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བའི་སྐོར་ལ་བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་དང་ལྗོངས་ནང་ཁུལ་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-04

    ལོ་10གོང་གི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་ཐོག་དངོས་སུ་མེ་འཁོར་ཤར་གཏོང་བྱས་པ་དང་། རྒྱལ་ས་པེ་ཅིང་ནས་རྡོག་ཐོན་བྱས་པའི་མེ་འཁོར་དང་པོ་དེ་ཟླ་7ཚེས་3ཉིན་ལྷ་སར་བདེ་བླག་ངང་འབྱོར་བ་རེད། ཚེས་གཅིག་ཉིན་གྱི་ཉིན་དགུང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཀྲུང་དབྱང་གི་བོད་སྡོད་སྨྱན་སྦྱོར་དང་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོའི་བཅར་འདྲི་དང་ལེན་གནང་བ་རེད། ཁོང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་དབུ་བརྙེས་ནས་ལོ་95འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བའི་སྐབས་འདིར་ང་ཚོས་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བར་བསུ་བ་ཞུས་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་། ལྷོ་ནུབ་མཐའ་མཚམས་སྲ་བརྟན། མི་རིགས་ཁག་གི་མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་བྱ་ཆེད་བཏོན་པའི་མཁས་མཛངས་ལྡན་པའི་ཐབས་ཇུས་ཤིག་རེད། མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དེ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་བའི་འོད་སྟོང་འབར་བའི་ལག་ལེན་དང་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ཞིང་། དེ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་བདེ་འཇགས་ལྡན་པའི་འཁོར་རྒྱུག་བྱས་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་དང་ཡིད་ཆེས་བརྟན་ཏུ་ཕྱིན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་ཟབ་ཏུ་ཤུགས་ཆེན་ཕྱིན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟབ་ཏུ་ཤུགས་ཆེན་ཕྱིན་ཡོད་ཅེས་གསུངས་པ་རེད།

    བཅར་འདྲི་བྱེད་རིང་ཤིན་ཧྭ་གསར་འགྱུར་ཁང་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་དྲི་བ་བཏོན་པ་དང་བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པའི་དོན་སྙིང་འགངས་ཆེན་དང་། འཁོར་རྒྱུག་བྱས་ཚུལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད། དམངས་འཚོ་ལེགས་གཏོང་ལ་འདེགས་སྐྱོར། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་གཏོང་། སྣོད་བཅུད་སྲུང་སྐྱོང་། ལྕགས་ལམ་འཕེལ་རྒྱས་ཀྱི་འཆར་འགོད། ལྕགས་ལམ་འཛུགས་སྐྲུན་གྱི་བྱེད་ཐབས། ཨེ་ཤེ་ཡ་ལྷོ་རྒྱུད་ལ་ཕྱོགས་ནས་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་སྐྲུན་པ་སོགས་རྒྱས་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་འདི་ཉིད་ནི་བོད་དང་མེས་རྒྱལ་ནང་ས་འབྲེལ་མཐུད་བྱེད་པའི་ས་མཐོའི་མཁའ་ལམ་དང་། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་བགྲོད་ལམ། འཕེལ་རྒྱས་ཀྱི་རེ་བའི་བགྲོད་ལམ་བཅས་སུ་གྱུར་པ་དང་དྲི་མེད་དྭངས་གཙང་དང་ལྟ་ན་སྡུག་པའི་ཡུལ་སྐོར་མཛེས་ལྗོངས་ཀྱི་བགྲོད་ལམ་དང“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”སུ་སྐྱོད་པའི་ངོ་མཚར་ཆེ་བའི་མཁའ་ལམ་ཞིག་ཏུ་གྱུར་ནས་ཆབ་སྲིད་ལམ་བུ་དང་། དཔལ་འབྱོར་ལམ་བུ། སྣོད་བཅུད་ལམ་བུ། རྒྱལ་སྲུང་ལམ་བུ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་པས། དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ལམ་བུ་དང་། བདེ་སྐྱིད་ལམ་བུ། ཚེ་སྲོག་ལམ་བུ་བཅས་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