ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་སྟོད་ལུང་བདེ་ཆེན་ཆུས་དང་། སྙེ་མོ་རྫོང་། འདམ་གཞུང་རྫོང་བཅས་ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ་དེ་གའི་འཁོར་རྒྱུག་དོ་དམ་དང་རྒན་རྒོན་ཚོའི་བསྙེན་བཀུར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། དེ་རྗེས་ལྷ་སའི་ཀྲུང་དབྱང་རིམ་པའི་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་དུ་ཕེབས་ཏེ་དེ་གའི་འཛུགས་སྐྲུན་དང་རྣམ་གྲངས་སྐུལ་སྤེལ་ལ་གཟིགས་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས“ཆུས་གཅིག་དང་རྫོང་གཉིས”ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་འཁོར་རྒྱུག་དང་དོ་དམ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་མི་ཧྲེང་རྒན་རྒོན་ལ་འཚམས་འདྲིའང་བྱས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས་ཚད་ལྡན་ཡོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐྱོང་མི་སྣའི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། ལྟ་རྟོག་ཞིབ་ཚགས་དང་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ་མི་ཧྲེང་རྒན་རྒོན་ཚོ་ཚེ་མཇུག་སྐྱིད་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
ལྷ་སའི་ཀྲུང་དབྱང་རིམ་པའི་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་དུ་བརྟག་ཞིབ་ཚོགས་ཆུང་གིས་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཀྱི་འབྲེལ་ཡོད་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་གྲབས་གསོག་མཛོད་བསྐྲུན་ནས་བེད་སྤྱོད་བཏང་རྗེས་རང་ལྗོངས་ཀྱི་གེགས་འགོག་གེགས་སེལ་མ་ལག་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་ཐེབས་ནས་ལྗོངས་ཡོངས་ཀྱི་གེགས་སེལ་དངོས་ཟོག་གྲབས་གསོག་འགན་ལེན་དང་གེགས་སེལ་འཕྲལ་སྡོམ་འཕྲལ་སྒྲུབ་ནུས་པ་ཆེ་རུ་ཕྱིན་ཏེ་རང་ལྗོངས་དང་ཉེ་འཁོར་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་གེགས་སེལ་དངོས་ཟོག་འགན་ལེན་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།