དབུ་ཤོག>སྲིད་དོན།
  • མཚོ་བོད་ལྕགས་ལམ་གཉེར་སྐྱོང་བྱས་ནས་ལོ་བཅུ་འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-27

    ཚེས་25ཉིན་གྱི་སྔ་དྲོར་ལྷ་སར་མཚོ་བོད་ལྕགས་ལམ་གཉེར་སྐྱོང་བྱས་ནས་ལོ་བཅུ་འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་ཁྲུན་ཧྥང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཀྲང་གཞོན་པ་བཟོ་སྐྲུན་ཁང་གི་ཡོའན་ཧྲི་ཐེན་ཧུང་ཆི་བཅས་ཀྱིས་ཤིས་ཚིག་གསུངས་པ་རེད། ལྕགས་ལམ་པུའི་པུའུ་ཀྲང་ཟུར་པ་བཟོ་སྐྲུན་ཁང་གི་ཡོའན་ཧྲི་ཧྥུའུ་ཀྲི་ཧོན་དང་། ཀྲུང་གོ་ལྕགས་ལམ་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན་དཔོན་བཟོ་སྐྲུན་ཁང་གི་ཡོའན་ཧྲི་སུན་ཡུང་ཧྥུའུ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱིའི་བཟོ་བཀོད་པ། བཟོ་སྐྲུན་ཁང་གི་ཡོའན་ཧྲི་བཅས་ཡིན་པའི་ཧོ་ཧྭ་ཝུའུ། ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བཟོ་སྐྲུན་ཁང་གི་ཡོའན་ཧྲི་ཝང་ཨན། རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཁྲུན་ཞའོ་སོགས་རིགས་གཅིག་མཁས་ཅན་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ བོད་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཆེད་མངགས་བོད་དུ་ཡོང་ནས་བགྲོ་གླེང་ཚོགས་འདུར་ཞུགས་མཁན་སྐུ་མགྲོན་ཡོངས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་དང་། དུས་ཡུན་རིང་པོར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་དོན་དུ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ཆེད་དཀའ་སྤྱད་འབད་བརྩོན་གནང་མཁན་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་། གཉེར་སྐྱོང་། དོ་དམ། སྲུང་སྐྱོང་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་མི་རིགས་ཁག་གི་ལས་བྱེད་ལས་བཟོར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ནི་རྒྱལ་ཁབ་ཀྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཡིན་ལ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཧ་ཅང་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ལྡན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་ལ་ཕྱོགས་ཏེ། བོད་ཀྱི“གཞུང་གཉིས་འཕྲེད་གཉིས་དང་། ཐོན་ཁུལ་ཁག་ལྔ། ལྗོངས་ཕྱིར་ཐོན་སྒོ་ཁག་གསུམ”གྱི་ལྕགས་ལམ་དྲ་བའི་སྤྱིའི་བསམ་ཕྱོགས་དང་འཕེལ་རྒྱས་དམིགས་ཚད་བཏོན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དང་རང་འགུལ་ངང་མཐུད་འབྲེལ་གྱིས་བོད་ལྗོངས་འདི་ཉིད་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ། བྷང་ག་ལ་དང་། ཀྲུང་གོ རྒྱ་གར་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བཅས་དང་མཉམ་འདྲེས་སྔར་བས་ཡག་པོ་བྱ་རྒྱུ་དེ་ཡིན། རེ་བར་རིགས་གཅིག་མཁས་ཅན་ཁག་གིས་མུ་མཐུད་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སོ་སོའི་ལེགས་ཆ་འདོན་སྤེལ་གྱིས་ཁྲོན་བོད་ལྕགས་ལམ་ཚུད་པའི་བོད་ཀྱི་འབྱུང་འགྱུར་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་ཆེད་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ནས་རིག་སྟོབས་ཀྱི་འདེགས་སྐྱོར་ཆེན་པོ་བྱེད་དགོས་ཞེས་གསུངས་ཡོད།

