ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་དྲ་སྦྲེལ་ཏང་དོན་ཨུ་ལྷན་གྱིས་ལྷ་སར་ལྗོངས་ཡོངས་ཀྱི་དྲ་སྦྲེལ་ཁོངས་གཏོགས་ཀྱི་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་ཚོགས་འདུར་ཞུགས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་དྲ་སྦྲེལ་ཁོངས་གཏོགས་ལ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་སྦྲེལ་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ཅང་ཅེས《2016ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དྲ་སྦྲེལ་ཁོངས་གཏོགས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
ཏེང་ཞའོ་ཀང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ལྗོངས་དྲ་སྦྲེལ་ཏང་དོན་ཨུ་ལྷན་གྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། ལྗོངས་ཡོངས་ཀྱི་དྲ་སྦྲེལ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཏང་དོན་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
ཏེང་ཞའོ་ཀང་གིས་དྲ་སྦྲེལ་ཁོངས་གཏོགས་སུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་དྲ་ཐོག་དྲ་ཕྱི་གཅིག་ཏུ་སྒྲིལ་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་མཉམ་དུ་འབད་འབུངས་ཡར་བརྩོན་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་ལ། དྲ་ཐོག་གི་བོད་འབྲེལ་གླེང་ཕྱོགས་ཀྱི་འཐབ་རྩོད་ལ་རྒྱལ་ཁ་བླངས་ནས་བོད་འབྲེལ་དྲ་བའི་འདུ་ཤེས་འཛིན་སྟངས་བདེ་འཇགས་ཡོང་བའི་འགན་ལེན་གལ་ཆེནཞིག་ཡིན་པ་མ་ཟད། དྲ་སྦྲེལ་ཁྱབ་ཁོངས་སུ་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཡང་ཡིན་པ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དང་དྲ་ཐོག་ཏུ་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ཡང་ཡིན་ཞེས་ནན་བཤད་གནང་བ་རེད།
ཏེང་ཞའོ་ཀང་གིས་ལྗོངས་ཡོངས་ཀྱི་དྲ་སྦྲེལ་ཁོངས་གཏོགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྒུལ་ཤུགས་སུ་བརྩིས་ནས་རང་ལྗོངས་ཀྱི་དྲ་བའི་ཆ་འཕྲིན་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་སྟེ། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་དེ་བརྗོད་དོན་གཙོ་བོ་དང་གཙོ་ཐིག་ཏུ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་། མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱ་ཐབས་གསར་གཏོད་བྱས་པ་བཅས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་ཏང་གི་གསུང་སྒྲ་དེ་དྲ་རྒྱའི་འཁོར་རྒྱའི་ནང་སྐད་ཤུགས་ཆེ་ཤོས་སུ་འགྱུར་བ་བྱེད་དགོས་པ་དང་། གཉིས་ནས་དྲ་སྦྲེལ་གྱི་ཏང་འཛུགས་སྐྱོང་ལས་དོན་སྲ་བརྟན་དང་ཟབ་ཏུ་གཏོང་རྒྱུ་དེ་རྨང་གཞིའི་ལས་གཞིར་བརྩིས་ནས་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་བྱ་ཐབས་གསར་གཏོད་བྱས་ནས་ཏང་གི་དྲ་སྦྲེལ་འགོ་ཁྲིད་དབང་ཆ་དམ་འཛིན་ཏན་ཏིག་བྱེད་དགོས་པ། གསུམ་ནས་དྲང་ནུས་བརྒྱུད་བསྒྲགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་བླང་བྱར་བརྩིས་ནས་དྲ་རྒྱའི་ནང་དོན་འཛུགས་སྐྱོང་དང་། གཡུལ་ས་འཛུགས་སྐྱོང་། སྲིད་དོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་གསུང་སྒྲ་ཚང་མས་གོ་བ་དང་དེའི་བཀའ་ལ་ཉན་ཐུབ་པ་བྱེད་དགོས་པ། བཞི་ནས་དྲ་ཐོག་གི་བོད་འབྲེལ་གླེང་ཕྱོགས་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་གླེང་དོན་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་པ་དང་དྲ་རྒྱའི་གླེང་ཕྱོགས་ཀྱི་འཁོར་རྒྱ་གཙང་སེལ་བྱས་ཏེ་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ། ལྔ་ནས་ཆ་འཕྲིན་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་སྒུལ་ཤུགས་གལ་ཆེན་དུ་བརྩིས་ནས་ཆ་འཕྲིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་གྱི་དབུལ་སྐྱོར་ལས་གཞིར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཀྱིས་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ། དྲུག་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་ལེན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་གཤིས་ཀྱི་བླང་བྱ་དེ་ཨང་དང་པོར་འཇོག་པ་དང་ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་ལ་དམ་འཛིན་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་། ལས་སྒོ་བྱང་ཆུབ་པ། ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱི་དཔུང་ཁག་སྟོབས་ཆེན་ཞིག་ཧུར་ཐག་གཏོད་ནས་རང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།