དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་ཀྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་བོད་སྐྱོར་ཤིན་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-25

    ཚེས་21ཉིན་རྒྱལ་ཡོངས་ཀྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ཁོངས་གཏོགས་ཀྱི་བོད་སྐྱོར་ཤིན་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། ཚེས་22ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་རྒྱལ་ཡོངས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་བོད་སྐྱོར་ཤིན་སྐྱོར་ལས་དོན་ཚོགས་འདུར་ཕེབས་པའི་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མེ་ཁེ་པའོ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་མེ་ཁེ་པའོ་དང་བཅས་པ་བོད་དུ་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་སྤྱི་ཁྱབ་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་དང་ལྷག་དོན་དུ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་བོད་སྐྱོར་ཤིན་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་པ་དེ་ཐོག་ནས་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མངོན་ཡོད། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྣམ་གྲངས་དང་། ཚན་རྩལ། ཤེས་ལྡན་མི་སྣ། ལས་བྱེད་པ་བཅས་ཀྱི་རོགས་སྐྱོར་བརྒྱུད་བོད་ཀྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་རྒྱབ་སྐྱོར་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་བོད་ཀྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་ཁྲོམ་རའི་ལེགས་ཆར་འགྱུར་བ་བྱ་རྒྱུར་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་འགན་ལེན་གང་ལེགས་བྱ་རྒྱུའི་རེ་བ་ཡོད། གཞིས་རྩེ་གྲོང་ཁྱེར་དུ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་དོན་གཅོད་སྒྲིག་གཞི་འཛུགས་པ་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་དུ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ས་ཁོངས་ཟོག་འགྲེམས་ཀྱི་ལྟེ་བའི་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གཏོད་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    མེ་ཁེ་པའོ་ཡིས་ཉེ་བའི་ལོ་ཤས་རིང་བོད་དུ་བརྟག་ཞིབ་བྱས་པ་བརྒྱུད་བོད་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་བ་དངོས་སུ་མྱོང་ཚོར་བྱུང་ལ་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་དང་བརྟན་ལྷིང་གི་དུས་བབ་བཟང་པོ་མཐོང་སྐབས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཀྱི་འདུག་ཅེས་གསུངས། ཡང་ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱིས་དམིགས་བསལ་གྱི་གནས་བབ་གལ་ཆེན་བཟུང་ཡོད་པས། རྒྱལ་ཡོངས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ལྟེ་བར་དམིགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བོད་སྐྱོར་བྱ་ཤུགས་ཆེ་རུ་དང་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་ཀྱིས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་དང་གསོ་སྐྱོང་གང་ལེགས་བྱེད་པ་དང་བོད་ཀྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན། གཞིས་རྩེ་གྲོང་ཁྱེར་དུ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་དོན་གཅོད་སྒྲིག་གཞི་འཛུགས་པ་དང་ཉིང་ཁྲི་གྲོང་ཁྱེར་དུ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྲུན་རྒྱུའི་ཐད་མེ་ཁེ་པའོ་ཡིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་བོད་སྐྱོར་ཤིན་སྐྱོར་ལས་དོན་ཡག་པོ་བསྒྲུབ་ཆེད། རྒྱལ་ཡོངས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཁོངས་གཏོགས་ཀྱི་བོད་སྐྱོར་ཤིན་སྐྱོར་ལས་དོན་ཚོགས་འདུའི་ཐོག གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་རོགས་སྐྲུན་ལས་དོན་སྤེལ་བ་དང་སྤུས་ཚད་སྟོབས་ཆེའི་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལ་ཞབས་འདེབས་ཞུས་ནས་ཕྱི་ཕྱོགས་ཚོང་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱས་ནས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བཅས་བྱེད་དགོས་པ་དང་། གཉིས་ནས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་དམ་པོར་དམིགས་ཏེ་རོགས་སྐྲུན་ལས་དོན་སྤེལ་ནས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་རྒྱལ་མཚམས་བདེ་འཇགས་ཡོང་བ་བྱེད་དགོས་པ། གསུམ་ནས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་རོགས་སྐྲུན་ལས་དོན་སྤེལ་ནས་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་དང་། ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས། སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྒྱུར་བཅོས་ནུས་པ་བཅས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་རོགས་བྱས་ནས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་བྱ་གཞག་ལ་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།