དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཏང་ཡོན་རྒན་གྲས་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-02

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་བསུ་བ་ཞུ་བའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚེས་30ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྤྱི་སོ་གྲོང་ཚོར་ཕེབས་ནས་ཏང་ཡོན་རྒན་གྲས་དགེ་སློང་དང་། བཀྲ་བཟང་། དབང་འདུས་རྡོ་རྗེ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོང་ཚོས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོར་བླ་ན་མེད་པའི་གུས་འདུད་དང་དུས་ཆེན་གྱི་འཚམས་འདྲིའང་ཞུས་གནང་བ་རེད།

    འདི་ལོ་ལོ་66ལ་སོན་པའི་དགེ་སློང་1971ལོར་ཏང་ནང་ཞུགས་པ་དང་། ཏང་ལོ་45ལྡན་པའི་ཏང་ཡོན་རྒན་གྲས་ཤིག་རེད། བློ་བཟང་རྒྱལ་མཚན་གྱིས་ཁོང་གི་ནང་མི་ཚོ་དང་ལྷན་དུ་བཞུགས་ནས་ཅི་འཕྲོས་མོལ་འཕྲོས་གནང་བ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་སྐབས་དགེ་སློང་གིས་ཕྲུ་གུ་མཐོ་རིམ་སློབ་འབྲིང་ཐོན་རྗེས་ད་ལྟ་ཤང་ནང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཀ་བྱེད་བཞིན་ཡོད། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་ནང་མི་ཚང་མ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོད་ཅེས་ཞུས། བློ་བཟང་རྒྱལ་མཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བཞིན་ཡོད་པས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད་ཅེས་གསུངས།

    ཅི་འཕྲོས་མོལ་འཕྲོས་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་རང་འགུལ་ངང་ཁོང་ལ་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཐད་བསམ་འཆར་གང་ཞིག་ཡོད་མེད་བཀའ་འདྲི་གནང་བ་དང་སྦྲགས་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོར་གྲོང་ཚོར་སྐྱོད་སའི་འགྲོ་ལམ་ལེགས་བཅོས་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་སྣུར་བསྲིང་བྱས་ཏེ་མང་ཚོགས་འགྲོ་སྐྱོད་ཐད་སྟབས་བདེ་ཟམ་མི་ཆད་པར་གཏོད་རྒྱུའི་མངགས་བཅོལ་ཟབ་མོ་ཡང་གནང་བ་རེད།

    འདི་ལོ་ལོ་69ལ་སོན་པའི་བཀྲ་བཟང་ལོ་18སྐབས་ཏང་ནང་ཞུགས་པ་དང་ཏང་ལོ་51ཡོད། ཁོང་སྔ་རྗེས་སུ་ཉང་བྲན་ཤང་དང་སྤྱི་སོ་གྲོང་ཚོ་ཨུ་ལྷན་དུ་ལས་ཀ་བྱེད་མྱོང་ཡོད། ཁོང་གིས་ཀྲུའུ་ཞིར་རང་ཉིད་ཀྱིས་སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་མྱོང་ཡོད་པས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་ཀྱི་འདུག

    ད་ཆ་ཉིན་ལྟར་ལོ་གསར་གཏོང་བ་ལྟར་གྱི་འཚོ་བ་སྐྱེལ་རྒྱུ་འདུག་པས་ཏང་གི་བཀའ་དྲིན་ཚེ་གང་སེམས་ནང་འཇོག་རྒྱུ་ཡིན་ཞེས་ཞུས། བློ་བཟང་རྒྱལ་མཚན་གྱིས་ཁོང་ལ་ནུས་ཤུགས་ལྷག་འཕྲོ་རྣམས་བཏོན་ནས་ཉམས་མྱོང་དངོས་ལ་གཞིགས་ཏེ་ན་གཞོན་མི་རབས་ཚོར་སློབ་གསོ་གཏོང་བ་དང་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་ཏེ་དཀའ་སྤྱད་ལས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་གྱིས་བདག་པོའི་བསམ་པའི་ཐོག་ནས་དེ་བས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་དགོས་པའི་ཐུགས་རེ་གནང་བ་རེད། བཀྲ་བཟང་གི་བུ་མིག་དམར་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཡིན་པ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་ཁོང་ལ་ཕན་ཚུན་རོགས་རེས་དང་དཀའ་ངལ་ཁྱད་བསད་བྱས་ཏེ་ཕྱུག་པོ་ཆགས་པ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱོད་བཟང་དར་སྤེལ་བཏང་ནས་ས་གནས་དེ་གའི་མང་ཚོགས་དབུལ་པོ་ལས་ཞུགས་ཐུབ་པ་དང་། ལྷ་མོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་མང་ཚོགས་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་སྐུལ་མ་བཏང་གནང་བ་རེད།