    ལུའུ་ཁྲོན་ཧྥང་གིས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་། རྒྱ་ཆེའི་འཛུགས་སྐྲུན་པས་སེམས་ཤུགས་དང་རྔུལ་ཆུ་བཏོན་ནས་མིའི་རིགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་མཛད་རྗེས་རྡོ་རིང་གསར་པ་ཞིག་བསྐྲུན་པ་དང་། གཉེར་སྐྱོང་དོ་དམ་ཐད་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན། མཚོ་བོད་ལྕགས་ལམ་ཀུང་སིའི་ལས་བྱེད་ལས་བཟོ་ཡོངས་ཀྱིས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བཅས་བྱས་པར་བརྟེན། མཚོ་བོད་ལྕགས་ལམ་གཉེར་སྐྱོང་དོ་དམ་ལ་བདེ་འཇགས་རྒྱུན་བསྲིང་བརྟན་པོ་དང་། སྐྱེལ་འདྲེན་ཤར་གཏོང་གེགས་མེད། ཞབས་ཞུ་སྤུས་ལེགས་ནུས་ཆེ། ཁོར་ཡུག་སྲུང་སྐྱོང་ཁྱོན་ཡོངས་ནས་ཚད་ལོན་བཅས་ཀྱི་གྲུབ་འབྲས་ཁྱད་འཕགས་ཐོབ་ཡོད། རེ་བར་རྒྱ་ཆེའི་ཚན་ཞིབ་ལས་དོན་པས་ཚན་ཞིབ་ལག་རྩལ་གསར་སྤེལ་དང་གསར་གཏོད་འབྲས་བུ་གཞན་སྒྱུར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། མཚོ་བོད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ལྕགས་ལམ་འཕེལ་རྒྱས་ལ་སྐུལ་མ་གཏོང་རིང་བྱས་རྗེས་ཧུར་ཐག་བཞག་སྟེ་བོད་ལྗོངས་དང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་མ་གཏོང་བ་དང་། ལམ་རྒྱུད་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    ཐེན་ཧུང་ཆིས་མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས་འཛམ་གླིང་གི་ལས་གྲྭའི་འཛུགས་སྐྲུན་ལོ་རྒྱུས་ཐོག་ངོ་མཚར་ཞིག་བཏོད་པ་ཡིན་ལ། ཀྲུང་གོའི་ལས་གྲྭའི་རྣམ་གྲངས་གལ་ཆེན་སྒྲུབ་པའི་ཐད་ཀྱི་གསར་གཏོད་དང་གསར་འབྱེད་ཀྱི་གཟི་འོད་འབར་བའི་དཔེ་མཚོན་ཞིག་ཡིན། ལོ་བཅུའི་རིང་མཚོ་བོད་ལྕགས་ལམ་བདེ་འཇགས་གཉེར་སྐྱོང་བྱས་པ་དེ་ཐོག་ནས། ས་མཐོའི་ལྕགས་ལམ་གཉེར་སྐྱོང་དོ་དམ་ལ་གསར་གཏོད་དང་གསར་འབྱེད་ཀྱི་རྩ་ཆེའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། རེ་བར་རྒྱ་ཆེའི་ལྕགས་ལམ་ཚན་རྩལ་ལས་དོན་པས་མུ་མཐུད་ནུས་ཤུགས་འདོན་པ་དང་། ཞིབ་འཇུག་ཟབ་མོ། སྟོབས་ཤུགས་ཆེར་འདོན། གསར་འབྱེད་གསར་གཏོད། རྒྱུན་འཁྱོངས་ལྷོད་མེད་བཅས་ཀྱི་སྒོ་ནས་གནམ་གཤིས་དང་ཁོར་ཡུག་སྐྱོ་བའི་ས་མཐོའི་ལྕགས་ལམ་གཉེར་སྐྱོང་དོ་དམ་ལས་དོན་ཡག་པོ་བསྒྲུབས་ཏེ། ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་ནམ་ཡང་བཀྲག་མདངས་ལྡན་པའི་དར་ཆ་ཞིག་འཛུགས་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།