དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་བོད་ལྗོངས་གསོ་རིག་སློབ་གླིང་མཉམ་དུ་བསྐྲུན་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-28

    ཚེས་24ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་ལྷ་སར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བོད་ལྗོངས་གསོ་རིག་སློབ་གླིང་མཉམ་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་རྣམ་གཉིས་ཀྱིས་གསུང་བཤད་གནང་བ་དང་སྦྲགས་མཉམ་སྐྲུན་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་མཉམ་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་བོད་ཀྱི་བོད་སྨན་དང་བོད་ལུགས་གསོ་རིག་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་ཐུགས་ཁུར་དང་གཅེས་སེམས་བཅང་བ་གང་ལེགས་མངོན་ཡོད། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་ཞིབ་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཡོད་ཅེས་གསུངས་ཤིང་།

    ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་ལྷག་པར་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཐོ་རིམ་སློབ་གསོའི་བྱ་གཞག་ལ་བྱམས་བརྩེའི་ཐུགས་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཁབ་ཀྱི་ཆེད་བཙུགས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཐོ་རིམ་སློབ་གླིང་གཅིག་པུ་དེ་ཡིན་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་བོད་ལུགས་གསོ་རིག་དང་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཐད་གནས་བབ་གལ་ཆེན་བཟུང་ཡོད། དེས་ན་ལྗོངས་དང་ཅུས་ཀྱིས་མཉམ་སྐྲུན་གོ་སྐབས་སུ་བྱས་ནས་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྩ་ཆེའི་མཆོག་ནོར་དེ་སྲུང་སྐྱོང་དང་རྒྱུན་འཛིན་གང་ལེགས་བྱེད་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་གསར་གཏོད་དར་སྤེལ་ཡག་པོ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཐོ་རིམ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཡག་པོ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་ཤེས་ལྡན་མི་སྣ་སློབ་གསོ་གསོ་སྦྱོང་ཡག་པོ་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བོད་ལྗོངས་མཐོ་རིམ་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་ཞེས་གསུངས་པ་རེད།

    ཝང་གོ་ཆང་གིས་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཚོགས་ཆེན་འཚོགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་དེ་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ནང་བཅུག་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་འདེགས་སྐྱོར་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་དགའ་འོས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱིས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་བརྟེན་ནས་ཕྱི་ཕྱོགས་སུ་ཧུར་ཐག་བསྐྱོད་དེ་ཕྱི་ཕྱོགས་དང་དམ་པ་དོན་གཉེར་གྱི་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་བདེ་ཐང་གི་བོད་ལྗོངས་དང་བདེ་ཐང་གི་ཀྲུང་གོ་བསྐྲུན་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཉིན་དེར་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་ཀྲུང་ལུགས་སྨན་རྫས་ཀྱི་མ་བཅོས་རྒྱུ་ཆའི་ཐོན་ཁུངས་སྒུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་ཞབས་ཞུའི་ལྷ་སའི་ས་ཚིགས་བཙུགས་པ་རེད། ཚེས་25ཉིན་སྨན་རྩིས་ཁང་གི་ལོ་རྒྱུས་བཤམས་སྟོན་ཁང་གི་སྒོ་བྱང་བཀལ་བ་དང་འབྲེལ《བོད་ཀྱི་བསྐལ་འཁོར་ལོ་ཐོའི》པར་ཕུད་འགྲེམས་སྤེལ་མཛད་སྒོ་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།