    ཏང་ཡོན་རྒན་གྲས་དབང་འདུས་རྡོ་རྗེ་ནི་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་འཐབ་འཛིང་པ་ཞིག་ཡིན་པ་དང་དམག་ཁོངས་ནང་སྡོད་རིང་གཟེངས་བསྟོད་བྱ་དགའ་མང་པོ་ཐོབ་མྱོང་ཡོད། ཁོང་གི་ཤུགས་རྐྱེན་འོག་ཕྲུ་གུ་རྣམས་ཀྱང་གཟི་བརྗིད་ངང་གཅིག་རྗེས་གཉིས་མཐུད་ཀྱིས་དམག་མིར་ཞུགས། བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོ་ནང་མི་རྣམས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། དབང་འདུས་རྡོ་རྗེས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག་ཁྱིམ་གྱི་འཚོ་བ་ལེགས་སུ་ཕྱིན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་ཡིད་ཆེས་ཆེན་པོ་ཡོད་ཅེས་ཞུས། བློ་བཟང་རྒྱལ་མཚན་གྱིས་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་རང་རེའི་ཏང་གི་རྩ་ཆའི་ནོར་བུ་ཡིན་པས་ང་ཚོས་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་བསམ་བློ་བཟང་པོ་དང་། སྤྱོད་ཚུལ་བཟང་པོ། སྙིང་སྟོབས་བཟང་པོ་བཅས་ལ་སློབ་སྦྱོང་ཧུར་ཐག་བྱས་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་སྤེལ་ཆེན་པོ་བཏང་སྟེ་བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་ཐོག་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་ཟླ་6ཚེས་30ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོར་ཕེབས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཞི་རིམ་ཏང་ཡོན་རྒན་གྲས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་དུས་ཆེན་གྱི་འཚམས་འདྲིའང་ཞུས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞོལ་ཀོང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་དབང་སྟོབས་རྒྱལ་བཅས་འཚམས་འདྲི་ཞུ་བར་ལྷན་དུ་ཕེབས་ཡོད།