་འཁོར་རྒྱུག་བྱས་ནས་ལོ་10སོང་རིང་གཉེར་སྐྱོང་ནུས་པ་ཆེ་བ་དང་། མྱུར་བ། བདེ་འཇགས་ལྡན་པ་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད། སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་དང་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད་པས་ཕྱིན་ཆད་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་དེ་བས་སྐྱིད་སྣང་དོད་པ་དང་། དེ་བས་སྤུས་ལེགས། དེ་བས་བདེ་འཇགས་ལྡན་པ་བཅས་ཀྱི་ཞབས་ཞུ་བྱེད་ངེས་རེད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་དེས་གཞུང་ལམ་དང་མཁའ་འགྲུལ་སོགས་སྐྱེལ་འདྲེན་བྱེད་སྟངས་གཞན་དག་དང་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་འཕེལ་རྒྱས་གཏོང་རེས་བྱས་པས་སྐྱེལ་འདྲེན་མ་གནས་ཆེས་ཆེར་ཆག་པ་དང་། སྤྱི་ཚོགས་ཡོངས་ཀྱི་སྐྱེལ་འདྲེན་སྤྱི་འབོར་མང་དུ་ཕྱིན་པ། སྐྱེལ་འདྲེན་བྱེད་སྟངས་གཞན་དག་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱས་པ། བོད་ནས་ཕྱིར་གཏོང་དང་ནང་འདྲེན་བྱེད་པའི་ལས་འགན་གཙོ་བོ་ཁུར་བ་བཅས་ཡིན་པས། དེ་ནི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཁྲོད་ཀྱི་གཙོ་ཤུགས་དམག་ཅིག་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལོ་10ཡི་རིང་མཚོ་བོད་ལྕགས་ལམ་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་བོད་འདི་ཉིད་མེས་རྒྱལ་སྐམ་སའི་དབུས་ཁུལ་གྱི་ལྟེ་བའི་ཁྲོམ་ར་དང་འབྲེལ་མཐུད་བྱེད་པའི་འཕར་རྩ་ཆེ་མོ་དང་། ཕྱི་ཕྱོགས་སྒོ་དབྱེ་དང་སྤེལ་རེས་བྱེད་པའི་ལས་སྟེགས་ཆེ་མོ། ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཆེ་མོ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆེ་མོ་བཅས་སུ་གྱུར་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་གཞི་མཐོ་ཤོས་སྒོ་ནས་སྐུལ་འདེད་བཏང་ཡོད། 2015ལོར་བོད་ཀྱི་GDPདུང་ཕྱུར་སྟོང་གི་འགག་སྒོ་ཆེ་མོ་ལས་ཚད་བརྒལ་བྱུང་ནས་སྒོར་དུང་ཕྱུར་1026.4ཟིན་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེ་ནི་མེ་འཁོར་ཤར་གཏོང་མ་བྱས་གོང་གི་ལྡབ་4ཡིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་པ་མེ་འཁོར་ཤར་གཏོང་མ་བྱས་གོང་གི་ལྡབ་4ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.5ཟིན་པ་དེ་མེ་འཁོར་ཤར་གཏོང་མ་བྱས་གོང་གི་ལྡབ་3ཡིན་པ་དང་། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བོད་ཀྱི་ཡུལ་སྐོར་ལས་རིགས་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ནས་ད་ཆ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལྷག་ཙམ་ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་280ཟིན་ཡོད་ཅེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བརྟེན་ནས་མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པ་ནས་དེང་རབས་ཅན་གྱི་ཐོན་སྐྱེད་རྣམ་པར་འགྱུར་ལྡོག་འགྲོ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཐོག ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་བསྐྱེད་བཏང་ཡོད། མཚོ་བོད་ལྕགས་ལམ་འཁོར་རྒྱུག་བྱས་པ་དེས་ལམ་རྒྱུད་ས་ཁུལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། ནག་ཆུ་ས་ཁུལ་གྱི་ཨེན་ཀེར་བཏགས་གྲངས་དེ་2006ལོའི་མེ་འཁོར་ཤར་གཏོང་བྱེད་སྐབས་ཀྱི་63.3%ནས་2014ལོའི་56.3%བར་ཆག་ནས་བརྒྱ་ཆའི་གྲངས་7ཉུང་དུ་སོང་བ་དང་། ལྷ་ས་གྲོང་ཁྱེར་གྱི་ཨེན་ཀེར་བཏགས་གྲངས་དེ་44.4%ནས་40.9%བར་ཆག་ནས་བརྒྱ་ཆའི་གྲངས་4ཙམ་ཉུང་དུ་སོང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཆེན་པོ་ཕྱིན་ཡོད་ཅེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདུ་ཤེས་གསར་བརྗེས་དང་བློ་གཤོག་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཡོད། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་སྙིང་དོན་ཕུན་སུམ་ཚོགས་སུ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བོད་འཕེལ་རྒྱས་གཏོང་བའི་དཔེ་དབྱིབས་གལ་ཆེན་དུ་གྱུར་པ་དང་། ཡུལ་སྐོར་རིག་གནས་ཐོན་ལས་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཀ་རྟེན་དུ་གྱུར་ཡོད། དུས་མཚུངས་ལྕགས་ལམ་རྒྱུད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་བློ་ཁ་གཏད་ཕྱོགས་དང་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ལྕགས་ལམ་འཕེལ་རྒྱས་གཏོང་རྒྱུ་དེ“འཕྲེད་གཉིས་གཞུང་གཉིས་དང་། རང་ལྗོངས་ནས་དོན་ས་ལྔ། ས་མཚམས་ནས་དོན་ས་གསུམ”བཅས་ཀྱི་མ་ལམ་ལམ་དྲའི་སྤྱིའི་བསམ་ཕྱོགས་དང་འཕེལ་རྒྱས་དམིགས་ཚད་གཞིར་བཟུང་། ལམ་དྲ་ཁྱབ་ཚད་ཆེ་རུ་བཏང་ནས་ཕྱི་ཕྱོགས་ཀྱི་བགྲོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ལམ་དྲའི་སྒྲོམ་གཞི་ཞིག་མགྱོགས་མྱུར་ཆགས་པ་བྱས་ནས། ལྕགས་ལམ་སྐྱེལ་འདྲེན་ཐད་ཀྱི་རང་སྐྱོང་ལྗོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དགོས་མཁོ་སྐོང་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པ་དེར་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་ཤོས་འཕྲད་ཡོད་པས་བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་བརྗིད་ཉམས་ཆེ་བའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུར་ང་ཚོས་འཆར་འགོད་བཟོ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྲུན་བཞིན་པའི་རྣམ་གྲངས་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་པ། ལེ་ལག་ཚང་བའི་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་གཏོང་བ་དང་མཉམ་བསྡུའི་སྒྲིག་སྲོལ་སྒྱུར་བཅོས་གསར་གཏོད་བྱེད་པ། ལྕགས་ལམ་འཛུགས་སྐྲུན་གྱི་ཁོར་ཡུག་བཟང་པོ་གཏོད་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་སྣོན་གཏོང་བ་དང་ཏན་ཏིག་ངང་བསྒྲུབ་དགོས་ཞེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས“རྒྱུད་གཅིག་ལམ་གཅིག”གི་ཐབས་ཇུས་ལག་བསྟར་བྱེད་པར་བོད་ལ་ཐུན་མོང་མ་ཡིན་པའི་ས་བབ་ལེགས་ཆ་དང་ས་ཁམས་ཀྱི་ལེགས་ཆ་ལྡན་ཡོད། བོད་ཀྱི་ལྕགས་ལམ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དེར་རང་རྒྱལ་དུ“རྒྱུད་གཅིག་ལམ་གཅིག”གི་ཐབས་ཇུས་ལག་བསྟར་བྱེད་པ་དང“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”དང“ཧི་མ་ལ་ཡའི་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་རྒྱུད”བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་ལྷོ་རྒྱུད་ལ་ཕྱོགས་ནས་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་སྐྲུན་པ་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཐབས་ཇུས་ཀྱི་བཀོད་པ་ཞིག་ཆགས་པ་བྱེད་པར་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ལྡན་ཡོད། ང་ཚོས་གོ་སྐབས་འགངས་ཆེན་དེར་དམ་འཛིན་བྱས་ནས་ས་ཁོངས་ཀྱི་ལྕགས་ལམ་དྲ་བ་ཁྱབ་ཚད་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་ལྗོངས་དབར་དྲ་སྦྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཨེ་ཤེ་ཡ་ལྷོ་རྒྱུད་ལ་ཕྱོགས་ཏེ་སྒོ་མོ་དབྱེ་བའི་སྦྲེལ་མཐུད་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་མགྱོགས་མྱུར་འཕར་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།