    ཝུའུ་དབྱིང་ཅེས་ལོ་80ལ་སླེབས་པ་དང་ཏང་ལོ་41ཟིན་པའི་ཏང་ཡོན་རྒན་གྲས་སྐལ་བཟང་དབང་ཕྱུག་དང་། གཞི་རིམ་ལས་བྱེད་པའི་འགན་ལོ་མང་འཁུར་མྱོང་བའི་ཏང་ཡོན་རྒན་གྲས་བློ་གྲོས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ཆོས་འཛོམས་བཅས་ཀྱི་ཁྱིམ་དུ་སྔ་རྗེས་སུ་ཕེབས་ཏེ་ཁོང་ཚོའི་ཁྱིམ་ཚང་གི་གནས་ཚུལ་དང་། ཡོང་འབབ། འཚོ་བའི་གནས་ཚུལ་བཅས་བྱམས་བརྩེའི་ངང་བཀའ་འདྲི་གནང་བའི་ཁར། ཁོང་ཚོར་ནུས་ཤུགས་ལྷག་མ་མུ་མཐུད་བཏོན་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུའི་སྐུལ་ལྕག་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་རེའི་ཏང་ལ་ད་ལྟ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ནི་གུང་ཁྲན་ཏང་མི་མི་རབས་མང་པོས་དུས་ཡུན་རིང་པོའི་ནང་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་། ཏང་ཡོན་རྒན་གྲས་ཚོས་ཏང་དང་གསར་བརྗེ་དང་། བོད་ཀྱི་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་ནང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་དེ་ནི་ཏང་གི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོན་རྒན་གྲས་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་སློབ་སྦྱོང་དང་འཚོ་བར་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་བྱེད་བཞིན་ཡོད། ད་རེས་ངས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁྱེད་ཚོར་ལྟ་བར་ཡོང་དོན་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཚང་མར་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་བརྒྱུད་བསྒྲགས་དང་ཚང་མའི་སློབ་སྦྱོང་དང་འཚོ་བ་ཇི་འདྲ་ཡོད་མེད་ཤེས་རྟོགས་བྱ་ཆེད་ཡིན། ཁྱེད་ཚོས་ཏང་དང་རྒྱལ་ཁབ་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཞིང་། ཁོང་གིས་རེ་བར་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་རྒན་གྲས་ཚོས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ནང་ཧུར་ཐག་ཞུགས་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་། ཆབ་སྲིད་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་བྱ་རྒྱུར་སྣེ་འཁྲིད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན”གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་ལ་རྦད་དེ་བློ་དཀར་སེམས་དཀར་དང་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་འདོན་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་གི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། ལྷག་པར་དུ་རང་ཉིད་ཀྱི་མྱོང་ཚོར་དངོས་ཀྱི་ཐོག་ནས་རྗེས་རབས་གཞོན་ནུ་ཚོར་སློབ་གསོ་རྒྱག་པ་དང་ཆབས་ཅིག་ཁོང་ཚོས་བོད་རྙིང་པའི་དཀའ་སྡུག་ཤེས་རྟོགས་ཐུབ་པ་དང་། སྤྱི་ཚོགས་གསར་པའི་བདེ་སྐྱིད་ལ་གཅེས་འཛིན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཕྱིར་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་སྟག་རྩེར་ཆེད་མངགས་ཕེབས་ནས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་དུས་ཆེན་གྱི་འཚམས་འདྲི་གནང་བ་མ་ཟད། ད་དུང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་དང་དྲོ་སྐྱིད་སྦྱིན་ལུགས་བརྒྱུད་བསྒྲགས་ཀྱང་གནང་བ་རེད།

    ཏེང་ཞའོ་ཀང་དང་བཅས་པ་དང་ཐོག་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོའི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་རྒྱ་མཚོའི་ཁྱིམ་དུ་ཕེབས་ཏེ“འཚོ་བ་གང་འདྲ་འདུག་གམ” “དཀའ་ངལ་གང་ཞིག་འདུག་གམ”ཞེས་རྒྱ་མཚོའི་ཁྱིམ་གྱི་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། རྒྱ་མཚོས“གང་ཅིའི་ཐད་ལ་གནངས་དག་མི་འདུག ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་ཆེན་པོ་གནང་གི་འདུག འདི་ལོ་ངའི་ཁྱིམ་ལ་བཞོན་མ་3གནང་ནས་དབུལ་སྐྱོར་ཕྱུག་འགྱུར་བྱེད་དགོས་གསུངས་ཀྱི་འདུག ངས་འདིར་ནང་མི་ཚང་མའི་ཚབ་ཞུས་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཞུས་པར་ཏེང་ཞའོ་ཀང་དགའ་ཞིང་ཐུགས་བློ་བདེ་པོ་བྱུང་བ་རེད།

    ཁོང་གིས་སང་ཉིན་ནི་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་འཁྲུངས་སྐར་རེད། ད་རེས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་དོན་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ལ་བརྒྱུད་བསྒྲགས་བྱས་ནས་ཚང་མར་ཏང་གི་དྲོ་སྐྱིད་ཚོར་དུ་འཇུག་རྒྱུ་དེ་ཡིན། རྒྱ་ཆེའི་ཏང་ཡོན་གྱིས་ཏང་ཡོན་ཡིན་ཕྱིན་ཏང་ལ་དགའ་ཞེན་དང་ཏང་གི་ཆེད་དུ་ལེགས་སྐྱེས་སུ་འབུལ་དགོས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ་མ་ཟད། ད་དུང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྣེ་ཁྲིད་དང་། ངལ་རྩོལ་ཕྱུག་འགྱུར་བྱ་རྒྱུའི་སྣེ་ཁྲིད། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྣེ་ཁྲིད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྣེ་ཁྲིད། ཀུན་སྤྱོད་ཚད་རྒྱུག་འཛུགས་རྒྱུའི་སྣེ་ཁྲིད་བཅས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུ་རེད་ལ་ཁྱེད་ཚོའི་འཚོ་བའང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བསོད་ནམས་སྒྲོལ་དཀར་ནི་བདེ་ཆེན་གྲོང་ཚོའི་ཚོགས་ཆུང་དང་པོའི་ཏང་ཡོན་ཚོགས་ཆུང་གི་ཙུའུ་ཀྲང་ཡིན། ཏེང་ཞའོ་ཀང་ཁོང་གི་ཁྱིམ་དུ་ཕེབས་སྐབས་བསོད་ནམས་སྒྲོལ་དཀར“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སྐོར་སློབ་སྦྱོང་བྱས་པ་རྣམས་ཟིན་བྲིས་རྒྱག་བཞིན་ཡོད། ཏེང་ཞའོ་ཀང་གིས་བསོད་ནམས་སྒྲོལ་དཀར་གྱི་ཟིན་བྲིས་ལ་གཟིགས་ཀྱིན“འཚོ་བ་གང་འདྲ་འདུག” “ཁྱེད་ཀྱིས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ལ་བསམ་འཆར་གང་ཡོད”ཅེས་ཅི་འཕྲོས་མོལ་འཕྲོས་ཀྱང་གནང་། བསོད་ནམས་སྒྲོལ་དཀར་གྱིས“ད་ཕན་ལོ་ཤས་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་དག་རང་ལྗོངས་ཀྱི་དོན་དངོས་དང་མཐུན་གྱི་འདུག ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་སྐྱིད་དུ་འགྲོ་གི་འདུག”ཅེས་ཞུས། ཏེང་ཞའོ་ཀང་གིས་བསོད་ནམས་སྒྲོལ་དཀར་ལ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་ལ་བརྟེན་ནས་རང་ཉིད་ལ་དྲག་ཆས་སྤྲོས་པ་དང་ལས་དོན་ལ་སྐུལ་འདེད་གཏོང་བ། གྲོང་མིའི་སྣེ་འཁྲིད་དེ་འབྱོར་ཕྱུག་ཡོང་བ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ་ཚད་ལོན་པའི་ཏང་ཡོན་ཞིག་བྱེད་དགོས་ཞེས་ལྕག་སྐུལ་གནང་བ་རེད།

    ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་སོགས་ཚོགས་སྤྱིར་དམིགས་ཏེ་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ཀྱི་གནས་ཚུལ་དངོས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་དང་། འཚོ་བའི་གནས་ཚུལ་མཐིལ་རྟོགས་བྱེད་པ། གནས་ཚུལ་དངོས་ཁོང་དུ་ཆུད་པ་བྱེད་པ་བཅས་ཀྱི་ཐོག་ནས་དུད་ཚང་གཅིག་ཀྱང་མ་ལུས་པ་དང་མི་གཅིག་ཀྱང་མ་ལུས་པ་བྱེད་ཐུབ་པ་བྱེད་དགོས་པ་དང་། དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་དང་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤེལ་རེས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་ཁོང་ཚོར་ཀྲུང་དབྱང་གི་ཐུགས་ཁུར་དང་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་དུ་འཇུག་དགོས་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ཡོན་རྒན་གྲས་མིག་དཔེར་འཛིན་པ་དང་། གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། སྲོལ་རྒྱུན་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།